ལོ་ཡག
གཅིག

ཉིན་དུ་མར་བསྒུགས་པའི་ཉི་མའི་འོད་ཟེར་དེས་སྒེའུ་ཁུང་གི་དྲ་བ་བརྒྱུད་དེ་ཉལ་ཁང་ནང་དུ་འཕྲོས་ཤིང་། ཉལ་ཁེབས་ཀྱི་ཐོག་ཏུ་འོད་ལམ་ལམ་དུ་འཚེར་འདུག ཁོ་མོ་གཞི་ནས་ལངས་འདོད་ལ་མི་འདོད་པའི་ཚུལ་གྱིས་མལ་ལས་ལངས་ཏེ། དུས་ཡུན་རིང་པོར་དལ་མོའི་ངང་ནས་སྤྱོད་མ་མྱོང་བའི་སོ་མང་དེས་མགོའི་སྐྲ་ལོ་དལ་མོར་ཤད་རྗེས། ལག་ཏུ་ཅི་ཡང་མ་ཁྱེར་ཅིང་མཆན་ལའང་གང་ཡང་མ་བཙིར་བར།  དལ་ལྷོད་རིན་པའི་གོམ་སྟབས་སྤྱད་ནས་རྡོ་སྐས་ཀྱི་སྟེགས་ཐེམ་རེ་རེ་ནས་བབས་ཏེ།

ཉལ་ཁང་གི་སྒོ་ཁར་སླེབས་དུས། ཅི་ཡིན་ཆ་མི་འཚལ་བར་སྟོང་ལྷང་ལྷང་གི་སེམས་བྱུང་ཞིག་འགོག་མ་ནུས་པར་འུར་འུར་དུ་ལྡང་བའི་གྲང་རླུང་བཞིན་སེམས་ཀྱི་མཐིལ་དུ་ངར་གྱིས་ལྡང་སོང་།

དགེ་རྒན་དཔལ་ལྡན་གྱིས་ཅི་ཞིག་བྱེད་བཞིན་ཡོད་དམ། ད་ལྟ་ཁོང་གཞུང་སྒྲུབ་ཁང་གི་འདུག་སྟེགས་ཤིག་གི་ཐོག་ཏུ་བསྡད་ནས། གདོང་ཐོག་གི་མིག་ཤེལ་ནག་པོ་དེ་ཡར་འདེད་མར་འདེད་བྱེད་བཞིན་སློབ་བུ་དག་གི་ལས་བྱ་འཆོས་བཞིན་ཡོད་དམ། ཡང་ན། རྒྱབ་ལག་ཅིག་བྱས་ཏེ་ནུས་པ་གང་ཡང་འདོན་མི་ཐུབ་པའི་ས་གནས་ཏེ། སློབ་རའི་རྩལ་སྦྱོང་ར་བ་རུ་ཡར་འགྲོ་མར་འགྲོ་བྱེད་བཞིན་ཡོད་ངེས། “མ་གཞི་གནས་སྐབས་ཁོང་ལ་བོད་ཡིག་སློབ་ཁྲིད་མེད་ཡ།”ཁོ་མོ་དེ་ལྟར་ཅི་ཡང་དྲན་ཞིང་ཡང་ཅི་ཡང་དྲན་དུ་མི་ནུས་པར་ཤེས་མེད་ཚོར་མེད་ངང་རྒན་དཔལ་ལྡན་གྱི་གཞུང་སྒྲུབ་ཁང་གི་སྒོ་ཁར་སླེབས་འདུགཁོ་མོས་ཐབས་ཟད་པའི་མིག་མདངས་ཀྱིས་གཞུང་སྒྲུབ་ཁང་གི་ཕྱོགས་ལ་ལྟ་ཞོར་མཐོ་གསུམ་འཛིན་གཉིས་ཞེས་རྒྱ་ཡིག་གིས་བྲིས་འདུག་པའི་སློབ་ཁང་དེའི་ནང་དུ་འཛུལ།སློབ་གྲོགས་བསོད་ནམས་ཀྱིས་ཁོ་མོ་ལ་འཛུམ་ཆུང་ཞིག་ཀྱང་སྟོན་ཁོམ་མེད་པར་དཔེ་ཆ་ཁྱེར་ནས་ཕྱི་རུ་བུད། “ཁྱོད་གནད་འགག་འདི་འདྲ་ལ་སླེབས་དུས་འདི་འདྲ་བྱེད་བཞིན་བསྡད་ན་ངོ་མ་མི་བསམ་མེད་ཅིག་རེད།”སློབ་གྲོགས་དབང་འདུས་ཀྱིས་ལག་གི་དངོས་པོ་དེ་ཁ་ནང་ལ་ཟ་ཞོར་ཁོ་མོར་དེ་ལྟར་སྨྲས་སོང་། ཁོ་མོས་ལན་ཞིག་གདབ་འདོད་ཀྱང་ཚིག་གཅིག་ཀྱང་མིད་པ་ལས་ཕྱི་རུ་ཐོན་མ་ཐུབ་པར་ཡུན་རིང་འགོར་སོང་།དེ་དུས་སློབ་གྲོགས་དབང་འདུས་རང་གི་འདུག་སྟེགས་ཀྱི་ཕྱོགས་ལ་ཕྱིར་ལོག་སོང་། སློབ་གྲོགས་མཚོ་མོས་རྒྱུགས་ཤོག་དེ་བཟུང་ནས་འདུག་སྟེགས་ལས་ཡར་ལངས་བ་ན། ཁོ་མོས་དེ་ནིརང་གི་ཕྱོགས་སུ་ཡོང་རྩིས་ཡོད་པ་སྔར་ནས་ཤེས།ཆོས་རྒྱལ་གྱིས“ཁྱོད་ཀྱིས་གནད་འགག་འདི་རུ་སླེབས་དུས་ཤེས་བྱ་གཞན་པ་ལ་སྦྱངས་ཏེ། དུས་ཚོད་ཆུད་ཟོས་སུ་མ་བཏང་ན་དགའ།”ཟེར་ཞོར་འདུག་སྟེགས་ལས་ཡར་ལངས།

མཚོ་མོས “རེ་བ་ཏིལ་འབྲུ་ཙམ་གྱི་དོན་དུའང་ཧུར་བརྩོན་རི་རབ་ཙམ་བྱ་དགོས་ཞེས་རྒན་གྱིས་གསུངས་པ་མིན་ནམ་ཟེར་བཞིན་ཁོ་མོའི་གམ་དུ་སླེབས་པར་གོམ་པ་ཕྱེད་ཀྱི་བར་ཐག་ལས་མེད་རུང་། སློབ་གྲོགས་ཆོས་རྒྱལ་གྱིས་འདི་ནི་མཐོ་རྒྱུགས་ཀྱི་ལག་ཆ་ཙམ་མ་རེད།”ཟེར་བའི་སྒྲ་དེས་མཚོ་མོའི་གཉིད་དུ་ཡུར་བའི་ཁོང་ཁྲོ་དང་བག་ལ་ཞ་བའི་འཁང་ར་གཞི་ནས་བསླངས་ཟིན་པ་འདྲ་བས་མོས་ “མ་གཞི་བསླབ་ཚན་འདི་ལ་སྐར་གྲངས་འདི་འདྲ་མང་པོ་སྟེར་དགོས་དོན་མེད་ཡ།”ཟེར་ནས་དབུགས་རིང་འབྱིན་ཞོར་ད་དུང་བཤད་རྩིས་བྱས་མོད། ཀག་ཀག་ཀག་ཅེས་པའི་སྒྲ་དེས་ཁོང་གཉིས་བར་གྱི་ལབ་གླེང་མཚམས་བཅད་སོང་། མ་གཞི་ལྷིང་འཇགས་ཟེར་བ་དེ་ནི་འཛིན་བདག་ཀྲང་ལགས་ཀྱི་སྒེར་ནོར་ཡིན་པ་དང་འདྲ་བར། མོའི་ཀག་ཀག་ཀག་ཟེར་བའི་གོམ་སྒྲ་ཐོས་ཡོང་བའི་དུས་དེ་མ་ཉིད་ལ་སློབ་ཁང་འདི་ཁུ་སིམ་མེར་འགྱུར་སྲིད། “མཐོ་གསུམ་སློབ་མ་ལ་ཁ་བརྡ་བྱེད་པའི་དུས་ཚོད་ཅིག་འདུག་གམ”ཟེར་ནས་འཛིན་བདག་ཀྲང་ལགས་ཀྱི་ཁྲོ་ཉམས་དགུ་བརྩེགས་ཀྱི་གདོང་དེ་སློབ་ཁང་གི་ནང་དུ་བསྐྱལ་ཡོང་། སློབ་ཁང་ནང་དུ་འཛུལ་རྗེས་ཅུང་མ་འགོར་བར་མོས“ཁྱོད་ཚོས་རྒྱུགས་ཤོག་བྲིས་ཚར་རམ”ཞེས་དྲིས་ཀྱང་།དེ་ལ་ལན་འདེབས་མཁན་དང་འདེབས་ཕོད་མཁན་སུ་ཡང་མ་བྱུང་བས་དྲི་བ་དེ་ནི་སློབ་ཁང་གི་བར་དབྱིངས་སུ་ལུས།

“་་་་་་མཐོ་རྒྱུགས་འཕྲོད་དཀའ།”རེད་ཡ།རྒན་ཀྲང་ལགས་ཀྱིས་གསུངས་པ་ཇི་བཞིན་མཐོ་གསུམ་དུ་འཕར་བའི་ཉིན་དེ་ནས་བཟུང་། དགེ་སློབ་ཡོངས་རྫོགས་ལ་དབང་བ་ནི་བྲིས་ན་ཚར་དུ་མེད་བའི་རྒྱུགས་ཤོག་ཡིན་ལ།བཟུང་ནས་མི་ཚར་བའི་ཤེས་བྱའི་དཀའ་གནད་ཀྱིས་ཁེངས་འདུག  དེ་བས་དགེ་སློབ་ཡོད་དོ་ཅོག་ནི་འཚབ་འཚུབ་ཀྱི་གནས་ནས་ནམ་ཡང་ཐར་མི་ཐུབ། འོན་ཀྱང་། ཁོ་མོ་ནི་དེ་ལས་ཚེ་ཐར་ཐོབ་ཟིན་པའི་སྟོན་མཇུག་གི་ལོ་མ་ཞིག་དང་འདྲ་བར།སློབ་རའི་ཁོར་ཡུག་ཆེན་པོ་འདི་རུ་ཅི་བྱ་གཏོལ་མེད་ངང་གྲང་རླུང་དང་འགྲོགས་ནས་འཁྱམ་བཞིན་ཡོད། དེའི་རྒྱུ་མཚན་ཅི་དང་གནས་ལུགས་གང་ཡིན་པ་ཁོ་མོ་ལ་སྨྲ་འདོད་མེད་ལ་བརྗོད་ཀྱང་མི་ཤེས།

                              གཉིས

སློབ་གསེང་གི་ཅོང་སྒྲ་སིལ་སིལ་དུ་འཁྲོལ་མ་ཐག ཁོ་ཚོ་ནི་བཅིངས་ཐག་ལས་གྲོལ་བའི་འབྲོང་རྒོད་ཇི་བཞིན་ཁྱོད་སྔ་ང་མགྱོགས་བྱས་ཏེ།རྩལ་སྦྱོང་ར་བར་རྒྱུག སློབ་གཙོ་ཡོད་སའི་མཐོ་ཁང་དེ་རུ་མི་ཚོགས་འདུས་པས་ཟང་ཟིང་གི་འཇིག་རྟེན་ཞིག་ཏུ་གྱུར་ཟིན། ཡར་འགྲོ་བའི་གོམ་ཁ་འདི་ནས་བཅག་ལ། མར་བགྲོད་པའི་འཚུབ་ཆས་དེད་པའི་གོམ་ཁ་ཡང་འདི་ནས་གནས་སྤར་དགོས་པས་ཡུལ་འདི་ནི་གུ་དོག་པའི་གནས་ཤིག་ཏུ་གྱུར། དུས་དང་སྐར་མ་ནི་མིའི་ཡར་འབྱིན་པའི་དབུགས་དང་ཕྱིར་འཐེན་པའི་དབྱུགས་ཀྱི་རྒྱུ་བ་དང་བསྟུན་ནས་སྐད་ཅིག་ཙམ་ཡང་མི་སྡོད་པར་ཟད་བཞིན་ཡོད། སློབ་གཙོའི་སྒོ་ཁར་འཚོག་བཞིན་པའི་མི་ནི་སྔར་ལས་ཀྱང་གྲངས་ཇེ་མང་དུ་གྱུར་པས། ས་རུ་རྐང་པ་འཇོག་ས་མེད་པར་གྱུར་ཏེ་འཕག་འཚག་མི་བྱེད་ཐབས་དང་བྲལ།མཐར་ཁོ་མོ་སློབ་གྲོགས་སྟོབས་ལྡན་གྱི་ཤུགས་ཆེན་གྱི་རྩལ་དེས་མི་ཚོགས་ཀྱི་བར་ལས་ཐར་ཏེ་ནང་ལ་འཚང་། ཁོ་མོས་དབུགས་ཤིག་ཕྱུང་དགོས་སྙམ་ནས་མགོ་བོ་ཡར་བཀྱག་པ་ན།མིག་ལམ་དུ་མངོན་ཡོང་བ་ནི། ཁོ་མོ་དང་ཐག་མི་རིང་བའི་གནས་དེར། གཙང་ཞིང་ཁོད་སྙོམ་པའི་ཨར་འདམ་ཀྱི་ཐང་ཆེན་ཐོག ཁྲག་གི་གཤེར་ཁུའི་ཁྲོད་དུ།ལག་ཟུང་དམ་པོས་ཤོག་ལྷེ་ཞིག་དྲང་ཁོག་ཏུ་སྦྱར་བའི་མི་ཞིག་འགུལ་མེད་དུ་འགྱེལ་འདུག མི་དེས་ཤོག་ལྷེ་དེ་སྙིང་ཁར་དམ་གྱིས་སྦྱར་ཚུལ་ལ་བལྟས་ན།  ཤོག་ལྷེ་དེ་ལ་འདང་རྩིས་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་པའི་ཞོར་ན། སེམས་སུ་ལན་མེད་པའི་དྲི་བ་མང་པོ་ཞིག་ཀྱང་གཟུགས་ཀྱི་གྲིབ་མ་བཞིན་དུ་འགྲོག་ཡོང་།

                                  གསུམ།

ཕར་བལྟས་ན་ཡ་ཐོད་ལ་མི་སྐྱིད་པའི་མདུད་པ་དགུ་བརྒྱབ་ཡོད་པ་དེར་བརྟག་ན། བཟོད་བསྲན་བྲལ་བའི་སྐྱོ་སྡུག་ཅིག་ཡོད་སྲིད། ཁ་མདོག་ནག་སེར་གྱིས་བསྡེབས་པའི་གདོང་དེའི་ཁྲ་རིལ་དུ་གནས་པའི་མིག་དང་གཤོག་ཟུང་དབྱིབས་ཅན་གྱི་སྨིན་མ་དེ་དང་། གནག་ཅིང་སྟུག་པའི་སྐྲ་ལོ་དེ་དག་ནི་ཁྲག་གིས་ཡོངས་སུ་བངས་ཟིན་པས་ཁོའི་གནས་བབ་དང་ཐོབ་ཐང་གང་ལའང་གསལ་བཤད་བྱེད་མི་ནུས་མོད། འོན་ཀྱང་མཁྲིག་མར་བཏགས་པའི་ཤེལ་དཀར་གྱི་ཕྲེང་རྡོག་དེ་མཐོང་ལམ་དུ་མངོན་ཡོང་བའི་སྐར་ཆ་དེ་མ་ཉིད་ལ། ཁོ་མོའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་དུ་གྱུར།དེ་ནི་དེ་ནི་ཁ་བའི་ལྗོངས་ཀྱི་སྟག་ཤར་གཞོན་པ་ཞིག་སྟེ། ཁོ་ཚོའི་རྒན་དཔལ་ལྡན་རེད། ཁོང་ནི་ཁོ་ཚོའི་སློབ་གྲྭའི་བོད་ཡིག་དགེ་རྒན་ཞིག་སྟེ། སློབ་ཁྲིད་མང་བའི་རྒྱ་ཡིག་དགེ་རྒན་དག་གིས་ཁ་ནས་ལབ་བཞིན་པའི་མི་བསོད་ནམས་ཅན་དེ་རེད། རྒྱུ་མཚན་ནི་ཁོ་ལ་སློབ་ཁྲིད་མེད་པའི་རྐྱེན་གྱིས་སོ།། ཁོ་མོས་ཁོང་གི་གཞུང་སྒྲུབ་ཁང་ནས་ཆུ་ཁོལ་བསྐོལ་རྗེས་རྒྱ་ཡིག་དགེ་རྒན་དག་སྒུག་ནས་བསྡད་ཡོད་ངེས་རེད་དྲན་མྱོང་ལ། དེ་ལས་ད་དུང་ཁོ་ཚོའི་འཛིན་གྲྭར་ཡོང་ནས་སློབ་ཁང་གི་ལྟག་རྒྱབ་ལ་བསྡད་དེ། ལྟག་གི་རྙིང་ཧྲུལ་དུ་གྱུར་བའི་ཤོག་སྒམ་ནང་གི་ཐ་རེ་ཐོ་རེར་གཏོར་འདུག་པའི་བོད་སྐད་ཡིག་ཅེས་པའི་བདག་མེད་གྱུར་ཟིན་པའི་དཔེ་ཆ་དེ་དག་ལ་ཁྲ་རིལ་རིལ་གྱི་མིག་གིས་ཅེར་བཞིན་ཡོད་པའང་དྲན་མྱོང་། མཐའ་ན་ཁོ་མོ་མཐོང་སྐབས་སྐྱ་བུར་གྱུར་བའི་མཆུ་སྒྲོས་དེ་མུར་མུར་ཙམ་བྱས་རྗེས་སླར་ཅི་ཡང་མི་སྨྲ་བར་འགྲོ་བའི་རྣམ་པ་ཡིད་ལ་འཁོར་མྱོང་། དེ་ནི་ཁོང་གིས་དུས་རྒྱུན་པར་སྒྲུབ་བཞིན་པའི་བྱ་བ་ཏག་ཏག་ཡིན་པས་ཁོ་མོའི་བསམ་གཞིག་གི་ཚད་གཞི་ཡང་དེ་ལས་མ་འདས། འོན་ཀྱང་དེ་རིང་འདི་ལྟ་བུའི་གནད་དོན་ཞིག་ནི་ཁོ་མོའི་བློ་ལས་བྲལ་ལ་རྨི་ལམ་ལས་ཀྱང་འབྱུང་མི་སྲིད་པས་འདི་ནི་མངོན་སུམ་ཡིན་མི་སྲིད་སྙམ་ནས་ཡར་ལྟ་མར་ལྟ་འགའ་བྱས་ནས་ཧད་སོང་།

                         བཞི།

ཁོ་མོའི་བློང་བློང་པོར་གྱུར་སོང་བའི་སེམས་ཀྱི་ངོས་སུ། ཚེ་འདི་ལ་བརྗིད་མི་སྲིད་པའི་གཏམ་རྒྱུད་ཅིག་དྲན་ཡོང་། རྒྱུ་མཚན་ནི་ཉིན་དེ་ལ་རྒན་དཔལ་ལྡན་གྱི་མིག་ཆུའི་ཐིགས་པའི་སྒྲ་དེ་ཁོ་མོས་ཐོས་ལ། རང་གི་མིག་ཆུ་རྡོག་པོ་འགའ་ཡང་མཁུར་ངོས་ལས་འགྲིལ་བ་མཐོང་བའི་རྐྱེན་གྱིས་ཡིན་ནོ།།

རྒྱུ་མཚན་ཁོང་ནི་ང་ཚོས་འཛིན་གྲྭའི་ཆེས་མཐའ་མཇུག་གི་བོད་ཡིག་དགེ་རྒན་ཡིན་པ་དང་།  ངེད་ཅག་ཀྱང་ཁོང་གི་ཆེས་མཐའ་མཇུག་གི་སློབ་མར་གྱུར་སོང་།

དེ་ནི་ལོ་དེའི་མཐོ་རྒྱུགས་ལ་ཉེ་བའི་ཉིན་ཞིག་གི་གཏམ་རྒྱུད་དེ། ཁོ་མོ་མལ་ལས་ལངས་ཏེ་མགོ་ཡི་སྐྲ་རིང་མོ་དེ་ཤད་ཁོམ་མེད་པར་སྐད་ཡིག་གི་བསླབ་དེབ་མཆན་འོག་ལ་བཙིར་ནས།མགོ་ཡི་སྐྲ་ལོ་དེ་ལ་བྱིལ་བྱིལ་འགའ་བྱས་ནས་རྡོ་སྐས་སྟེགས་ཐེམ་གྱི་རིམ་པ་གཉིས་རེ་དང་གསུམ་རེར་བརྒལ་ནས་མཆོང་ལྡིང་བྱེད་ཞོར་ལུས་རྩལ་ར་བའི་ཕྱོགས་སུ་རྒྱུགས་པ་ཡིན། དེ་རུ་སྔ་མོ་ནས་འུར་ཆིལ་ལེར་གྱི་དཔེ་ཀློག་གི་སྒྲས་ཁེངས་ཡོད་མོད། འོན་ཀྱང་ཁོ་མོའི་རྣ་ལམ་དུ་ཐོས་ཡོང་བ་ནི་སྔོན་ལྟར་རིན་ཐང་གིས་རིན་གོང་འཕར་འཇལ་བྱེད། ཁྲོམ་ལམ་བགྲོད་པ་དཀའ།ཞེས་ཆབ་སྲིད་དང་རྒྱ་ཡིག་གི་ནང་དོན་དག་གྲལ་དག་པའི་རྒྱ་སྐད་ཀྱིས་འདོན་པ་མ་གཏོགས་གཞན་ཅི་ཡང་མ་ཐོས།དེ་དུས་ཁོ་མོས་རྒན་དཔལ་ལྡན་ནི་སྔར་བཞིན་རྒྱབ་ལག་བྱས་ཏེ། ཡར་འགྲོ་མར་འགྲོ་བྱེད་བཞིན་ཡོད་པ་མཐོང་། ཁོ་མོས་རིན་ཐང་གི་ཆོས་ཉིད། ཟེར་བའི་སྒྲ་དེས་ཁོང་ནི་འདི་ལྟར་ བཅིང་འགྲོ་བའི་ཚུར་སྣང་ཞིག་གཏན་ནས་བྱུང་མྱོང་མེད་མོད། དམར་ནག་གིས་བཏུམས་ཟིན་པའི་གདོང་དང་དམར་པོར་གྱུར་བའི་རྣ་བ་དེ་དག་མཐོང་དུས་སྟོང་ལྷང་ལྷང་གི་སྣང་ཚུལ་ཞིག་རང་དབང་མེད་པར་སྐྱེས་ཡོང་། དེ་དང་འགྲོགས་ནས་འུར་འུར་དུ་ལྡང་བའི་གྲང་རླུང་དེ་ལ་ཁེར་རྐྱང་གི་རང་གཤིས་ཤིག་ལྡན་པར་སྣང་། ཤར་ཕྱོགས་ནས་ཉི་གཞོན་གྱི་དབང་པོ་དེ་འཕགས་ཡོང་དུས། རྒན་དཔལ་ལྡན་གྱིས་ང་ཚོར་ཟ་མ་བཟའ་རུ་སོང་།  སློབ་ཁྲིད་སྐབས་ངས་བོད་ཡིག་བློ་རུ་བཟུང་ཡོད་མེད་ལ་བལྟ་དགོས་ཟེར་རྗེས་སློབ་ཁང་གི་ཕྱོགས་སུ་ཆས་སོང་།

 

ཟ་ཁང་ནི་འདུ་འཛིས་ཁེངས་ཏེ། གཡུ་འབྲུག་འཁྱུག་པ་ལྟ་བུའི་གྲལ་རིང་བོ་ཞིག་སྔར་ནས་སྒྲིག་འདུག  སློབ་གྲོགས་ལ་ལས་ཡར་ལྟ་མར་ལྟ་འགའ་བྱས་རྗེས། ཤུགས་ཀྱིས་རྒྱུགས་ཡོང་ནས་གྲལ་མགོ་རུ་འཚང་། ལ་ལས་ཟས་སྣོད་ཀྱི་ཕོར་ཆུང་དེ་རྡུང་ནས་ཀང་ཀང་ཟེར་བའི་སྒྲ་བར་མེད་དུ་སྒྲོག ཁོ་མོས་དཀར་གཙང་ལྡན་པའི་མོག་མོག་གཉིས་ཁྱེར་ནས་སློབ་ཁང་དུ་སོང་བ་ཡིན། སློབ་གྲོགས་འགའ་ཤས་ཀྱིས་སྤོ་ལོ་བར་ཁྱམས་ཀྱི་ཐང་ལ་རྒྱག་བཞིན་ཡོད་པས། ལྷིང་འཇགས་ལ་མོས་པའི་སློབ་གྲོགས་ཆོས་དབྱིངས་ཀྱིས་སློབ་ཁང་གི་སྒོ་ཤུགས་ཀྱིས་བརྒྱབ་རྗེས། ཁོ་མོས་འདུག་སྟེགས་ཀྱི་ཕྱོགས་ལ་ཡོང་ནས།”རྒན་གྱིས་བློར་འཛིན་ཤོག་ཟེར་བ་དེ་གང་རེད།”ཟེར་ནས་འདྲི་མགོ་བརྩམས།ཁོ་མོས་དེ་ལ་ལན་འདེབས་བསམ་ནས་ཁ་ཕྱིར་འཁོར་དུས། སློབ་ཁང་གི་སྒོ་དེ་ཁྲོག་སྒྲ་དང་བཅས་ཕྱེས་བྱུང་།”བོད་ཡིག་དགེ་རྒན་གྱིས་རྩེ་མོ་སྨྲ་བཞིན་ཡོད་པ་ཁྱོད་ཚོས་ཧ་མ་གོ་འམ།མ་ཤེས་སམ”། ཟེར་ནས་ཚེ་རིང་གི་སྐད་ཆ་རྣ་ལམ་དུ་ཐོས་ཡོང་བས། སློབ་གྲོགས་ཆོས་དབྱིངས་ཀྱིས་ཁོ་མོའི་ལན་སྨྲ་བའི་གོ་སྐབས་འཕྲོག་ནས”སྤྱིར་བོད་ཡིག་ལ་དགའ་བ་མོས་པ་མེད་རུང་། འདིའི་སྐར་གྲངས་དེ་ང་ཚོའི་བསྡོམས་སྐར་ནང་འཇོག་བཞིན་ཡོད་པས།དེས་ངའི་ཨང་རིམ་ལ་ཕོག་ཐུག་གཏོང་བཞིན་ཡོད་པས་ངས་དོ་ཁུར་བྱེད་བཞིན་ཡོད། བོད་ཡིག་དགེ་རྒན་དེའི་སྐད་ཆ་ལ་མི་ཉན་ཐབས་མེད་ཡ། ’’ཞེས་ཟེར། སློབ་གྲོགས་ཚེ་རིང་གིས་སྤོ་ལོ་ལག་ནས་རྩེ་ཞོར་ཡོང་ནས་ཁོ་མོའི་གཡོན་ཕྱོགས་ཀྱི་འདུག་སྟེགས་ཐོག་ལ་རྐང་བ་གཡོན་པའི་སྟེང་ལ་གཡས་པ་བཞག་ནས་བསྡད་རྗེས།ངའོ་སྙམ་པའི་ཉམས་ཀྱིས“ད་ལོར་བོད་ཡིག་གི་རྒྱུགས་བཟང་པོ་འཕྲོད་མི་འདུག་པས་སློབ་གྲྭས་ཁྱོད་ཚོ་ལ་ཁྱིམ་བདག་ཁྲིད་ནས་ཚོགས་འདུ་ཡོད་ཅེས་བརྡ་བཏང་མ་སོང་ངམ།”“འོ་རེད།”མ་གཞི་ཁྱོད་ཚོ་བཅའ་སྡོད་སློབ་མ་ཡིན་པས་ཁྱིམ་བདག་ཁྲིད་མི་དགོས་ན་ཐང་”ཟེར། དེ་དུས་ཁོ་མོས་སྒོ་ཁའི་ཤ་རིད་ལ་གཟུགས་རིང་བའི་མི་ཞིག་གི་གཟུགས་བརྙན་མཐོང་བས། དཔེ་དེབ་ཀྱིས་མོག་མོག་དེ་བསྐུངས་ཙམ་བྱས། མ་གཞི་གཟུགས་བརྙན་དེ་ནི་ཁོ་མོའི་ཨ་ཕ་རེད།བར་ཁྱམས་དེ་ནི་ཁྱིམ་བདག་དག་གི་སྒེར་ས་ཞིག་ཏུ་གྱུར་སོང་། སློབ་ཁང་ནི་ཚ་ཚ་འུར་འུར་དུ་ གྱུར་སོང་ལ་བར་ཁྱམས་ནི་འཚང་ཁས་གང་། ཟང་ཟིང་གིས་ཁྱབ་ཟིན། འོན་ཀྱང་བར་ཁྱམས་གྱི་སྒྲ་དེ་ནི་ཐུན་མིན་གྱི་སྒྲ་སྟེ།”ཆབ་སྲིད་ལས་བྱ་འདིར་ཁྱེར་ཤོག ” འདི་ན་རྒྱ་ཡིག་ལས་བྱ།”

ཟེར་བའི་སྒྲ་དེ་དང་མི་མཐུན་པར།”རྒྱ་ཡིག་གི་ལམ་ནས་ལས་བྱེད་ཀྱི་རྒྱུགས་འཕྲོད་སླ”་་་ཞེས་པས་ཁེངས་འདུག  དེ་ནི་འཇིག་རྟེན་མི་འདྲ་བའི་རིགས་གཉིས་ཀྱི་མི་དག་གི་སྤྱོད་ལུགས་ཤིག་ཡིན་པ་དང་འདྲ།  དེ་བས་ཁོ་མོས་་ཁོ་ཚོ་ནི་ནམ་ཡང་སློབ་ཁང་ནང་གི་འཇིག་རྟེན་འདི་ལ་སླེབས་མ་ནུས་ན་ཅི་མ་རུང་སྙམ་ནས་སྒོ་ལ་ལྟ་སྐབས།  ཚེ་རིང་གི་ཨ་ཕ་ནི་གཡུལ་འགྱེད་ལ་མཁས་པའི་དམག་དཔོན་ཇི་བཞིན་ཁོ་ཚོའི་ཕྱོགས་ལ་ཁྱིམ་བདག་གི་རུ་དམག་ཁྲིད་ནས་སླེབས་བཞིན་ཡོད། མཐར་རུ་དམག་དེ་དག་ནི་སློབ་ཁང་ནང་འདུས་ནས། དམག་དཔོན་གྱི་བཀའ་ལ་ཉན་མགོ་བརྩམས། ཚེ་རིང་གི་ཨ་ཕས་ལག་ཏུ་ཤོག་ལྷེ་ཞིག་བཟུང་ནས“སྙིང་ཉེ་བའི་ཁྱིམ་བདག་རྣམ་པ། སྤྱིར་ན་བོད་ཡིག་གི་སློབ་མས་རྒྱུགས་བཟང་པོ་མི་འཕྲོད་པའི་གནད་དོན་འདི་ནི་བགྲང་བྱ་དུ་མའི་གནད་དོན་ཞིག་ཡིན་ཀྱང་། དེ་ལས་ཚབས་ཆེ་བ་ཞིག་ནི་ད་ལོའི་བོད་ཡིག་འཛིན་གྲྭའི་མཐོ་རྒྱུགས་ཀྱི་རྣམ་པ་འདི་འདྲ་རེད། འདི་ང་ཚོའི་སློབ་གྲྭའི་མཐོ་རྒྱུགས་ཀྱི་ཨང་གྲངས་རེད། བློ་མཐུན་ཚོ།སྤྱིར་ན་བོད་ཡིག་སྦྱོང་མཁན་གྱི་སློབ་མའི་རྒྱུགས་དེ་དངོས་གནས་དཀའ་བ་མ་ཚད། མཁོ་དགོས་ཀྱང་དེ་འདྲ་ཆོད་མི་འདུགདེ་བས་ང་ཚོའི་མི་རིགས་འདིས་ཀྱང་དུས་རབས་གསར་བའི་གོམ་འགྲོས་དང་བསྟུན་དགོས་ན་གསར་གཏོད་ཀྱི་བློ་སྤོབས་ལྡན་དགོས།དེས་ཕྱིར་ང་ཚོས་འཛིན་གྲྭ་འདི་བོད་ཡིག་མེད་པར་བཟོ་བའི་འཆར་གཞི་ཡོད། ཁྱོད་ཚོས་བསམ་བློ་ཞིག་ཐོངས།”ཞེས་བཤད།དེ་དུས་རྒན་དཔལ་ལྡན་གྱིས“སློབ་གཙོ་ལགས། དེ་འདྲ་གཏན་ནས་བྱེད་མི་ཉན། མ་གཞི་འཛིན་གྲྭ་འདི་ནི་སློབ་གྲྭ་འདིའི་ཆེས་མཐའ་མཇུག་གི་བོད་ཡིག་འཛིན་གྲྭ་ཡིན་པས། རང་རིགས་ལ་རིག་གནས་ཀྱི་ས་ཞིང་ཞིག་ངེས་པར་དུ་དགོས་ཡ”ཟེར་བཞིན་བོད་ཡིག་ལས་བྱ་ཁྱེར་ནས་སློབ་ཁང་ནང་དུ་རྒྱུགས་ཡོང་།“རྒན་དཔལ་ལྡན་ལགས།ཁྱོད་ངོ་མ་དེ་འདྲའི་ཁོག་རྒྱ་ལྡན་པ་ཞིག་ཡིན་ན་ཕ་མ་འདི་དག་དང་སློབ་བུ་འདི་དག་གི་མ་འོངས་པར་བསམ་གཞིག་བྱ་རོགས། ཞེས་ཟེར་ནས་ཚེ་རིང་གི་ཨ་ཕ་སྟེ་སློབ་གཙོས་དེ་ལྟར་བཤད་ཀྱང་རྒན་དཔལ་ལྡན་ནི་གོ་བ་མེད་པའི་གླང་རྒན་བཞིན་ཨུ་ཚུགས་གང་མང་བྱས། སློབ་གཙོས་རྒྱང་ལ་ལྟ་ཁུལ་བྱས་ནས་ལན་གང་ཡང་མ་བྱིན། ཁོང་གཉིས་གཏན་ནས་འཐད་པ་མ་བྱུང་བས། མཐར་ཁྱིམ་བདག་ཅིག་གིས་ཤོག་སྒམ་ཞིག་ཁྱེར་ཡོང་ནས་“སློབ་གཙོ་ལགས་ཀྱིས་བློ་ཐབས་དེ་ལ་མཐུན་པ་ཡིན་ན་བོད་ཡིག་གི་དཔེ་ཆ་འདིའི་ནང་ལ་འཇོག་དགོས་ཟེར”ནས་བོད་ཡིག་གི་དཔེ་ཆ་དག་ཤོགསྒམ་ནང་དུ་བཞག   དེ་དུས་ཁོ་མོ་ལ་ཚོར་སྣང་ཡ་མཚན་པ་ཞིག་སྐྱེས་ཏེ།རྗེས་སུ་སློབ་གྲྭ་ཟེར་བའི་འབྲོག་ཕྱོགས་ཀྱི་ན་ཟླ་ཚོས་ཡིད་སྨོན་ཆེས་ཆེར་བྱ་གནས་དེ་ནི་ཡུལ་གཞན་ཞིག་ལ་ཡོད་ན་མ་གཏོགས།ཁོ་མོའི་འཇིགས་རྟེན་ན་དེང་ནས་བཟུང་ཡོད་མི་སྲིད་སྙམ།“བུ་རྒྱུད་ནི་ང་ཚོས་ཁོག་པའི་སྙིང་ཡིན་ལ། དཔྲལ་བའི་མིག་ཡིན་པས་རྒན་དཔལ་ལྡན་ཁྱེད་ཀྱིས་འཇིག་རྟེན་ཕ་མའི་སེམས་ལ་བསམ་བློ་ཞིག་བྱ་རོགས་ཞེས་ཟེར་ནས་ཡར་ལངས་ཡོང་བའི་ཁྱིམ་བདག་དེ་ནི་ཆོས་དབྱིངས་ཀྱི་ཨ་ཕ་རེད།ཁོ་མོ་ལ་ཚོར་སྣང་སྨྲ་མི་ཤེས་པ་དག་སྐྱེས་ཡོང་སྐབས། ཁོ་མོས་ཁང་བའི་སྒེའུ་ཁུང་འགྲམ་ན་བཞག་ཡོད་པའི་ཤོག་སྒམ་དེ་ལ་བལྟས་ནས་། སྒེའུ་ཁུང་གི་ཕྱི་རོལ་གྱི་འཇིག་རྟེན་ཞིག་ནས་ལྡང་ཡོང་བའི་གྲང་རླུང་དེ་སྲིབས་ཀ་གང་རུང་དུ་འཚངས་ཏེ་སྙིང་ལ་གཟན་པའི་ཤུ་སྒྲ་བར་མེད་དུ་སྒྲོག་བཞིན་པ་ཐོས།

“ཡ།མེ་ཏོག་གྲལ་སྒྲིགདྲོ་ཟས་བཟའ་རུ་འགྲོ་དགོས། ཁྱོད་རེམ་མར་ཤོག”“ཨ་ལ་ལ།ཁྱོད་མགྱོགས་པོར་ཤོག་ཡ།”ཟེར་བའི་སྒྲ་དེ་ཐོས་རྗེས་ཨ་ཕས་མེ་ཏོག་ཟེར་ནས་མིང་བྲིས་ཡོད་པའི་དཔེ་ཆ་དེ་ཁོ་མོའི་མདུན་ལ་བཞག་ཡོང་། མཐར་ཁོ་མོས་ལྗིད་ཏིག་ཏིག་གི་དཔེ་ཆ་དེ་ཤོག་སྒམ་གྱི་ནང་ལ་བཞག་རྗེས།ཕྱིའི་སྡོང་བོ་ཞིག་གི་ཡལ་ག་ཆག་པའི་སྒྲ་ཞིག་ཐོས།དེ་དུས་ཁོ་མོ་ལ་དངོས་པོ་རྩ་ཆེན་ཞིག་བོར་སོང་བ་འདྲ་བའི་སྣང་བ་ཞིག་གིས་བཟི་ཡོད་རུང་།དོན་དངོས་ཐོག་ཁོ་མོ་ནི་ཁོ་མོའི་མིང་བཞིན་སློབ་གྲོགས་དང་ཁྱིམ་བདག་གི་ཕྱོགས་ལ་བསྟུན་གང་ནུས་བྱེད་པའི་“མེ་ཏོག་”ཅིག

ལྔ་བ།

དེ་རིང་ཁོ་མོས་མཁྲིག་མའི་ཕྲེང་རྡོག་དཀར་པོ་དེ་མཐོང་བས་་ཡ་ཆུང་རྙིང་ནི་ལྷིང་འཇགས་སུ་གནས་པར་དཀའ། ལ་ལས“ཁོང་ལ་དཀའ་ངལ་མེད་པ་དང་ད་དུང་ཁོམ་པ་ཆེ་བས། ཅིའི་ཕྱིར་འདི་ལྟ་བུ་བྱ་དགོས་པ་ཡིན་ནམ།”ཟེར། ལ་ལས“ངས་དགེ་རྒན་གྱི་འཛུམ་ཆུང་མཐོང་སོང་། དེ་བས་ཁོས་གཟབ་གཟབ་མ་བྱས་པས་ཐོག་ཁང་ནས་ལྷུང་བ་རེད།”ཟེར། ལ་ལས་“ཁོང་ལ་སྐྱོ་སྡུག་ཅིག་ཡོད་ངེས།”ཟེར། ཡང་ལ་ལས“དགེ་རྒན་དཔལ་ལྡན་ནི་འབྲོག་ཕྱོགས་ལ་སླར་ཡང་མངག་པར་དོགས་ནས..”  ཟེར་བ་སོགས་ཀྱི་བཤད་ཚུལ་མང་པོ་བྱུང་།

དྲུག

རླུང་བུ་རྒོད་པའི་ཉིན་ཞིག་ལ། “འདི་ནི་དགོས་མཁོ་མེད་པའི་ཟིན་བྲིས་ཤིག་རེད། ཁྱོད་ཀྱིས་གཙང་དག་བྱས་རྗེས་ཁྱེར་ན་ཆོག”ཅེས་ཟེར། དེ་རིང་དགེ་རྒན་དཔལ་ལྡན་བཤེགས་རྗེས་ཀྱི་ཉིན་བདུན་པ་རེད།རྒྱ་ཡིག་གཞུང་སྒྲུབ་ཁང་གི་བོད་ཡིག་དགེ་རྒན་དཔལ་ལྡན་བཤེགས་རྗེས་ཀྱི་ཉིན་བདུན་པ་རེད།  རྒྱ་ཡིག་དགེ་རྒན་དག་གིས་གཞུང་སྒྲུབ་ཁང་གཙང་དག་བྱེད་བཞིན་འདུག  ཁོ་མོས་རྒན་དཔལ་ལྡན་གྱི་ཟིན་བྲིས་དེབ་དམར་པོ་དེ་ཁྱེར་ནས་སློབ་ཁང་གི་ཕྱོགས་སུ་སོང་།  དེའི་ནང་དུ་རེ་ཞུ་ཡི་གེ་ཞིག་གི་མཇུག་གི་ཚན་པ་ཐུང་ཐུང་ཞིག་ལྷག་ཡོད་པ་ནི་འདི་ལྟར་ཏེ།

ངས་མུ་མཐུད་དུ་འབྲི་རྩིས་ཡོད། ཁྱེད་ཀྱིས་མཁྱེན་གསལ་ལྟར་སྔོན་ཆད་ང་ནི་འབྲོག་ཕྱོགས་ནས་ཡོང་བའི་དགེ་རྒན་ཞིག་ཡིན། སྐབས་དེར་ང་ནི་མི་གྲལ་ལ་མི་ཚུད་པའི་མཛེ་བོ། རྟ་གྲལ་ལ་མི་ཚུད་པའི་བོང་བུ།ལུག་གྲལ་ལ་མི་ཚུད་པའི་ར་མ། བྱ་གྲལ་ལ་མི་ཚུད་པའི་འུག་པ་ཞིག་མིན་རུང་། ཐབས་རྒྱ་ཇུས་སྟོང་གིས་དེ་དང་བྲལ་ཐབས་བྱས།ད་ལྟ་ནན་གྱིས་བསམ་བློ་བཏང་ན། དེ་ནི་ནོར་འཁྲུལ་ཞིག་སྟེ།ངས་བསགས་ཟིན་པའི་ཉེས་པའོ།། དེ་བས་བསྟོད་བསྔགས་དང་བཀུར་བསྟིའི་རྗེས་སུ་འགྲིམས་ནས་དགེ་རྒན་ཞིག་གི་མཚན་ཉིད་ཀྱི་བ་དན་བོར་བས། ང་ནི་མི་རིགས་ཤིག་གི་ལག་ཉེས་མཁན་ཞིག་གོ། བོད་ཡིག་སློབ་ཁྲིད་ཇེ་ཉུང་དུ་སོང་བའི་དུས་དེ་ནས་བཟུང་། ངའི་རྣམ་ཤེས་སྔར་ནས་འབྲོག་ཐང་གི་ཕྱོགས་སུ་ཆས་ཟིན།དེ་བས་འབྲོག་ཐང་དེ་ནི་ངའི་རྨི་ལམ་གྱི་ཞིང་ཁམས་སུ་གྱུར།ཁྱེད་ཀྱིས་ང་ལ་ཟླ་ཕོགས་སྔར་ལས་མང་བ་བྱིན་པ་མ་ཚད། ཡིག་རིགས་གཞན་ཞིག་འཁྲིད་དུ་བཅུག་པ་སྙིང་ཁོང་རུས་པའི་སྟེང་ནས་བཀའ་དྲིན་ཞུ། འོན་ཀྱང་། ང་ནི་དགེ་རྒན་ཞིག་ཡིན། ཁྱད་པར་དུ་སྐད་ཡིག་དགེ་རྒན་ཞིག་གི་ལས་དབང་དེ་ད་དུང་མུ་མཐུད་དུ་རྒྱུན་འཛིན་བྱ་འདོད་པས། གཞི་རིམ་ནི་ངའི་ཟས་ཡིན་ལ་ངའི་སྨན་མཆོག་ཀྱང་དེ་ཉིད་ལས་མ་འདས། དེ་བས། ང་རང་གཞི་རིམ་གྱི་གྲོང་ཚོ་རུ་སྡིག་སྒྲུབ་སྦྱངས་པར་མངགས་རོགས་ཞུ།

                                                དཔལ་ལྡན་གྱིས་ཟླ་དང་པོའི་ཚེས་གཉིས་ཉིན་ལ་བྲིས།

བདུན།

ཁ་བ་བུ་ཡུག་འཚུབ་པའི་ཉིན་དེའི་མཚན་མོ། མཚམས་ཤིག་ལ། ཁོ་མོས་པུས་མོའི་སླ་ང་ས་ལ་བཙུགས་ནས་མགོ་དུད་འགྲོ་བཞིན་དུད་འདུག་པའི་དགེ་རྒན་དཔལ་ལྡན་ནི་ངོ་མ་དུད་འགྲོ་བཞིན་དོ་ཁུར་བྱེད་མཁན་མ་བྱུང་བ་མཐོང་།མཚམས་ཞིག་ལ། ཁོ་མོས་ལུང་ཁུག་ཅིག་གི་རྐང་ལམ་ཕྲ་མོ་དེད་ནས་མག་མོག་གི་རྒྱབ་གཟུགས་ཤིག་རིམ་བཞིན་མུན་ནག་གིས་བཅོམ་པའི་གོ་རིམ་ཡོངས་རྫོགས་མཐོང་།