ཆུ་སྒང་ཤཱཀྱ་ཤེས་རབ།

 

པད་ཚེའི་གློག་བརྙན་གསར་པ་དང་རྙིང་པ་གང་ཡིན་ཡང་། ཐུན་མོང་ལ་མཐུན་ཆ་ཞིག་ཡོད་པ་ནི་ཉམ་ཆུང་ལ་ཐུབ་ཚོད་དང་། མི་རིགས་རང་གི་ཡབ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ཐན་དུ་ལྟ་བའི་རྙིང་བཞི་རྩ་གཏོར་གྱི་བསམ་བློ་ཞིག་གིས་ཁྱབ་ཡོད་པ་དང་། ལྷག་པར་ལོ་ཤས་ནང་གི་གློག་བརྙན་གསར་པ་ཁག་ལ་བལྟས་ན་ཁོའི་གློག་བརྙན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་རྒྱབ་སྐྱོར་གྱི་སྣང་བརྙན་ཇེ་ཆེར་མཐོང་།

 

དེའང་ལོས་ཡིན་ཏེ་ཀྲུང་གོའི་མི་སེར་མང་ཤོས་ནི་དམར་ཕྲུག红粉ཡིན་པས་ན། དེ་དག་གི་ཁམས་མོས་དང་མཐུན་པ་ཞིག་མ་བཟོས་ཚེ་རང་གི་སྒོར་ཁུག་ནམ་ཡང་ཕོ་བ་རྒྱག་མི་སྲིད་པ་ལ་ང་ཚོས་བསམ་ཤེས་བྱ་ཆོག། ལ་ལ་ཞིག་གིས་པད་ཚེ་དང་ནག་མོ་གཡང་མཚོ་སོགས་ནི་རང་རིགས་རིག་གནས་སྤེལ་བའི་ཆེད་དུ་ཚེ་ལུས་སྲོག་གསུམ་བློས་གཏོང་གནང་མཁན་ཡིན་པ་ལས། སྒོར་ཁུག་ལ་བསམ་བློ་མི་གཏོང་མཁན་ཡིན་པར་སེམས་ནའང་། དེ་ནི་ཁོ་རང་ཚོའི་དག་སྣང་ཙམ་ལས་བདེན་ཆ་ཅིའང་མེད་དེ། དཔེར་ན། གཡང་མཚོས“བཅིངས་བགྲོལ་དམག་མི”ཞེས་པའི་གློག་བརྙན་འཁྲབ་པ་ལ་བློ་ཁ་ཕྱོགས་ཤེས་པར་གྱིས། དེ་བས་ནམ་རྒྱུན་རང་རིགས་ཀྱི་ལ་རྒྱ་ཁྱེར་ནས་ཁོ་ཚོས་ཁ་སྟོང་ནང་ནས་ཚིག་སྟོང་བཤད་དུས། ང་རང་དངོས་གནས་ངོ་ཚ་ཡོང་གི་འདུག་སྟེ། ལས་ཀ་དེ་དག་ནི་བོད་ཡུལ་ནས་བྱ་དགེ་བྱིས་དགེ་ཞིག་ཀྱང་མི་བྱེད་པར་རྒྱ་ཡུལ་ནས་གློ་བུར་དུ་སེམས་དཔའ་ལ་ཆགས་ནས་ཉ་རིགས་སྲོག་བླུ་བྱེད་མཁན་གྱི་རྒྱ་བླའི་ལས་ཀ་དང་ཨ་ན་མ་ནའོ།།

 

ན་ནིང་ལོར་ལག་དམར་ཞེས་པའི་གློག་བརྙན་ལ་ལོ་རྒྱུས་སྨྲ་བ་གུར་མགོན་སྐྱབས་ཀྱིས་དགག་པ་ཚ་ནན་བྱས་པ་དང་། དེ་བཞིན་དགུ་རོང་ལ་སོགས་ཏོག་ཙམ་མགོ་ལ་ཀླད་པ་ཡོད་མཁན་ཚོས་གླེང་སློང་སྣ་ཚོགས་བྱས་ནའང་། མི་རྒན་འདིས་ད་རུང་མུ་མཐུད་སྲོལ་རྒྱུན་རིག་གནས་དང་མི་རིགས་འདིའི་སྲོག་རྩ་མ་ཆད་བར་དུ་རྙིང་བཞི་རྩ་གཏོར་དང་རིག་གནས་གསར་བརྗེ་སྤེལ་རྒྱུ་ཡིན་པ་འདྲ་ལ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་བོད་ཡུལ་ནས་རྒྱུན་གཅོད་མ་ཐུབ་ན་ཁོ་རང་ཤི་ཡང་མིག་བཙུམ་རྒྱུ་མིན་པ་མངོན་གསལ་དང་། བོད་མིའི་ཤ་རུས་ཀྱི་དབུས་སུ་ཟུག་པའི་རིན་ཐང་ལྟ་བ་དང་འདུ་ཤེས། ཡབ་མེས་ནས་བརྒྱུད་པའི་ལ་རྒྱ་ལ་འགྲེན་སློང་བྱ་རྒྱུ་ཡིན་པ་འདྲ།

 

ད་ཐེངས་ཀྱི་གློག་བརྙན་དབུགས་ལྒང་ཞེས་པའི་འགྲེམ་བརྡ་ཐོག་མར་བསྒྲགས་དུས་ནས། བོད་མིའི་དད་ཡུལ་སངས་རྒྱས་ཀྱི་སྐུ་ཞིག་དབུགས་ལྒང་དམར་པོའི་ཁ་སྒྲོག་ཏུ་བཀོད་ཡོད་པ་དེར། འབུམ་རམས་པ་བློ་བཟང་ཡོན་ཏན་གྱིས་ཐོག་མར་དྲ་རྩོམ་སྤེལ་ཏེ་སྲུང་ཤུབས་ཀྱི་ཁ་སྒྲོག་ཏུ་སངས་རྒྱས་ཀྱི་སྐུ་སྤྱད་ནས་བོད་མིའི་དད་མོས་ལ་རྡོག་རྫིས་མི་གཏོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། དེ་ནི་གློག་བརྙན་འདི་མ་བསྒྲགས་སྔོན་ནས་ཐོག་མར་བོད་མི་དཀྱུས་མ་ཞིག་གི་ངོས་ནས་དགག་པ་རྒྱག་མཁན་ཐོག་མ་རུ་མཐོང་། ད་ལྟ་བསམ་ན་དེ་ནི་ཤིན་ཏུ་གནད་ལ་སྨིན་པ་ཞིག་རེད། རང་རིགས་ཀྱི་མི་སེར་ཕལ་བ་རྣམས་ཀྱི་དད་མོས་ལ་རྡོག་རྫིས་ནི་དངོས་གནས་དོན་ཆུང་ཞིག་ག་ལ་ཡིན། བྱམས་བརྩེའི་སློབ་གསོ་ལྡན་པའི་སངས་རྒྱས་ཆོས་ལུགས་ཀྱི་དད་ལྡན་མང་ཚོགས་ནི་གུ་ཡངས་ཆེ་བ་རེད་མ་གཏོགས། ཁ་ཆེ་པའི་ལྷ་གཅིག་ཨ་ལའི་སྐུ་པར་ཞིག་སྲུང་ཤུབས་ཁ་སྒྲོག་བྱས་ནས་བསྒྲགས་ན། མཇུག་འབྲས་ཅི་ཞིག་ཡིན་པ་ཁོས་ཀྱང་གསལ་པོར་ཤེས་ངེས། པད་ཚེ་སོགས་ཀྱིས་ནམ་ཡང་འདི་ལྟར་ཉམ་ཆུང་བོད་མིའི་ཆོས་དད་མང་ཚོགས་ལ་བརྙས་བཅོས་བྱ་དོན་ཡང་སྙིང་ག་རེ་ཡིན་ནམ། ཁོའི་རྒྱབ་ལོག་ལ་རི་དང་གཙང་པོ་ག་ཚད་ཡོད་དམ། བོད་མིའི་འདུ་ཤེས་ཀྱི་ཐོག་ནས་སངས་རྒྱས་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་ཐན་དུ་བརྩི་བའི་བསམ་བློ་རྒྱང་སྒྲོག་ཀྱི་ལས་འདི་ཁོ་རང་གི་ཆེད་ལས་སུ་འཛིན་པ་འདི་ཡང་སྙིང་ཅི་ཞིག་ཡིན་ནམ། ལྐོག་གྱུར་གྱི་དོན་འདི་ལ་དངོས་གནས་རང་གཞན་ཚང་མས་བསམ་བློ་འདོན་དགོས་འདུག།

 

དབུགས་ལྒང་ནི་སྲུང་ཤུབས་གཅིག་གི་སྒྲུང་ཡིན་པ་ཁོ་རང་གིས་ལན་གཅིག་མིན་པར་བཤད་ཟིན་པ་ནང་བཞིན། སྲུང་ཤུབས་ཀྱི་སྒྲུང་དེ་ལ་བརྟེན་ནས། བོད་བརྒྱུད་ནང་བསྟན་ནི་བོད་མིའི་བུད་མེད་རྣམས་ཀྱི་རང་དབང་གི་འཆིང་ཐག་དང་། མ་སྨན་རྣམས་ཀྱི་རང་དབང་གི་རྐང་སྒྲོག་ཉག་གཅིག་ཡིན་པ་བསྒྲགས་འདུག།

དེའང་གཙོ་འཁྲབ་མ་སྒྲོལ་དཀར་ལ་བྱིས་པ་ཆགས་རྗེས་མོ་རང་གི་འདོད་མོས་ལྟར་ན། བྱིས་པ་གསོད་རྒྱུ་ལ་སེམས་ཐག་བཅད་པ་དང་སྨན་ཁང་གིས་ཀྱང་གསོད་དགོས་པའི་ལམ་སྟོན་ཡོད་ནའང་བླ་མའི་སྐྱེ་རྟགས་ཀྱིས་བྱ་བ་དེ་ལེགས་ལམ་དུ་མ་མངགས་ཤིང་། དེ་ནས་བཟུང་སྒྲོལ་དཀར་གྱི་གདོང་གི་འཛུམ་མདངས་མེད་པར་གྱུར་པའི་འཁྲབ་ཚན་འདིའི་མགོ་མཇུག་ཁོ་ནས། འཇིགས་སུ་རུང་བའི་དོན་དག་མང་པོ་ཞིག་མངོན་གྱི་འདུག་སྟེ། གློག་བརྙན་འདིའི་ནང་ནས་དབུགས་ལྒང་ངམ་སྲུང་ཤུབས་དེ་ནི་བུད་མེད་གང་གི་རང་དབང་གི་སྲུང་མ་ཉག་གཅིག་ཡིན་པ་མཚོན་པ་དང་། བྱིས་པས་བསམ་བཞིན་མ་ཡིན་པར་སྔས་འོག་གི་སྲུང་ཤུབས་དབུགས་ལྒང་དུ་སྤྱད་པ་ནི་བུད་མེད་ཕལ་བའི་ཁྱིམ་ཚང་གི་གནོན་ཤུགས་མཚོན་པ་དང་། སྲུང་ཤུབས་དེ་བྱིས་པས་དབུགས་ལྒང་ལ་སྤྱད་པ་ནི་ཁྱིམ་ཚང་དེས་བུད་མེད་ཀྱི་རང་དབང་གི་སྲུང་མ་གཏོར་བ་མཚོན་འདུག།  སྒྲོལ་དཀར་གྱིས་རང་མོས་ཀྱིས་བྱིས་པ་གསོད་རྒྱུར་ཐག་བཅད་པ་དང་། མོ་ཡི་རང་མོས་ཀྱི་གདམ་ག་དེར་སྨན་ཁང་གིས་རྒྱབ་སྐྱོར་བྱེད་པ་ནི་འཆར་ལྡན་བུ་སྐྱེ་སྲིད་ཇུས་ནི་བུད་མེད་ཀྱི་རང་དབང་སྲུང་སྐྱོབ་ཀྱི་ཇུས་ཆེན་ཡིན་པ་མཚོན་ཞིང་། བླ་མའི་སྐྱེ་རྟགས་དེས་མོ་རང་གི་རང་མོས་གདམ་ག་ལ་རྒྱབ་སྐྱོར་མེད་པ་དང་། སྐྱེ་རྟགས་དེའི་རྐྱེན་གྱིས་བྱིས་པའི་ཕ་རྒན་གྱིས་མོ་རང་ལ་བྱིས་པ་ངེས་པར་སྐྱེ་དགོས་པའི་དོན་རྐྱེན་སློང་བ་ནི། བོད་བརྒྱུད་ནང་བསྟན་གྱིས་བོད་མིའི་བུད་མེད་ཕལ་བའི་རང་མོས་གདམ་ག་་ལ་གཉའ་གནོན་དང་སྒེར་གཅོད་བྱེད་པ་མཚོན་ཞིང་། དེ་ནས་བཟུང་སྒྲོལ་དཀར་གྱི་གདོང་གི་འཛུམ་མདངས་བོར་ནས་མྱ་ངན་གྱི་ཁྲོད་དུ་ལྷུང་ཚུལ་སྟོན་པ་ནི། བོད་བརྒྱུད་ནང་བསྟན་གྱི་སློབ་གསོའི་འོག་བོད་མིའི་བུད་མེད་ཕལ་བ་ལ་རང་དབང་མེད་པ་དང་། ཆོས་ཀྱི་སློབ་གསོའི་ཁྲོད་བུད་མེད་ལ་རང་དབང་མེད་པས་ངེས་པར་བསམ་བློ་གསར་པས་བཅིངས་བགྲོལ་དགོས་པའི་དོན་ཞིག་ཤུགས་ནས་མངོན་གྱི་འདུག།  གློག་བརྙན་ནང་གི་དབུགས་ལྒང་དཀར་དམར་གཉིས་ཀྱི་མཚོན་བྱ་ནི་དམར་པོ་བུད་མེད་ཀྱི་རེ་བ་དང་། དཀར་པོ་བུད་མེད་ཀྱི་རང་དབང་རེད། བུད་མེད་ཀྱི་རང་དབང་དང་རེ་བ་གཉིས་དབུགས་ལྒང་ཞིག་གིས་མཚོན་པ་ནི། བོད་བརྒྱུད་ནང་བསྟན་དང་བོད་མི་དད་ལྡན་སྐྱེས་པ་རྣམས་ཀྱི་ཁོར་ཡུག་ནས་བུད་མེད་ལ་སྲུང་སྐྱོབ་མེད་པ་མཚོན་ཆེད་ཡིན་པ་འདྲ་སྟེ། དབུགས་ལྒང་ནི་ཤིན་ཏུ་འགད་སླ་བའི་དངོས་པོ་ཞིག་ཡིན།

ང་ཚོས་དོན་འདིར་ཡང་དུ་ཕྱིར་རྟོག་ཞིག་བྱས་ན། བུད་མེད་ཅིག་གིས་བྱིས་པ་གསོད་རྒྱུ་འདི་ཡང་སྙིང་རང་དབང་ལ་བརྩི་བཀུར་ཡིན་ནམ། ཡང་ན་རང་དབང་ལ་རྡོག་རྫིས་ཡིན་པ་ནི་འཛམ་གླིང་ཐོག་གི་བརྗོད་གཞི་ཆེན་པོ་ཞིག་རེད། དོན་འདི་ལ་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མཁས་པ་སོ་སོས་འཛིན་པའི་ལྟ་ཚུལ་ཡང་ཁ་ཁ་རེད། འོན་ཀྱང་པད་ཚེས་བསམ་བཞིན་བྱིས་པ་གསོད་རྒྱུ་ནི་བུད་མེད་ཀྱི་རང་དབང་ལ་བརྩི་བཀུར་མཚོན་པ་ནི་ཀྲུང་གོའི་ཁྲིམས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ལ་བདེན་ཁ་ཕུལ་པ་དང་། རང་རེའི་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ནི་བུད་མེད་ཀྱི་རང་དབང་ལ་རྡོག་རྫིས་ཡིན་པ་བསྒྲགས་ཡོད་པ་དང་། གློག་བརྙན་གྱི་ལམ་ནས་ཆོས་ནི་ངེས་པར་གསར་བརྗེ་དགོས་པའི་དོན་བསྟན་འདུག། འདི་ལ་བསམ་ན་མི་རྒན་པད་ཚེ་ནི་དངོས་སུ་གསོན་འདྲེ་ལ་གྱུར་འདུག་ཨང་།

ནག་མོ་གཡང་མཚོས་འཁྲབ་པའི་བུད་མེད་མི་སྣ་གཉིས་པ་བྱང་ཆུབ་སྒྲོལ་མར་བརྩེ་དུང་གི་འགལ་རྐྱེན་འཕྲད་རྗེས་ཇོ་མོ་བྱེད་པའི་ཚན་པ་འདི་ནི་རྒྱ་མིའི་གློག་བརྙན་ལས་ཡང་ཡང་བྱུང་བའི་ཚན་པ་ཞིག་ལས། རྩ་བའི་ཆ་ནས་བོད་མིའི་བསམ་བློ་མ་རེད། ཇོ་མོ་བྱས་རྗེས་ཡང་ཡང་འཇིག་བརྟེན་ལ་ཞེ་ཆགས་པའི་ཚན་པ་འདིས། བོད་ཀྱི་བུད་མེད་ཀྱི་ཆ་ཤས་སུ་གྱུར་པའི་ཇོ་མོ་རྣམས་ནི་རྣམ་གྲོལ་ཐར་པའི་དོན་དུ་རབ་བྱུང་གི་ལམ་ལ་ཞུགས་པ་མིན་པར། འཚོ་བའི་བཙིར་གནོན་གྱིས་མི་འདོད་བཞིན་དུ་འགྲོ་ས་འདུག་ས་མེད་པར་འུ་ཐུག་ཐབས་ཟད་ནས་ཇོ་མོ་བྱས་པའི་དོན་བསྟན་འདུག།  ཇོ་མོ་བྱས་རྗེས་སྡོམ་པ་ཞུ་དགོས་པ་དང་སྡོམ་པ་ནི་ལུས་ངག་ཡིད་གསུམ་གྱི་རང་དབང་གི་ཟྭ་ཆེ་ཤོས་ཡིན་པའི་དོན་དང་། བོད་མའི་ཇོ་མོ་རྣམས་ནི་དེ་ལྟར་རང་དབང་མེད་པ་ནས་མེད་པར་ཕྱིན་པའི་ཁྱུ་ཚོགས་ཡིན་པ་ཤུགས་ལ་བསྒྲགས་ཡོད་པ་རེད།

དབུགས་ལྒང་ལ་རྒྱལ་སྤྱི་དང་རྒྱལ་ནང་ཁག་ནས་ད་བར་མཚན་སྙན་གང་ལེགས་ཐོབ་པར་གོ་ཐོས་བྱུང་ན། གློག་བརྙན་འདིས་འཛམ་གླིང་མི་མང་དང་ལྷག་པར་རྒྱ་ནག་མི་རིགས་ལ་བོད་མིའི་བུད་མེད་ནི་བོད་བརྒྱུད་ནང་བསྟན་གྱི་གཉན་གནོན་དང་བཤུ་བཞོག་འོག་ཏུ་གནས་ཡོད་པའི་དོན་ཞིག་བསྒྲགས་ཡོད་པར་མཐོང་།

གང་ལྟར་གློག་བརྙན་འདིས་དེང་རབས་དང་སྲོལ་རྒྱུན་གྱི་འགལ་བ། དད་མོས་དང་དངོས་ཡོད་ཀྱི་འགལ་བ། བུད་མེད་དང་དང་སྐྱེས་པའི་འགལ་བ་ཞིག་བསམ་བཞིན་དུ་བཅོས་མ་དང་རྫུན་མའི་འཆར་སྒོ་སྣ་ཚོགས་སྤྱད་ནས་བཟོས་འདུག་ཅིང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་བོད་མིའི་བུད་མེད་ཕལ་བའི་རང་དབང་གི་དགྲ་ཟླར་བཞེངས་སྐྲུན་བྱེད་པ་ནི། བོད་བརྙན་གྱི་ཁོར་ཡུག་ཏུ་རིག་གནས་གསར་བརྗེ་རོ་ལངས་བརྒྱབས་པ་རེད་ཅེས་མི་བཤད་ཀ་མེད་བྱུང་།

དོན་དངོས་ཐོག་དེང་རབས་དང་སྲོལ་རྒྱུན་བར་ལ་འགལ་བ་ཡོད་པ་མ་རེད་ལ། དད་མོས་དང་དངོས་ཡོད་བར་ལའང་འགལ་བ་གང་ཡང་མ་མཆིས་ཤིང་། སངས་རྒྱས་ཆོས་ལུགས་ཀྱིས་བུད་མེད་ཀྱི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་དང་གཉའ་གནོན་གང་ཡང་ཡོད་པ་མ་རེད། དུས་རབས་སྔོན་མར་སངས་ཆོས་དང་བོད་མིའི་སྲོལ་རྒྱུན་ལྟ་བ་ལ་བསམ་བཞིན་དཀར་པོ་ནག་པོར་བསྒྱུར་བའི་ལྟ་བ་ཞིག་ཁྱབ་པ་དེ། ད་རུང་ཡང་པད་ཚེ་སོགས་ཀྱིས་དེ་ཉིད་བསྒྲགས་ཀྱི་འདུག་ན།  པད་ཚེ་ནི་རིག་གསར་སྐབས་ཀྱི་རྒྱང་སྒྲོག་སྐད་སྒམ་རྙིང་པ་ཞིག་རེད་ཟེར་དགོས་པ་འདྲའོ།།

 

༢༠༢༠  ༡༠  ༨ཉིན། ལྷོ་ཟླ་ཟལ་མོ་སྒང་ནས་ཤཱཀྱ་ཤེས་རབ་ཀྱིས་སོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1450