སྨན་འཕགས།

སྔོན་མ་ལུག་རོ་ཁུར་མཁན་གྱི་མྱི་དེ་གློག་བརྙན་ཁང་དུ་ཐོན་འདུག །
ད་རེས། ཁོས་མཇེ་ཤུབས་ཤིག་ཁུར་ནས་ཐོན་གདའ།

ཡུན་རིང་རེ་ཞིང་སྒུག་པའི་བོད་བརྙན་དབུགས་ལྒང་གློག་བརྙན་ཁང་དུ་ཐོན་པ་དང་དུས་གཅིག ། ང་ཡང་གཅིག་ནས། གློག་བརྙན་ལ་བཅངས་བའི་དད་མོས་དང་། གཉིས་ནས། བོད་བརྙན་ཞེན་པའི་ཤ་ཞེན་དེས། ད་ནངས་གློག་བརྙན་ཁང་ཞིག་ཏུ་སོང་ཏེ། དབུགས་ལྒང་ལ་བལྟས་པར་བྱས། གློག་བརྙན་ཁང་སྟོང་པ་དེ་ནས་རང་ཉིད་གཅིག་པུས་བོད་བརྙན་ལ་བལྟས་ན། རང་རེའི་རིག་གནས་ནི། རང་ཉིད་དང་འདྲ་བའི་ཕོ་ཧྲེང་ཁེར་རྐྱང་ཞིག་དང་སྒོ་ཀུན་ནས་མཚུངས་པར་སྙམ་པའི་ཚོར་འདུ་སྐྱོ་སང་ངེ་བ་ཞིག་ངང་གིས་སྐྱེས་བྱུང་།
མ་གཞི་ང་ལ་མཚོན་ན་པདྨ་མ་ཚེ་བརྟན་ལགས་ཀྱིིས་འཁྲབ་ཁྲིད་བྱས་པའི་སྔར་གྱི་གློག་བརྙན་ཀུན་ལ་བལྟས་ཤིང་འགྲོགས་ནས་ཡོང་བའི་བོད་མི་ཞིག་ལགས་པས། ཁོང་གི་བརྩམས་ཆོས་ཁག་ལ་གཞན་ལས་ལྷག་པའི་དགའ་དད་མོས་གསུམ་གྱིས་ཕྱུགས་ཡོད། ཁོང་གི་སྔར་གྱི་གློག་བརྙན་ཁག་དང་བསྡུར་ན། ད་རེས་ཀྱི་གློག་བརྙན་དབུགས་ལྒང་ནི། ནང་དོན་ཁ་གསལ་ཞིང་། གཏམ་རྒྱུད་ཀྱི་བྱུང་རིམ་ལྷོད་བདེ་ཡིན་པ། རང་རེའི་འཚོ་གནས་དངོས་དང་ཆེས་ཁ་ཐག་ཉེ་བའི་སྙིང་དུ་སྡུག་པའི་བོད་བརྙན་རྣམ་དག་ཅིག་ཡིན་པར་འདོད།

དེའང་གློག་བརྙན་དབུགས་ལྒང་གི་མི་སྣ་གཙོ་བོ་དར་རྒྱས་དང་སྒྲོན་དཀར་བཟའ་ཚང་གི་ཕྲུག་གུ་གཉིས་ཀྱིས་མཇེ་ཤུབས་དབུགས་ལྒང་དུ་རྩེད་ཆས་བྱས་པ་ལས་འཕྲོས་ཏེ། ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་བྱུང་དང་འབྱུང་བཞིན་པའི་འབྲོག་ཁུལ་གྱི་ཁྱིམ་ཚང་དཀྱུས་མའི་བུད་མེད་དག་གམ། ཡང་ན་བོད་མི་སྤྱི་ལ་འཕྲད་པའི་ཡིད་སྐྱོ་བའི་ལས་དབང་དག་ཡིད་དབང་འགུག་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་། འཁྲབ་རྩལ་གྱི་ཕྱུགས་པའི་རྣམ་འགྱུར། རྟེན་འབྲེལ་དང་འཁོར་འདས་ཀྱི་བློ་བསླང་བཅས་ལས་རྗེན་པར་མཚོན་པ་ལགས།

འོ་ན། ཅིའི་ཕྱིར་མཇེ་ཤུགས་ཤིག་ལས་འཕྲོས་ཏེ། བོད་མིའི་ལས་དབང་དང་འཁོར་འདས་ཀྱི་བྱུང་རིམ་བྱུང་རིམ་དེ་དག་གཏན་ཕབས་དགོས་པ་ཡིན་ནམ་ཞེ་ན། ངས་བལྟས་ན་གློག་བརྙན་དབུགས་ལྒང་གི་བརྗོད་སྙིང་དངོས་ནི་དབུགས་ལྒང་དཀར་དམར་གཉིས་སམ། ཡང་ན་འཁོར་འདས་གཉིས་ལས་གྲུབ་འདུག །དབུགས་ལྒང་དཀར་པོའམ་མཇེ་ཤུགས་ནི་དད་མོས་དང་། ལྐོག་གྱུར། འཆིང་རྒྱ་དང་། བསླུ་བྲིད་སོགས་ཀྱི་མཚོན་དོན་ཡིན་ལ། དབུགས་ལྒང་དམར་པོ་ནི་རང་དབང་དང་། དོན་དངོས་དང་། ཕུགས་འདུན་དང་། འཚོལ་སྙེག་སོགས་ཀྱི་མཚོན་དོན་ཡིན།

དཔེ་མཚོན་ཞིག་གིས་ཐོག་ནས་བཤད་ན། འཇེ་ཤུགས་ཀྱི་མདུན་དུ་སླེབས་དུས། མངལ་ཆགས་པར་བརྩམས་པའི་རྣམ་ཤེས་ནི་རང་དབང་དང་བདེན་པ་སོགས་ཀྱི་མགོན་སྐྱབས་བྲལ་བའི་ཉམ་ཆུང་བདག་མེད་ཅིག་ཡིན་པ་ཇི་བཞིན། ཆོས་ལུགས་དང་རྨོངས་དད་ཀྱི་ཁ་རྩར་སླེབས་དུས། ང་ཚོ་བོད་མི་རྣམས་ནི་དབུགས་ལྒང་ལས་འཁྲབ་པ་ཇི་བཞིན་ཅི་འདྲ་ཕྲུག་གུ་ཉམ་ཆུང་ནུས་མེད་ཅིག་རེད་ཨང་། དེ་ལྟར་ནའང་། ང་ཚོས་ནམ་ཡང་རྨོངས་དད་ནི་ནོར་བུ་རྩ་ཆེན་ཞིག་ཏུ་འཛིན་ཏེ། རྐུབ་ཤིག་གིས་ཟོས་ན་དཀོན་མཆོག་དང་། ཁ་ཆོ་ལེས་ཚིག་ནས་དཀོན་མཆོག་ཀྱི་དཔེ་ལྟར། རྨོངས་དད་ཀློང་དུ་མགོ་འཁོར་ཏེ་སྒུར་ནས་ཡོད། ད་རེས་པད་མ་ཚེ་བརྟན་ལགས་ཀྱིས་དོན་དེའི་ཉེས་ཚབས་རང་བཞིན་ལེགས་པར་གཟིགས་ཏེ། གློག་བརྙན་དབུགས་ལྒང་བརྒྱུད། བོད་མི་རྣམས་ལ་ད་ནི་ང་ཚོ་རྨོངས་དད་ཀྱི་རྒྱ་ལས་སད་རན་འདུག་ཅེས་དྲན་སྐུལ་བྱས་པ་ཅི་ལ་མིན།

གཞན་ཡང་། དབུགས་ལྒང་དུ་མི་མང་པོ་ཞིག་གི་འདྲི་ཚིག་ཏུ་གྱུར་པའི་ལུས་དགོན་སར་ཡོད་ཀྱང་སེམས་མི་སྐྱ་ལ་ཞིག་འཁོོར་བའི་ཇོ་མོ་ཞིག་གི་གཏམ་བརྒྱུད་བསྣན་འདུག །དེ་ནི་གློག་བརྙན་ནང་གི་མི་སྣ་གཙོ་བོ་སྒྲོན་དཀར་དང་འདྲ་བར། ཆོས་ལུགས་དང་དད་མོས་ཀྱི་དཀག་སྡོམ་འོག་སོ་སོའི་མི་ཚེའི་འཚོལ་སྙེགས་དང་། རང་དབང་དང་། དོན་དངོས་བཅས་ལ་དགའ་བཞིན་དུང་བཞིན་དེ་དག་ལ་ངོ་ལོག་བརྒྱག་དགོས་ཐུག་པའི་སྐྱོ་གར་གྱི་དཔེ་མཚོན་བསྟན་པའོ། །

༢༠༢༠/༡༡/༢༠