ཤེས་རབ་མཆོག་ལྡན།

ད་ཐེངས་ཀུན་མཁྱེན་དུས་གསུམ་མཁྱེན་པའི་གསུང་འབུམ་པོད་གཉིས་ཅན་ཞིག་རགས་ཙམ་མཇལ་བས་འདིར་གཏམ་ཅུང་ཟད་བཤད་འདོད་པ་ནི་དམ་པ་ཁོང་གི་གསུང་ཆོས་ཀྱི་ཁྱད་ཆོས་ཡིན་ལ། དེ་ལའང་གསུམ་སྟེ།

༡ རྒྱུ་བདག་རྐྱེན་གྱི་ཁྱད་ཆོས་དང་།

༢ ངོ་བོ་བརྗོད་བྱའི་ཁྱད་ཆོས།

༣ འབྲས་བུའི་ཕན་ནུས་ཀྱི་ཁྱད་ཆོས་གསུམ་མོ། །

༡ རྒྱུ་བདག་རྐྱེན་གྱི་ཁྱད་ཆོས་རགས་ཙམ་གླེང་བ་ནི།

འདི་ལ་གསུམ་སྟེ། བསྟན་བཅོས་རྩོམ་པའི་རྒྱུ་དང་པོའི་སྒོ་ནས་ཁྱད་ཆོས་གླེང་བ། བསྟན་བཅོས་རྩོམ་པའི་རྒྱུ་གཉིས་པའི་སྒོ་ནས་ཁྱད་ཆོས་གླེང་བ། བསྟན་བཅོས་རྩོམ་པའི་རྒྱུ་གཉིས་པའི་སྒོ་ནས་ཁྱད་ཆོས་གླེང་བའོ། ། ༡ དེ་ཡང་མཛད་པ་པོ་ཀུན་མཁྱེན་དུས་གསུམ་མཁྱེན་པ་ནི་ཞྭ་ནག་ཅོད་པན་འཛིན་པའི་ཐོག་མ་ཡིན་ཞིང་། ཞྭ་ནག་གི་ཅོད་པན་འདི་ལ་འགྲེལ་བཤད་མཛད་སྲོལ་སྣ་ཚོགས་ཤིག་འདུག་མོད། འདིར་ཐུན་མིན་ཉམས་རྟོགས་ཀྱི་རིམ་པ་དང་འབྲེལ་བའི་སྒོ་ནས་ཅུང་ཟད་གླེང་འདོད། དེའི་རྒྱུ་མཚན་ཡང་དམ་པ་ཁོང་གི་གསུང་ཆོས་ཀྱི་ཁྱད་ཆོས་གླེང་འདོད་པས་ཡིན། དེ་ཡང་འཇིག་རྟེན་མགོན་པོས། ཟབ་དགུ་ཚོགས་སུ་བཤད་ན་ཡང་། །ཉམས་སུ་མ་མྱོང་སྨྲས་པ་མེད། །ཅེས་གསུང་པ་ལྟར་ཁོང་གིས་གང་གསུངས་པའི་ཟབ་དོན་རྣམས་རྗེ་ཉིད་ཀྱིས་ཐུགས་ཉམས་སུ་ཇི་ལྟར་བཞེས་ནས་ཚད་གཞི་གང་ཙམ་ལོན་ཡོད་པའི་ཚུལ་ལ་ཞིབ་ཀྱིས་བསམ་ན་བདག་རྐྱེན་གྱི་ཁྱད་ཆོས་ཤིག་མཐོང་ཐུབ་པ་ཡིན། དེ་ཡང་རྗེ་འདི་ཉིད་ས་ར་ཧ་པའི་སྐྱེ་བར་རྗེ་ཉིད་ཀྱི་ཞལ་གྱིས་བཞེས་པར་གྲགས་ཤིང་། བཞེས་པ་ལྟར་དཔང་རྟོགས་ཀྱི་ཚད་ཀྱང་ལོན་པ་ཡིན་ཏེ། དེ་ལོན་པའི་རྟགས་སུ་ཞྭ་ནག་གི་ཅོད་པན་སོགས་གསང་སྔགས་ཀྱི་རྟགས་ཁྱད་པར་ཅན་མངའ་བ་ཡིན། དེ་ཡང་ཀུན་མཁྱེན་མི་བསྐྱོད་པའི་སྦྱོར་བ་ཡན་ལག་དྲུག་གི་སྙིང་པོ་བསྡུས་པ་ལས། འདི་ལྟའི་སངས་རྒྱས་སུ་བྱེད་པའི་དབང་ལ་མཆོག་དམན་སོད་པའི་དབང་གིས་བྱ་རྒྱུད་ལ་ཆུ་དང་ཅོད་པན་གྱི་དབང་དང་། སྤྱོད་རྒྱུད་ལ་རྡོར་དྲིལ་དང་། རྣལ་འབྱོར་རྒྱུད་ལ་རིག་དབང་ལྔར་ཡོད་པས་ཀྱང་ཤེས་ཤིང་ཅོད་པན་གྱི་དབང་བསྐུར་བ་ལའང་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན་དང་ཕྱག་མཚན་གྱི་དབུ་རྒྱན་དང་ཅོད་པན། རྒྱལ་བ་རིགས་ལྔ་ཡུམ་བཞི་སོགས་ཀྱི་དབུ་རྒྱན་དང་ཅོད་པན་གྱི་རིམ་པ་འབྱུང་བ་ནི། ཅོད་པན་གྱི་དབང་གཅིག་པུ་ལའང་རྒྱུད་སྡེ་གཅིག་གི་ནང་གསེས་ཀྱི་རིམ་པའམ་མི་གཅིག་པ་དུ་མ་འབྱུང་བའང་རྒྱུད་སྡེའི་སངས་རྒྱས་ལ་མཆོག་དམན་དུ་མ་ཡོད་པའི་དབང་གི་རེ་དེའི་ཕྱིར་རྡོ་རྗེ་དང་དྲིལ་བུ་ལའང་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུ་བཀོད་ཚུལ་མི་འདྲ་བ་དུ་མར་འབྱུང་བ་ཡིན་ལ། དེས་ན་རང་རྒྱལ་ཚབ་ཏུ་དབང་བསྐུར་བ་ལ་རང་ནི་རྟགས་དང་ཆ་ལུགས་སོགས་ཀྱི་རྒྱན་དང་ལྡན་པར་བསྐོ་བ་ནི་དགའ་ལྡན་ནས་དམ་པ་ཏོག་དཀར་འཛམ་གླིང་དུ་བྱོན་པ་ན་རང་གི་དབུ་རྒྱན་དང་ཅོད་པན་བྱམས་མགོན་དབུར་བཅིངས་ནས་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟར་ཡིན་ཞིང་། དེས་ན་རང་གི་ཅོད་པན་དང་མཐུན་པའི་བྱ་བ་གྲུབ་པ་ལ་བྱ་བ་དེ་དང་མཐུན་པའི་མིང་བཏགས་ནས་མིང་གི་དབང་བསྐུར་བ་སྟེ་དེའི་ལྟའི་སངས་རྒྱས་ཀྱི་མཚན་ཙམ་འཛིན་པ་ལས་ཀྱང་འགྲོ་བ་རྣམས་མངོན་མཐོའི་ངེས་ལེགས་སུ་དབང་འབྱོར་བར་བྱེད་པ་ཡིན་ནོ། །དེས་གྲུབ་ཆེན་ཀརྨ་པཀྵི་ལ་ཀརྨ་པའི་མཚན་དང་དུས་གསུམ་མཁྱེན་ཞྭ་ནག་གི་དབུ་རྒྱན་དང་ཅོད་པན་ཡང་བླ་ན་མེད་པའི་རྒྱུད་ཀྱི་གདན་གསུམ་ཚང་བའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སར་དབང་བསྐུར་བའི་དབུ་རྒྱན་དང་ཅོད་པན་དང་མིང་གི་དབང་བསྐུར་བ་ནི་འཇིག་རྟེན་རྒྱལ་པོའི་ཆོས་ལུགས་ལྟར་བ་ལས་ཞྭ་དང་ལས་ཀའི་མིང་འདོགས་པ་ལྟ་བུའོ། །ཞེས་གསུངས་པ་ལྟ་བུའི་རིགས་ཚུལ་དུ་མས་ཁྱད་པར་ཅི་ཞིག་སྟོན་པ་ཡིན་ཞེ་ན། རྗེ་རང་ཉིད་ཡི་དམ་ལྷ་ཡི་ངོ་བོར་དངོས་སུ་བཞུགས་ཤིང་བླ་ན་མེད་པའི་རྒྱུད་གྱི་གདན་གསུམ་ཚང་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སར་དབང་བསྐུར་བ་ཉིད་ཀྱིས་བསྟན་བཅོས་རྩོམ་པའི་རྒྱུ་དང་པོ་ལེགས་པར་ཚང་བ་སྟེ། ཞལ་གཟིགས་གནང་བ་ཐོབ་པའི་རྒྱུའི་ཁྱད་པར་རམ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རྒྱུ་ཇི་ལྟར་ཚང་ཚུལ་ནི་འདི་ལས་ལྷག་པ་ཞིག་དགོས་དོན་མེད་པ་ལྟར་ཡོད་དོ། །དེ་ཙམ་དུ་མ་ཟད་ཐུགས་དམ་ལྔ་ཚན་ལྔས་གཙོས་པའི་ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས་ཤིང་གདམས་པ་ཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་སྟེ། འདིར་རེ་རེ་བཞིན་དུ་གླེང་མི་ཐུབ། གཙོ་བོ་ཐུགས་དམ་ལྔ་ཚན་ལྔ་སྟེ། ༡ བདེ་མཆོག ། ༢ ཕག་མོ། ༣ དགྱེས་རྡོར། ༤ སྒྲོལ་མ། ༥ རྟ་མགྲིན། རྗེ་ཉིད་བྱང་བཟངས་སུ་བཞུགས་དུས་སྒྲོལ་མ་དང་བདེ་མཆོག་ཞལ་གཟིགས་ཚུལ་སོགས་ཕྱི་མ་རྣམས་ཀྱང་རིམ་པ་བཞིན་དུ་རྒྱ་ཆེར་ཡོད་ཀྱང་། ཁོང་གི་རྣམ་ཐར་ཁག་ལ་མཇལ་ན་གསལ་ངེས་པ་ཡིན། དེང་གི་ཆར་དཔལ་ལྡན་དུས་གསུམ་མཁྱེན་པའི་ཐུགས་ཀྱི་སྨར་ཆོས་སམ་ཐུགས་དམ་ལྔ་ཚན་ལྔའི་ཉམས་བཞེས་ལྟ་ཅི། གྲངས་འདྲེན་ཙམ་ལ་ཐུགས་རྨོངས་པའི་ཀཾ་ཚང་གི་མཁས་པ་དང་གྲུབ་པ། བླ་མ་དང་སྤྲུལ་ལོ་མི་ཉུང་བ་ཞིག་ཡོད་སྐད་གདའ་བས། འདི་ནས་ཁྱེད་རྣམ་པར་ངོ་སྤྲོད་གསལ་ཐག་ཆོད་ངེས་ཤིག་ཞུས་ཡོད། སྒྲོལ་མ་ལྷ་ལྔ་ལ་སོགས་པའི་ཐུགས་དམ་ལྔ་ཚན་ལྔ་པོ་འདི་དག་གི་མངོན་རྟོགས་རྒྱ་གཞུང་དང་བཅས་པ་རྗེ་དུས་གསུམ་མཁྱེན་པའི་གསུང་འབུམ་པོད་དང་པོའི་ནང་དུ་བཞུགས་འདུག་པས་ཞིབ་གཟིགས་དང་ཉམས་བཞེས་གལ་ཆེ་བ་འདྲའོ། །འདིར་ཟུར་དུ་ཞུ་བྱ་ལ། རྗེ་བཙུན་ཆེན་པོ་ཀརྨ་ཕྲིན་ལས་པའི་རྣམ་ཐར་དྲིས་ལན་དུ་ཀརྨ་པ་ཞེས་པའི་མཚན་འདི་དུས་མཁྱེན་ནས་ཐོག་པར་བཤད་ཅིང་བཤད་སྲོལ་དེ་འདྲ་ཞིག་བྱུང་འདུག་མོད། ཇི་སྐད་དྲངས་པའི་ཀུན་མཁྱེན་མི་བསྐྱོད་པའི་གཞུང་འདི་ལས་གསལ་བ་ལྟར་ན་ཀརྨ་པ་ཞེས་པའི་མཚན་འདི་ཀརྨ་པཀྵིའི་སྐབས་ནས་ཐོག་མར་བྱུང་བར་ཤིན་ཏུ་གསལ་ཞིང་། རྗེ་རང་བྱུང་ཞབས་ཀྱིས་ཀྱང་། ཀརྨ་པ་གཉིས་པ་དང་ཞྭ་ནག་ཅན་གསུམ་པ་ཡིན། ཞེས་གསུངས་པའི་ཚུལ་དག་ལེགས་པར་ཤེས་དགོས་པ་ཡིན། དེ་ལས་གཞན་དུ་མང་དུ་སྨྲས་འདུག་པ་དག་ནི་རྗེ་མི་བསྐྱོད་པའི་གཞུང་འདི་དང་རྒྱལ་བ་རང་བྱུང་བའི་གསུང་ཚིག་དང་མཐུན་དཀའ་བར་འདུག་སྙམ། ༢ ཇི་སྐད་བཤད་པའི་རྒྱུ་ཁྱད་པར་ཅན་དེ་ཡང་རྒྱུ་མེད་རྐྱེན་མེད་དང་སྟབས་ལེགས་སྟེས་དབང་དུ་བྱུང་བ་མ་ཡིན་པར་འབད་ཅིང་བརྩོན་པའི་མཛད་བཟང་ལས་བྱུང་བ་སྟེ། རྗེ་ཉིད་ཀྱི་རབ་ཏུ་མ་བྱུང་བའི་གོང་དུ་ཡབ་ལས་རྙིང་མའི་ཆོས་སྐོར་འགའ་དང་། ལྷ་མོ་རང་བྱུང་རྒྱལ་མོའི་གདམས་པ་སོགས་གསན་ཞིང་། རྒྱ་གར་བཻ་རོ་དང་དཔལ་འཛིན་སོགས་ལ་བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ཞུས། བཅུ་དྲུག་ལོན་ཚེ་ཏྲེ་བོ་མཆོག་གི་བླ་མ་ལས་རབ་ཏུ་བྱུང་། ཇོ་བོ་རྗེའི་སློབ་མ་ཡོལ་ཆོས་དབང་དང་། ཀྲ་ར་བ་སོགས་བསྟེན་ནས་ཇོ་བོའི་བརྒྱུད་པའི་གདམས་པ་གསན། བཅུ་དགུ་པ་ལ་དབུས་སུ་བྱོན་ནས་སྟོད་ལུང་རྒྱ་དམར་བ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ་ལ་བྱམས་ཆོས་དང་དབུ་ཚད་གསན་ནས་མཁས་པར་བསླབས། ཤཱ་ར་བ་དང་ཤེས་རབ་རྡོ་རྗེ་ལ་ལོ་དྲུག་གི་རིང་བཀའ་གདམས་གསན། པ་ཚབ་ལོ་ཚ་ལ་དབུ་མ་བསླབ། རྣལ་འབྱོར་བྱང་སེང་ལ་བསྙེན་པར་རྫོགས་ཤིང་འདུལ་བ་པ་བསླབས། དཔལ་རྒྭ་ལོ་དང་བླ་མ་ཨ་སེང་ལ་སྦྱོར་དྲུག་དང་མགོན་པོ་བྱ་རོག་མ་སོགས་གསན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཟླ་འོད་གཞོན་ནུའི་གདམས་པ་ལས་ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་ཆོད་པར་མཛད། རྗེ་སྒོམ་ཚུལ་ལའང་ཆོས་མང་དུ་གསན། རྗེ་བཙུན་རས་ཆུང་རྡོར་གྲགས་ལ་ཐབས་ལམ་དང་བསམ་གཏན་ཐུན་འཇོག་སོགས་ནཱ་རོ་དང་མཻ་ཏྲིའི་གདམས་པ་མཐའ་དག་ཞུས། ཙ་མོན་ནམ་མཁའ། སྤེན་ཕུག་པ། རྐྱང་མོ་སྤང་ཁ་བ། གྲུབ་ཆེན་རྫོང་པ། བྲག་དཀར་མོ་པ། དར་ཡུལ་རལ་ལྕགས་སོགས་མདོར་ན་བླ་མ་ཤིན་ཏུ་མང་པོ་ལ་ཚུལ་བཞིན་དུ་བསྟེན་པའི་སྒོ་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་ཐོས་བསམ་ལ་འབད་འབད་འབུང་འབུང་ཆེར་བྱས་པས་དུས་དེའི་སྐབས་ཀྱི་མཁས་པའི་རྩེ་མོར་བྱོན་ཚུལ་ཁོང་གི་རྣམ་ཐར་ལ་ཞིབ་ཀྱིས་བལྟས་པས་ཤེས་ནུས་ལ། གང་ཐོས་བསམ་མཛད་པའི་ཟབ་དེ་དག་ཀྱང་གོ་ལོ་ཐོས་ལོ་ཙམ་དུ་མ་བཞག་པར་ཆོས་རྗེ་དྭགས་པོ་རིན་པོ་ཆེའི་མན་ངག་དང་འབྲལ་མེད་ཀྱི་སྒོ་ནས་ལུས་སྲོག་ལྟོས་མེད་དུ་སྒྲུབ་པ་ཉམས་ལེན་མཛད་ཚུལ་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། ཀུན་མཁྱེན་མི་བསྐྱོད་པའི་དགོངས་གཅིག་ཚོམས་དང་པོ་གཞན་འགྲེལ་དུ་མཛད་པ་ལས། རྗེ་དུས་མཁྱེན་གྱིས་ཟླ་བ་བཅོ་བརྒྱད་ཕྱག་རྔུལ་དང་མ་བྲལ་བར་གཏུམ་མོ་བསྒོམས། གྲུབ་ཆེན་པཀྵིས་ལོ་བཅུ་གཉིས་ཟླ་བ་བཅུ་གཉིས་ཞག་བཅུ་གཉིས་ཟ་མ་བཅུ་གཉིས་ཏེ་བཅུ་གཉིས་ཆ་བཞིར་རྡོ་རྗེ་སྐྱིལ་ཀྲུང་མ་བཤིག་པར་བསྒོམས་པས་མལ་འོག་གི་རྡོ་ཐམས་ཅད་ཞུ་ནས་གོང་བུར་འདྲིལ་བ་བྱུང་འདུག །ཁོང་མཆོག་གི་སྤྲུལ་པའི་སྐུ་རྣམས་ལའང་སྣང་ཚུལ་ལ་གདུལ་བྱའི་ངོར་དེ་ཙམ་བསྟན་དགོས་ན་གཞན་ཐ་མལ་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་ལྟར་བཀའ་བ་ཆེད་སྤྱད་དང་ངལ་བ་དང་ལེན་ཇི་ལྟར་མཛད་པའི་ཚུལ་ནི་རང་ཅག་གི་བློ་ཡུལ་ལས་དཔོག་དཀའ་བ་ལྟར་གྱུར་ཡོད། འདི་ལྟ་བུའི་འབད་འབུང་དུ་མའི་ལམ་ནས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཡ་མ་བྲལ་བར་མངའ་བས་ན་བསྟན་བཅོས་རྩོམ་པའི་རྒྱུ་གཉིས་པ་སྟེ་རང་བཞིན་གྱིས་ཤེས་རབ་ཕུན་སུམ་ཚོགས་པ་ཚང་བའོ། ། ༣ དེ་ཙམ་དུ་མ་ཟད་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་པ་བརྒྱུད་པའི་གདམས་ངག་བར་མ་ཆད་དུ་ཡོད་པའི་རྒྱུའི་ཁྱད་པར་ཡང་ལེགས་པར་ཚང་བ་སྟེ། དེ་ཡང་འཇིག་རྟེན་མགོན་པོས། དམ་པའི་ཆོས་གང་བརྒྱུད་པ་འབྲེལ་བ་ཟབ། །ཅེས་གསུངས་པ་ལྟར་ཡིན་པས་འདི་ལྟ་བུའི་གདམས་ཚུལ་ལ་ཡང་བརྒྱུད་པ་ཟབ་པའི་ཚུལ་ཅུང་ཟད་བརྗོད་དགོས་པར་སྣང་། དྭགས་ཤིང་ལས། སློབ་དཔོན་ཆེན་པོ་མཻ་ཏྲི་པའི་ཡིད་ལ་མི་བྱེད་པའི་དབུ་མ་འདི་ལ་བོད་འདིར་དགོངས་པ་སྐོང་ཚུལ་མི་འདྲ་བ་གསུམ་བྱུང་སྟེ། ཟབ་གསལ་སྔགས་ཀྱི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་པ་དང་། ཟབ་པ་མདོའི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་པ་དང་། སེམས་ཙམ་རྣམ་རྫུན་གྱི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་པ་གསུམ་ལས། ཞེས་སོགས་གསུངས་པ་ལྟར་མདོ་སྔགས་རེ་རེ་བའི་རྣམ་བཞག་དང་ཕྱག་ཆེན་གྱི་གདམས་པ་ལ་བརྟེན་པའི་མདོ་སྔགས་ཀྱི་རྣམ་བཞག་མི་འདྲ་བའི་ཁྱད་པར་ཞིབ་ཏུ་ཤེས་དགོས་པ་ཡིན། དེ་ཤེས་ན་དཀའ་གནད་འགའ་ཡང་ཤེས་ནུས་པ་ཡིན་ཏེ། དེ་ཡང་འཕགས་ཡུལ་དུ་ས་ར་ཧ་དང་ཏཻ་ལླི་པ་ལྟ་བུ་གཙོ་བོར་མདོ་སྔགས་གང་ཡིན་ལ་སྦྲེལ་རུང་བའི་ཕྱག་ཆེན་གྱི་གདམས་པ་རང་རྐང་དུ་འཛིན་པའི་སྐྱེས་བུ་དང་། པན་ཆེན་ནཱ་རོ་པ་ལྟ་བུ་གཙོ་བོར་ཕྱག་ཆེན་གདམས་པ་སྔགས་དང་སྦྲེལ་བའི་སྒོ་ནས་འཛིན་པའི་སྐྱེས་བུ། གྲུབ་ཆེན་ཤ་ཝ་རི་ལྟ་བུ་གཙོ་བོར་ཕྱག་རྒྱ་པའི་གདམས་པ་ཕྱི་མོའི་དབུ་མ་ཙམ་དང་སྦྲེལ་ནས་འཛིན་པ། མཻ་ཏྲི་པ་ལྟ་བུ་གཙོ་བོར་ཕྱག་ཆེན་གྱི་གདམས་པ་ཐལ་འགྱུར་དང་སྦྲེལ་བའི་སྒོ་ནས་འཛིན་པའི་སྐྱེས་བུ། ལྭ་བ་པ་ལྟ་བུ་གཙོ་བོར་ཕྱག་ཆེན་གདམས་པ་རང་རྒྱུད་པ་དང་སྦྲེལ་ནས་འཛིན་པའི་སྐྱེས་བུ། ཤཱནྟི་པ་ལྟ་བུ་གཙོ་བོར་ཕྱག་ཆེན་གྱི་གདམས་པ་དབུ་སེམས་ཟུང་འཇུག་སྟེ་སེམས་ཙམ་རྣམ་མེད་དང་སྦྲེལ་ནས་འཛིན་པ་སྟེ། དེ་ལྟར་འཛིན་ཚུལ་གཙོ་ཆེ་བ་སོ་སོར་བྱུང་ཡོད་པར་ཤིན་ཏུ་གསལ་བར་གྲུབ་པ་ཡིན་ལ། དེའི་གནད་ཀྱིས་ཕྱག་རྒྱ་པའི་ནང་ཁུལ་དུའང་རྩོད་པ་ཕྲན་བུ་ཙམ་ཡོད་པ་སྟེ། དཔེར་ན་དེ་ཁོ་ན་ཉིད་བཅུ་པ་ལས། རྣམ་བཅས་མ་ཡིན་རྣམ་མེད་མིན། །ཞེས་པའི་འགྲེལ་བར་རྣམ་མེད་པ་ལ་ལཱ་བའི་ན་བཟའ་ཅན་བཞག་པ་ལྟ་བུ་སྟེ། དེ་ཡང་ཕྱག་ཆེན་གྱི་གདམས་པ་ཐལ་འགྱུར་དང་སྦྲེལ་བའི་སློབ་དཔོན་ཚོས་གདམས་པ་དེ་རང་རྒྱུད་དང་སྦྲེལ་བའི་སློབ་དཔོན་དག་དགག་པའི་ཚུལ་ཡིན་ནོ། །བོད་འདིར་ཡང་མར་སྟོན་རྡོ་རྗེ་འཆང་ཆེན་དེ་ཉིད་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན། རྗེ་ནཱ་རོ་པ་དང་མཻ་ཏྲི་པ་སོགས་གྲུབ་ཐོབ་ཀྱི་བླ་མ་མཐའ་དག་ཡུན་རིང་དུ་བསྟེན། གདམས་ངག་ཟབ་དགུ་ཐམས་ཅད་ཐུགས་ཉམས་སུ་བཞེས་ནས་སྒྲོ་འདོགས་བཅད་པས་རྒྱ་གར་དུ་ལོ་ཙཱ་བ་བྱོན་ནོ་ཅོག་ལ་མངའ་བདག་མར་པ་འདི་ཉིད་གདམས་པ་ཟབ་བ་དང་རྒྱ་ཆེ་བར་ཡོངས་སུ་གྲགས་ནས། སྐད་གཉིས་སྨྲ་བ་ཐམས་ཅད་ཀྱི་དབང་པོར་གྱུར་ཅིང་གྲུབ་ཐོབ་ཀྱི་སྙན་པས་ཁྱབ་སྟེ། མེས་རྔོག་རམ་གསུམ་དང་ཚུར་སྟོན་མགོ་ལེགས་ལ་སོགས་པའི་གྲུབ་ཐོབ་ཀྱི་སློབ་མ་མང་དུ་བྱོན་ནོ། །དེ་ཙམ་དུ་མ་ཟད་ཇི་སྐད་བཤད་པའི་མདོ་སྔགས་གདམས་ཚུལ་ཟབ་གནད་ཅན་དེ་ཐམས་ཅད་གྱི་བརྒྱུད་པ་ཁུངས་དག་ཀྱང་བླ་མ་མར་པ་ལོ་ཙཱ་ཉིད་ལ་ཡོད་པའི་ཚུལ་ཤིན་ཏུ་གསལ་བ་ཡིན། ཁྱད་པར་དུ་གུང་ཐང་གི་མི་ལ་བཞད་པའི་རྡོ་རྗེ་དེས། མངའ་བདག་ཆེན་པོ་དེ་ཉིད་ལུས་ཐོག་ནས་བྱ་དཀའ་བ་དང་དུ་བླངས་པའི་ཚུལ་མཐའ་ཡས་པས་མཉེས་པར་མཛད་པ་ལས། གདམས་པ་སྤྱི་དང་ཁྱད་པར་སྙིང་པོ་དོན་གྱི་མན་ངག་ཕྱག་རྒྱ་ཆེན་པོ་དང་ཟབ་མོ་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པ་ཅན་གནང་སྟེ། ངོ་མཚར་རྨད་དུ་བྱུང་ཞིང་ཐོས་ཀྱང་ཡིད་བརྣངས་པར་འགྱུར་བའི་དཀའ་བ་མང་པོ་སྤྱད་ནས་སྒྲུབ་པའི་རྒྱལ་མཚན་བཙུག་པས། གངས་ཅན་པའི་རྣལ་འབྱོར་གྱི་དབང་ཕྱུགས་ཆེན་པོར་ཡོངས་སུ་གྲགས་ཏེ། རས་པ་ཆེ་བཞི་ཆུང་བརྒྱད་དང་སྟོན་པ་དྲུག་གིས་ཐོག་དྲངས་པའི་གྲུབ་ཐོབ་ཀྱི་སློབ་མ་མང་དུ་བྱོན་ནོ། །འོན་ཀྱང་རྗེ་བཙུན་ཆེན་པོ་སོགས་ཀྱིས་གསང་སྔགས་ཀྱི་མན་ངག་རྣམས་གཙོ་ཆེར་མཛད་ཅིང་། གཏུམ་མོ་དང་འོད་གསལ་ལ་སོགས་པའི་སྐབས་ཅི་རིགས་སུ་ཕྱག་རྒྱ་ཆེན་པོའི་གདམས་པ་སྟོན་པར་མཛད་པ་ལས། རྗེ་སྒམ་པོ་པ་ཆེན་པོ་དེས་ཚད་མེད་པའི་ཐུགས་རྗེས་ཀུན་ནས་བསླངས་ཏེ། གདུལ་བྱ་མཆོག་དམན་ཐམས་ཅད་ཀྱིས་རྟོགས་སླ་བའི་ཆེད་དུ། སྙིང་པོ་དོན་གྱི་གདམས་པ་ཕྱག་རྒྱ་ཆེན་པོ་འདི་ཉིད་རྩལ་དུ་ཕྱུང་སྟེ་བསྟན་པས་ཤིན་ཏུ་འཕེལ་ཞིང་རྒྱས་པ་དང་། སྐལ་བ་ཅན་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་དུ་གྱུར་པ་ཡིན་པར་མ་ཟད། ཆོས་རྗེ་འདི་ཉིད་ཀྱིས་མདོ་སྔགས་རྣམས་དང་སྦྲེལ་བའི་ཕྱག་ཆེན་གདམས་པ་དང་སྙིང་པོ་དོན་གྱི་གདམས་པ་བཅས་པ་ཐམས་ཅད་གཙོ་ཆེ་ཆུང་མེད་པར་རྩལ་བཤད་མཛད་ཅིང་། ཁྱད་པར་འདི་ཉིད་ཀྱིས་སྔར་གྱི་སྦྲེལ་ཚུལ་དེ་ཐམས་ཅད་འགལ་མེད་གནད་གཅིག་ཏུ་བཤད་པར་མཛད་པ་ཡིན་པས་ཆེས་ཐུན་མོང་མ་ཡིན་པ་ཉིད་དུ་གྲུབ་བོ། །དེ་ཙམ་དུ་མ་ཟད། སྣང་བ་སེམས། སེམས་སྟོང་པ། སྟོང་པ་འོད་གསལ། འོད་གསལ་ཟུང་འཇུག །ཟུང་འཇུག་བད་ེབ་ཆེན་པོར་ངོ་སྤྲོད་པའི་དཀའ་གནད་ཀྱང་ལེགས་པར་འབྱུང་བ་ཡིན་ཏེ། སྙིང་པོའི་གདམས་པ་སེམས་ཙམ་དང་སྦྲེལ་བའི་མན་ངག་ལས་གཙོ་ཆེར་སྣང་བ་སེམས་དང་། ཐལ་རང་དང་སྦྲེལ་བའི་མན་ངག་ལས་གཙོ་ཆེར་སེམས་སྟོང་པ་དང་། བྱམས་ཆོས་སམ་གཞན་སྟོང་དང་སྦྲེལ་བའི་མན་ངག་ལས་གཙོ་ཆེར་སྟོང་པ་འོད་གསལ་དང་། མདོ་དང་སྦྲེལ་བའི་རིམ་པ་དེ་དག་ཟུང་འཇུག་གི་སྒོ་ནས་གདམས་པ་འདི་བཤད་པའི་མན་ངག་ལས་གཙོ་ཆེར་འོད་གསལ་ཟུང་འཇུག་དང་། དེ་ཡང་གསང་བ་སྔགས་དང་སྦྲེལ་བའི་སྒོ་ནས་བཤད་པའི་མན་ངག་ལས་གཙོ་ཆེར་ཟུང་འཇུག་བདེ་བ་ཆེན་པོར་ཤེས་པའི་མན་ངག་རྣམས་འབྱུང་བ་ཡིན་ནོ། །དེས་ན་སྦྲེལ་ཚུལ་དེ་ཐམས་ཅད་གཙོ་ཆེ་ཆུང་ཙམ་ལས་ཚང་མ་གནད་གཅིག་དང་དགོངས་པ་གཅིག་ཏུ་འབབ་པ་ཡིན་ནོ་སྙམ། འདི་ལྟ་བུ་ལ་དགོངས་ནས་ཆོས་ཀྱི་རྗེ་དྭགས་པོའི་སྙིང་པོའི་ངོ་སྤྲོད་དོན་དམ་གཏེར་མཛོད་ལས། ཕྱག་རྒྱ་ཆེན་པོའི་མན་ངག་ལ་ངོ་སྤྲོད་རྣམ་པ་ལྔ་སྟེ། སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་འོད་གསལ་དུ་ངོ་སྤྲད། འོད་གསལ་ཟུང་འཇུག་ཏུ་ངོ་སྤྲད། ཟུང་འཇུག་བདེ་བ་ཆེན་པོར་ངོ་སྤྲད་པའོ། །དེ་ལ་ཕན་པའི་སྣང་བ་དང་། གནོད་པའི་སྣང་བ་དང་། ཕན་གནོད་མེད་པའི་སྣང་བ་སེམས་ཡིན་པའོ། །དེ་ལ་རྟགས་ལྔ་འབྱུང་སྟེ། སྣང་བ་སེམས་སུ་ངོ་སྤྲད་པའི་དུས་ན། ཕྱིའི་ཡུལ་ལ་ཞེན་པ་མེད་པ་འབྱུང་ངོ་། །སེམས་སྟོང་པར་ངོ་སྤྲད་པའི་དུས་ན། སེམས་ཀྱི་གཞི་རྩ་མ་གྲུབ་པ་འབྱུང་ངོ་། །སྟོང་པ་འོད་གསལ་དུ་ངོ་སྤྲད་པའི་དུས་ན། སེམས་ཉིད་འོད་གསལ་ལ་མ་ཡེངས་པ་འབྱུང་ངོ་། །འོད་གསལ་ཟུང་འཇུག་ཏུ་ངོ་སྤྲད་པའི་དུས་ན། སྣང་བ་གྲོགས་སུ་འགྲོ་བ་འབྱུང་ངོ་། །ཟུང་འཇུག་བདེ་བ་ཆེན་པོར་ངོ་སྤྲད་པའི་དུས་ན། ཕྱོགས་མེད་པའི་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུ་འབྱུང་ངོ་། །ཞེས་སོགས་གསུངས་སོ། །དེ་ལྟར་ཡང་མཻ་ཏྲི་ཆེན་པོ་ལ་ཕྱག་ཆེན་གྱི་གདམས་པ་སྔགས་དང་སྦྱར་བའི་མན་ངག་དང་། ཐལ་འགྱུར་དང་སྦྲེལ་བའི་མན་ངག །བྱམས་ཆོས་དང་སྦྲེལ་བའི་མན་ངག །སེམས་ཙམ་དང་སྦྲེལ་བའི་མན་ངག་ཀུན་ཡོད་པར་ཡང་ཤེས་དགོས་སོ། །ཁྱད་པར་དྭགས་ཤིང་སྐབས་སུ་ཡང་ཟབ་པ་མདོའི་དབུ་མ་རྩལ་དུ་བཏོན་ནས་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་མན་ངག་གི་གནད་རྣམས་བརྗོད་པ་ཡིན་ཞེས་གསལ་བར་བསྟན་པ་ཡང་ཡིན་ཏེ། མདོར་ན་ཕྱག་ཆེན་གྱི་གདམས་པ་དེ་དབུ་མ་རྩལ་དུ་བཏོན་ནས་བཤད་ཅེས་གསུངས་པས་སོ། །དེས་ན་དྭགས་ཤིང་གི་སྐབས་སུ་ཐལ་འགྱུར་རང་རྐང་གི་ལྟ་གྲུབ་མ་ཟད་ཕྱག་ཆེན་དང་སྦྲེལ་བའི་ཐལ་འགྱུར་བའི་རྣམ་བཞག་ཀྱང་བཀྲལ་མཛད་པར་གསལ་བས་དེ་ལྟར་དུ་མ་འདྲེས་པར་ཤེས་གལ་ཆེ། དེ་ལྟར་མིན་ན་དབུ་མའི་ཆོས་ཚུལ་འཆད་པའི་སྐབས་སུ་ཕྱག་ཆེན་བརྒྱུད་རིམ་རྣམས་འཆད་པ་དོན་མེད་དུ་འགྱུར་ཉེན་ཡོད་དོ་སྙམ། ལུགས་སྲོལ་འདི་ལ་མདོ་སྔགས་ཀུན་གྱི་སྙིང་པོ་གཅིག་ཏུ་དྲིལ་བའི་གདམས་ཚུལ་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཞེས་བྱ་ལ། ཟུང་འཇུག་གི་དབུ་མའི་ལུགས་ཞེས་པ་འདི་ཅི་འདྲ་ཞིག་ལ་གོའམ་སྙམ་ན། ལུགས་འདིར་ནི་དབུ་མའི་ལྟ་སྒོམ་དག་ལ་ཕྱག་རྒྱ་ཆེན་པོའི་མན་ངག་དམ་པས་ལེགས་པར་བརྒྱན་པའི་ལྟ་བ་ཞིག་ལ་ཟུང་འཇུག་གི་གདམས་པ་ཞེས་ཇི་ལྟར་གྲགས་པའི་ཚུལ་དེ་ཁོ་ན་ཉིད་བཅུ་པའི་རྩ་འགྲེལ་ལས་ཤིན་ཏུ་གསལ་བ་ལྟར་ཡིན་ཞིང་། ཚུལ་འདི་ལེགས་པར་ཤེས་པ་ལ་མདོ་སྔགས་སྙིང་གསུམ་གྱི་རྣམ་བཞག་ཤེས་དགོས་པ་དང་། དེ་ཤེས་པ་ཙམ་དུ་མ་ཟད་སྙིང་པོའི་གདམས་པ་ནི་མདོ་སྔགས་ལམ་རིམ་གང་ཡིན་གྱི་སྐབས་སུ་མཁོ་ཞིང་སྦྱར་རུང་བའི་མདོ་སྔགས་གཉིས་ཀའི་གཞུང་ཤིང་ཡིན་པའི་ཚུལ་ཡང་ཤེས་དགོས་ཏེ། དེ་ལྟར་ཤེས་ན་ལམ་རིམ་རེ་རེས་ཀྱང་ཚེ་ལུས་གཅིག་ལ་སངས་རྒྱ་བའི་ཐབས་མཆོག་མཁྱེན་ངེས་ཞིང་ཆོས་འཁོར་ཐམས་ཅད་ངེས་དོན་གྱི་བཀའ་ཉིད་དུ་གོ་ཚུལ་ཡང་ཤེས་ངེས་སོ། །དེས་ན་བཀའ་གདམས་པའི་ཁྲིད་སྲོལ་ལས་བྱུང་བ་ལྟར་དབུ་མ་ཐལ་འགྱུར་གྱི་སྟོང་ཉིད་འཆད་ན་དགག་བྱ་བདེན་གྲུབ་བཀག་པ་མ་ཟད་སྤྲོས་པ་ཐམས་ཅད་རྣམ་པར་བཅད་ཙམ་གྱི་མེད་པར་དགག་པའི་སྙིང་ཉིད་ལ་འཇོག་པ་གཙོ་ཆེ་ཡང་། གདམས་པ་འདི་དང་སྦྲེལ་ནས་འཆད་སྐབས་དེ་ཡང་ངོས་གཟུང་མེད་པས་དོན་དམ་བདེན་པ་ནི་འཇོག་ཏུ་མེད་པའི་ཆོས་ཉིད་དོ་ཞེས་ཡིད་ལ་མི་བྱེད་པའི་བློ་འདས་སུ་རྣམ་བཅད་ཀྱི་ཕྱོགས་ནས་ཁྲིད་པར་མཛད་པའི་གདམས་ཚུལ་སྟོན་པ་ཡིན་ཏེ། དྭགས་ཤིང་ལས། འོ་ན་རྗེ་བཙུན་མཻ་ཏྲི་པ་ནས་བརྒྱུད་པའི་ཕྱག་ཆེན་གྱི་མིང་ཅན་གྱི་དབུ་མའི་བཀའ་དང་། ཇོ་བོ་ནས་བརྒྱུད་པའི་དབུ་མའི་བཀའ་འདི་གཉིས་ཀྱི་ཆོས་ཚུལ་གཅིག་གམ་ཞེ་ན། དོན་ལ་མི་གཅིག་པ་མེད་ཀྱང་འདིར་རྟོག་དཔྱོད་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ་མེད་པར་དགག་པའི་ཆ་ལ་གསལ་སྣང་ཅུང་ཟད་ཐོབ་པའི་ཤེས་རབ་ཀྱིས་མཉམ་པར་འཇོག་ལ། དེར་ནི་བུད་ཤིང་ཟད་པ་ན་མེ་ཞི་བ་ལྟར་རྟོག་དཔྱོད་ཀྱི་ཤེས་རབ་ཉིད་ཀྱང་གཞི་མེད་རྩ་བྲལ་གྱི་སྒོ་ནས་གཏན་ལ་ཕབ་སྟེ། དགག་སྒྲུབ་གང་གིའང་དོན་ཅན་མ་ཡིན་པ་ཞིག་ལ་མཉམ་པར་འཇོག་པ་ནི་ཁྱད་པར་ཡིན་ཏེ། རྗེ་སྒམ་པོ་ལ་བཀའ་གདམས་ལུགས་ཀྱི་དབུ་མའི་ཞི་ལྷག་གི་ལྟ་སྒོམ་ཚད་དུ་སྐྱེལ་བ་ཞིག་རྗེ་མི་ལའི་དྲུང་དུ་བྱོན་པ་ན་རྟོགས་པ་ཕུལ་བས། ཞི་གནས་ཀྱི་ཆ་ལ་དེ་ཀུན་ཇི་ལྟར་བཟང་ཡང་ཁམས་གོང་གི་རྒྱུ་ལས་མི་འདའ། ལྷག་མཐོང་གི་ཆ་དེ་ཀུན་ཡང་སྟོང་ཉིད་ཤོར་ས་བཞིར་འགྲོ་ཉེན་འདུག །འོན་ཀྱང་བདེན་འཛིན་ལ་སོགས་དངོས་འཛིན་ཕྱོགས་རེ་ཙམ་གྱི་གཉེན་པོར་འགྲོ་ཡང་། མཐར་འཛིན་ཐམས་ཅད་གཅོད་མི་ནུས་པས་ལྟ་བ་སྒོམ་བཟང་བཟང་པོོ་དེ་ཀུན་རང་ཡང་ཤེས་བྱའི་སྒྲིབ་པར་འགྲོ་ཉེན་ཡོད་པས་བསྒྲོགས་ན། ལྕགས་སྒྲོག་དང་གསེར་སྒྲོག་གིས་བསྒྲོགས་པ་ལ་ཁྱད་པར་མེད་ཅེས་གསུངས་ཤིང་། ཕྱིས་རྗེ་སྒམ་པོ་པས་ཁོ་བོ་རྗེ་བཙུན་ཆེན་པོ་མི་ལ་དང་མ་མཇལ་ན་ལྷ་ཚེ་རིང་པོར་སྡོད་པ་ཞིག་ཏུ་སྐྱེས་ཉེན་གདའ། ཞེས་གསུངས་དོན་ཀྱང་དེ་ཡིན་ནོ། །གཞན་ཡང་སྐུ་གསུམ་ངོ་སྤྲོད་སོགས་སུ་ཟབ་མོ་མདོའི་བདེན་གཉིས་བརྗོད་པའི་སྐབས་སུ་དཔལ་ལྡན་མར་མེ་མཛད་ཀྱི་བཀའ་སྲོལ་གྱི་ཚུལ་དང་དཔལ་ཤཱ་ཝ་རི་སོགས་ཕྱག་རྒྱ་པའི་བཀའ་སྲོལ་གྱི་ཚུལ་གཉིས་མི་འདྲ་བའི་ཁྱད་པར་ཇི་ལྟར་ཡོད་ཚུལ་དང་ཆོས་དེ་དག་གི་བརྒྱུད་པ་ཀུན་རང་རེའི་དྭགས་བརྒྱུད་པ་ལ་ཡོད་པའི་ཚུལ་རྣམས་ཀྱང་ཤེས་དགོས། ཟབ་ཆོས་འདི་འདྲ་རེ་འཆད་རྒྱུ་ཡོད་པའི་དབང་གིས་དབུ་མ་ཐལ་འགྱུར་བའི་ལྟ་བའི་བཀའ་སྲོལ་གཅིག་ལའང་བརྒྱུད་པ་གསུམ་ལྡན་དུ་གསུངས་ཏེ། བརྗོད་བྱ་གཙོ་ཆེ་བའི་ཆ་ནས་བསྒོམ་པའི་ཤེས་རབ་ཀྱི་ངེས་པ་བསྐྱེད་པའི་བཀའ་དྲིན་གང་ལས་བརྒྱུད་པ་སྟེ་ནཱ་རོ་མཻ་ཏྲི་སོགས་བཀའ་བརྒྱུད་རིན་པོ་ཆེ་ཉིད་ལས་བརྒྱུད་པའང་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་དང་། བརྗོད་བྱ་རྗོད་བྱེད་ཆ་མཉམ་པའི་ཆ་ནས་བསམ་པའི་ཤེས་རབ་ཀྱི་ངེས་པ་བསྐྱེད་པའི་བཀའ་དྲིན་གང་ལས་བརྒྱུད་པ་སྟེ་ཇོ་བོ་དི་པཾ་ཀ་རའི་བཀའ་བརྒྱུད་ལས་བརྒྱུད་པའི་བརྒྱུད་པའང་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་དང་། རྗོད་བྱེད་གཙོ་བོ་ཆེ་བའི་ཆ་ནས་ཐོས་པའི་ཤེས་རབ་ཀྱི་ངེས་པ་བསྐྱེད་པའི་བཀའ་དྲིན་ལས་གང་ལས་བརྒྱུད་པའི་བརྒྱུད་པ་སྟེ་པ་ཚབ་ལོ་ཙཱ་ནས་བརྒྱུད་པའང་ཉིད་ལ་ཡོད་པ་སྟེ། འདི་ལ་དགོངས་ནས་དྭགས་ཤིང་ལས། ཤེས་རབ་གསུམ་གྱི་ངེས་པ་བསྐྱེད་པའི་བཀའ་དྲིན་གང་ལས་བརྒྱུད་པ་ལ་གསུམ། བཀའ་བརྒྱུད་རིན་པོ་ཆེ་ཉིད་ལས་བརྒྱུད་པ་དང་། ཇོ་བོ་དི་པཾ་ཀ་རའི་བཀའ་བརྒྱུད་ལས་བརྒྱུད་པ། པ་ཚབ་ལོ་ཙཱ་ནས་བརྒྱུད་པའོ། །དང་པོ་བཀའ་བརྒྱུད་རིན་པོ་ཆེ་ཉིད་ལས་བརྒྱུད་པ་ལའང་གཉིས། རྗེ་ནཱ་རོ་པ་ནས་བརྒྱུད་པ་དང་། རྗེ་མཻ་ཏྲི་པ་ནས་བརྒྱུད་པའོ། །ཞེས་གསུངས་ནས་སོ། །འདིས་མཚོན་ཏེ་མདོ་སྔགས་ཀྱི་བཤད་པ་ཐུན་མོང་བ་ཀུན་གྱི་བརྒྱུད་པ་བར་མ་ཆད་དུ་ཡོད་པར་མ་ཟད་ཁྱད་པར་དུ་འཕགས་པ་མན་ངག་ཏུ་དྲིལ་བའི་མདོ་སྔགས་ཀྱི་བཤད་པ་ཁྱད་པར་ཅན་གྱི་བརྒྱུད་པ་ཇི་ལྟར་མངའ་བའི་གནད་ཀྱིས་བརྒྱུད་པ་རིན་ཆེན་འདིའི་སྐྱེས་ཆེན་ཚོས་མཛད་པའི་མདོ་སྔགས་ཀྱི་བསྟན་བཅོས་རྣམས་ནི་གཞན་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་བ་དུ་མ་སྣང་ངོ་། །དེས་ན་འདི་ལྟ་བུའི་མན་ངག་ཁྱད་པར་ཅན་གྱི་བརྒྱུད་པ་འདིའི་ཚུལ་ཡང་དག་པ་རེ་ཤེས་ན། ཀུན་མཁྱེན་མི་བསྐྱོད་པའི་དྭགས་པོའི་འབེལ་གཏམ་ལས། ཕྱག་རྒྱ་ཆེན་པོའི་རྟོགས་པ་རྣལ་མ་བསྐྱེད་ན། སེམས་ཙམ་དབུ་མ་གསང་སྔགས་ཀྱི་ལྟ་བ་ཐམས་ཅད་ཀྱིས་མ་གོས་པ་ཞིག་དགོས་སོ། །ཞེས་གསུངས་པའི་ཟབ་གནད་ཁག་ཤེས་ནུས་པ་དང་། དུས་གསུམ་མཁྱེན་པའི་ཞུས་ལན་ལས་ཀྱང་འདི་དག་གི་ཟབ་གནད་རྒྱ་ཆེར་གསུངས་པས་དེར་གཟིགས་རྟོགས་ནན་ཏན་མཛད་དགོས། དེ་ལྟར་ཆོས་དང་གང་ཟག་གཉིས་ཁྱད་པར་དུ་འཕགས་པ་འོང་བའི་གནད་ཀྱང་དཔལ་ལྡན་བཀའ་བརྒྱུད་པ་ལྟ་བུར་མཚོན་ན། བན་བོན་འདྲེས་པའི་ལྟ་བ་ལྟ་བའི་ཡང་རྩེ་ཞེས་ཟེར་བ་དང་། རྟོག་གེ་ཟོལ་མས་བཞག་པའི་བློས་བྱས་ཀྱི་ལྟ་བ་ལ་ལྟ་བ་རྣམ་དག་ཅེས་མཁྲེགས་འཛིན་བྱས་པ་དང་། མན་ངག་བོར་བའི་མདོ་རྐྱང་སྔགས་རྐྱང་བཤད་པ་ཕྱོགས་རེ་བ་ལ་ཞེན་རློམ་དང་ཨུ་ཚུགས་བྱས་པ་དང་མི་འདྲ་བར། རྩོད་མེད་མདོ་རྒྱུད་རྒྱ་མཚོའི་སྲོག་སྙིང་ཕྱག་རྒྱ་ཆེན་པོ་ལྷད་མེད་ཀྱི་ལྟ་བ་མན་ངག་གི་གནད་མ་ཉམས་ཤིང་མཁའ་འགྲོའི་ཁ་རླངས་མ་ཡལ་བ་འདི་དང་། རོ་སྙོམས་ཀྱི་སྤྱོད་པ་གཉིས་འཛིན་གྱི་སྒྲོག་གིས་མ་བཅིངས་པའི་རྡོ་རྗེ་འཆང་གི་སྙིང་གཏམ་གྱི་སྙིང་པོ་རྙེད་པར་དཀའ་བའི་གཅེས་དགུའི་ཟབ་གནད་ལ་བརྟེན་ནས་ནང་གི་ལྟ་སྒོམ་སྤྱོད་པའི་གདེང་དང་། ཕྱི་ཡི་རྩལ་རྫུ་འཕྲུལ་བཅས་གཞན་ལས་ལྷག་པ་ལྟར་སྣང་ངོ་། །རྗེ་མི་བསྐྱོད་པའི་གསང་གཏམ་ཡང་དག་པ་ལས། ཐུགས་རྡོ་རྗེ་གདོད་མ་ནས་དྲི་མ་དང་བྲལ་བ་འདི་ལ་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་པ་དག་ཐ་མལ་གྱི་ཤེས་པའམ་སེམས་ཀྱི་ངོ་བོ་མཐོང་ཞེས་ཐ་སྙད་མཛད་ནས་འདིའི་རྟོགས་པ་རྒྱུད་ལ་སྐྱེད་པ་ལ་རྣལ་འབྱོར་བཞིའི་ལམ་རིམ་མཛད་ལ། འདི་ལྟའི་རྟོགས་པ་སྐྱེ་བ་ལའང་དབང་པོ་ཆེས་རྣོན་པོ་སྐལ་ལྡན་ཡང་རབ་གཅིག་གིས་ནི་འདི་ལྟའི་རྟོགས་པ་དང་ལྡན་པའི་བླ་མ་དེ་ལྟ་བུ་ཞིག་དང་མཇལ་བ་ན་དེའི་བྱིན་རླབས་ཀྱིས་ཕྱག་རྒྱ་ཆེན་པོའི་རིགས་སད་ནས་རྟོགས་ལྡན་གྱི་བླ་མ་དེ་ཉིད་ལ་སངས་རྒྱས་ཐམས་ཅད་ལས་ལྷག་པའི་སངས་རྒྱས་རྗེ་འགྲན་གྱི་དོ་མེད་དུ་མཐོང་ནས་ཀུན་ཁྱབ་མོས་གུས་ཕྱག་ཆེན་བྱ་བའི་བཅོས་མིན་གྱི་དད་པ་སྐྱེས་ནས་མཁའ་མཉམ་གྱི་མ་རྒན་བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཆེད་དུ་བདག་རྟོགས་ལྡན་བླ་མ་འདི་དང་སྐད་ཅིག་གཅིག་ལ་སྐུ་གསུང་ཐུགས་རོ་མཉམ་པར་གྱུར་ཅིག་སྙམ་པའི་དད་མོས་བྱང་ཆུབ་ཀྱི་སེམས་ཚད་མེད་པ་ཞིག་སྐྱེས་པ་ན་རྐྱེན་དེ་ཉིད་ཀྱི་དགེ་བས་བསོད་ཚོགས་གཞལ་དུ་མེད་པར་རྫོགས་ནས་སྔགས་ཀྱི་ཆོ་གའི་ཕྱིའི་རིག་མ་དང་ནང་གི་གཏུམ་མོ་སོགས་རྟེན་འབྲེལ་ཐབས་ལམ་དུ་མ་མ་བསྒྲིགས་ཀྱང་བྱང་ཆུབ་སེམས་ཀྱི་མོས་གུས་དེ་ཉིད་ཀྱིས་གསང་སྔགས་ཐབས་ལམ་གྱི་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་སོང་ནས་ཡེ་ཤེས་ཚོགས་ཐུགས་རྡོ་རྗེ་འདི་ཉིད་མངོན་དུ་མཛད་པ་ཡིན་ལ། ཞེས་སོགས་ནས། འོ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་དང་རྡོ་རྗེ་འཆང་གིས་ཀྱང་ཐ་མལ་གྱི་ཤེས་པ་མངོན་དུ་མ་མཛད་དམ་སྙམ་ན། མཛད་མོད་ཀྱང་མདོ་སྔགས་ཀྱི་ཆོས་ཚུལ་ཕྱོགས་རེའི་ཆོ་གས་ཤཱཀྱ་ཐུབ་དང་རྡོ་རྗེ་འཆང་དུ་གྱུར་ན་ནི་ད་རུང་ཤཱཀྱ་ཐུབ་དང་རྡོ་རྗེ་འཆང་ལྟ་བུའི་དེ་དང་རྗེ་སྒམ་པོ་པ་ལྟ་བུའི་ཐ་མལ་གྱི་ཤེས་པ་མངོན་དུ་མཛད་པའི་སངས་རྒྱས་གཉིས་ནི་རྗེ་སྒམ་པོ་པ་རང་ལ་མཐར་ཐུག་གི་སྐྱབས་སུ་འཛིན་ཞིང་སྐྱབས་སུ་མཆིའོ། །འོ་ན་དེ་ལྟ་བུའི་ཐ་མལ་གྱི་ཤེས་པ་དེ་ད་ལྟ་ཚུར་མཐོང་གི་ཚོགས་དྲུག་གི་ཤེས་པ་འདི་ཁའི་ངོ་བོ་ལ་ངོ་སྤྲོད་གདའ་བས་དེ་ལྟར་ན་ཚོགས་དྲུག་གི་ཤེས་པ་ནི་མཛད་པའི་སངས་རྒྱས་གཉིས་ནི་རྗེ་སྒམ་པོ་པ་རང་ལ་མཐར་ཐུག་གི་སྐྱབས་སུ་འཛིན་ཞིང་སྐྱབས་སུ་མཆིའོ། །ཞེས་གསུངས་པ་ལྟ་བུའི་ཟབ་གནད་ཁྱད་པར་ཅན་དེ་ལྟ་བུ་མང་པོ་དང་ལྡན་པ་དག་ཀྱང་བཀའ་བརྒྱུད་པ་དག་གིས་ངེས་པར་ཤེས་དགོས་གལ་ཆེ་ནའང་། དེང་གི་བཀའ་བརྒྱུད་པ་དག་གིས་འདི་ལྟ་བུའི་ཟབ་གནད་དག་ཀྱང་ཡོད་པ་ཙམ་ཤེས་མཁན་ཡང་ཤིན་ཏུ་དཀོན་ནོ། །ལུགས་འདིའི་ཁྱད་ཆོས་ཆེས་ཟབ་ཤོས་ནི་མན་ངག་འདི་ལྟ་བུ་ཡིན་པས་མན་ངག་འདི་ལྟ་བུའི་བརྒྱུད་པའི་བྱིན་རླབས་མ་ཉམས་པར་བཞུགས་པའི་རྗེ་དུས་གསུམ་མཁྱེན་པ་ལྟ་བུའི་གསུང་ལ་གལ་ཆེན་དང་སྣང་ཆེན་དུ་མཛད་རྒྱུ་ནི་རང་རེ་བཀའ་བརྒྱུད་པ་དག་གི་འགོ་སྐལ་དུ་བབ་པ་ཡིན་ནོ། །

༢ བརྗོད་བྱའི་ཁྱད་ཆོས་རགས་ཙམ་གླེང་བ་ནི།

རྒྱལ་ཚབ་དཔལ་འབྱོར་དོན་གྲུབ་ཀྱི་དཀར་ཆག་ལས་གསལ་བ་ལྟར་ན་གསུང་ཆོས་མི་འདྲ་བ་བརྒྱ་དང་དོན་བཅུ་ལྷག་ཙམ་ཡོད་ཅིང་། དེའི་ཁར་རྣམ་ཐར་མི་འདྲ་བ་ལྔ་ཙམ་ཡང་བཞུགས་ཡོད་པ་འདྲ། དེ་དག་ལས་མང་ཆེ་བ་ནི་གཞུང་ཕྲན་དང་ཆོ་གའི་སྐོར་སོགས་ཡིན་པ་དང་། ད་ལྟར་དངོས་སུ་མ་རྙེད་པའི་གཞུང་ཡང་ཤིན་ཏུ་མང་པོ་འདུག་པར་མ་ཟད། ཁྱད་པར་དུ་ཕྱག་རྒྱ་ཆེན་པོའི་མན་ངག་གི་སྐོར་གྱི་གདམས་པ་མང་པོ་ཞིག་ཀྱང་ལག་སོན་བྱུང་མེད་པ་འདྲ་བས་རང་རེ་རྣམས་ཀྱིས་ངེས་པར་དོ་སྣང་མཛད་དགོས་པ་འདྲའོ། །ད་ལྟའི་ཆར་པོད་ཏི་གཉིས་དང་གསུང་ཆོས་མི་འདྲ་བ་ལྔ་བཅུ་ལྷག་ཙམ་དང་རྣམ་ཐར་མི་འདྲ་བ་ལྔ་བཅས་བཞུགས་ཡོད་པ་སྟེ་དཔེ་བསྐྲུན་མཛད་ཡོད་པ་འདི་ཉིད་ཡིན་པ་རེད། འདིར་ད་ལྟར་བཞུགས་པའི་གལ་ཆེ་བའི་གསུང་ཆོས་ཁག་ངོ་སྤྲོད་མདོར་ཙམ་ཞུས་ན་འདི་ལྟ་སྟེ། དང་པོ་མདོ་སྔགས་གང་ཡིན་གྱི་སྐབས་སུ་གལ་ཆེ་བ་རྣམས་ནི། ༡ མུ་ཏིག་ཕྲེང་བ། ༢ ཚོགས་ཆོས། ༣ ཞུས་ལན་གཉིས། ༤ མགུར་འབུམ་རྣམས་ཡིན་ཏེ། དེ་ལས་སྔ་མ་གཉིས་དང་འབྲེལ་ཏེ་བརྗོད་བྱའི་ཁྱད་ཆོས་གང་འཚམ་རེ་གླེང་བའི་སྒོ་ནས་ངོ་སྤྲོད་ཞུ་འདོད་པ་བྱུང་། ཞུས་ལན་གྱི་ངོ་སྤྲོད་ཞིག་ཞུས་ན་མན་ངག་གི་ཟབ་ཁྱད་མང་བས་ལེགས་འདུག་ཀྱང་ཡི་གེ་མང་བར་དོགས་ནས་མ་བཤད་པ་ཡིན། ༡ མུ་ཏིག་ཕྲེང་བའི་ཁྱད་ཆོས་རགས་ཙམ་ནི། ༡ འཆི་བ་མི་རྟག་པ་དང་འཁོར་བ་སྡུག་བསྔལ་གལ་ཆེ་བའི་ཚུལ། མར་ཤེས་དྲིན་དྲན་བཅས་བརྗོད་བྱ་ཟབ་ལ་རྗོད་བྱེད་ཉུང་བར་གསུངས་ཡོད་པ། འདིར་འཆི་བ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་གྱི་ལམ་རིམ་གཉིས་གལ་ཆེ་ཚུལ་གསུངས་པ་འདིས་བཀའ་བརྒྱུད་པའི་ལམ་རིམ་གྱི་གནད་དུམ་པ་ཞིག་གོ་དགོས་པ་ཡིན་ཏེ། དཔེར་ན་སྙིང་པོའི་མན་ངག་གནད་དང་བཅས་ན་མོས་གུས་ལམ་འཁྱེར་དང་བློ་ལྡོག་རྣམ་བཞི་ལྟ་བུ་ཡང་ཟབ་མོའི་ལམ་རིམ་ཡིན་ནོ། །ཇི་ལྟར་ཞེ་ན། འཇིག་རྟེན་མགོན་པོས། རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད། །ཅེས་གསུངས་པ་ལྟར་འདི་དག་གི་ཚུལ་ཆོས་རྗེ་དྭགས་པོའི་ཚོགས་ཆོས་ལེགས་མཛེས་མའི་སྐབས་སུ་རྒྱ་ཆེར་གསུངས་པས་དེར་གཟིགས་འཚལ། དཔེར་ན་བློ་ལྡོག་རྣམ་བཞི་རང་གི་ནང་དུ་ཉམས་ལེན་ཐམས་ཅད་འདུས་ཏེ། ངེས་འབྱུང་བསྒོམ་པའི་སྐབས་སུ་འཁོར་བར་སྡུག་བསྔལ་དུ་ཤེས་པའི་སྒོ་ནས་སེམས་ཅན་ལ་དམིགས་པའི་བྱམས་སྙིང་རྗེ་བསྒོམ་པ་དང་། དེ་ལྟར་གྱི་ཚེ་སྡུག་བསྔལ་ལམ་འཁྱེར་དང་བདག་གཞན་མཉམ་པའི་ཉམས་ལེན་ལས་འཁོར་འདས་མཉམ་ཉིད་དང་བདག་བས་གཞན་གཅེས་ཀྱི་ཉམས་ལེན་ལས་དེ་དག་ཀུན་སྟོང་ཉིད་དུ་འཁྱེར་ཤེས་པའི་གདམས་པ་ཡོད་པས་རེ་དོག་དང་བྲལ་བའི་ངང་ལ་སློབ་ཅེས་གསུངས་སོ། །ཡང་ན་ངེས་འབྱུང་གི་མྱོང་ཁྲིད་ཐུན་མིན་ཏེ། ངེས་འབྱུང་གི་ཉམས་ལེན་གཅིག་གི་ནང་དུ་སྙིང་རྗེ་གསུམ་དང་མཉམ་རྗེས་ཀྱི་ཉམས་ལེན་རྣམས་ཇི་ལྟར་བྱ་ཚུལ་སོགས་ཀྱི་མན་ངག་གི་གནད་རྣམས་ཚོགས་ཆོས་ལེགས་མཛེས་མ་སོགས་སུ་གསལ་བར་བཤད་པ་ལྟར་རོ། །མི་རྟག་པ་བསྒོམ་པའི་སྐབས་སུ་གཙོ་ཆེར་ཚེ་མ་རྟག་པ་བསྒོམ་པའི་སྒོ་ནས་འདུས་བྱས་ཐམས་ཅད་སྐད་ཅིག་མའི་ངང་ཚུལ་ལས་མ་འདས་པར་ཤེས་ནས་ཆོས་ལ་དམིགས་པའི་བྱམས་དང་སྙིང་རྗེ་བསྒོམ་པ་དང་མི་རྟག་ཉིད་ཀྱི་རང་མཚང་ལས་སྟོང་ཉིད་ཀྱི་དོན་གོ་ཤེས་པར་བྱ་དགོས། འདི་ལ་མི་རྟག་ལམ་འཁྱེར་གྱི་གདམས་པ་ཞེས་ཀྱང་ཟེར། མི་རྟག་པ་བསྒོམ་པའི་ཚེ་གཞན་རྣམས་རམ་འདེགས་ཀྱི་ཚུལ་དུ་བསྒོམ་དགོས་ལ། ཡང་ལས་འབྲས་སྐད་ཅིག་མ་བསམ་པའི་རང་གཟུགས་བསྒོམ་ནས་གཞན་རྣམས་རམ་འདེགས་ཀྱི་ཚུལ་དུ་ཤེས་དགོས་པ་ཡིན། འཇིག་རྟེན་མགོན་པོས། ལམ་རིམ་ཐམས་ཅད་ཐུན་གཅིག་ཉམས་ལེན་དགོས། །ཞེས་གསུངས། འདི་དག་གི་ཚུལ་རྒྱས་པར་དྭགས་པོ་རིན་པོ་ཆེའི་ཚོགས་ཆོས་རྣམས་སུ་རྒྱ་ཆེར་གསལ་ཞིང་གཞན་ཡང་སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་རྡོ་རྗེའི་གསུང་མང་དུ་བཞུགས་པས་མཇལ་བར་མཛོད། འདི་ནི་གཞུང་འདི་ཙམ་གྱི་ཁྱད་ཆོས་མ་ཡིན་པར་བཀའ་བརྒྱུད་པའི་ལམ་རིམ་སྤྱིའི་ཁྱད་ཆོས་ཡིན་པས་འདིར་བརྗོད་པ་ཡིན། རྗེ་དུས་གསུམ་མཁྱེན་པའི་ཞུས་ལན་གཉིས་པོ་ཞིག་གཟིགས་མཛོད་དང་ཁོང་རྣམ་པའི་མན་ངག་གི་ཟབ་ཚད་ཅི་འདྲ་ཞིག་ཤེས་ངེས། འདིར་རེ་རེ་ནས་གླེང་མི་ཐུབ། ༢ སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཆོ་ག་དེ་དག་གི་བསླབ་བྱ་གོ་བདེ་བའི་ཚུལ་གྱིས་གསུངས་ཡོད་པ། རང་རེ་བཀའ་བརྒྱུད་པ་རྣམས་ཀྱིས་སྐྱབས་འགྲོའི་ཉམས་ལེན་མཐར་ཐུག་ཀྱང་ཇི་ལྟར་དགོས་ཚུལ་ཟབ་གནད་དང་བཅས་པ་ཤེས་གལ་ཆེ་བ་སོགས་འོག་ཏུ་བརྗོད་པར་བྱ། ༣ བསྔོ་བའི་ཆོ་ག་དང་ཇི་ལྟར་བསྔོ་དགོས་པའི་ཚུལ་བཅས་ཤིན་ཏུ་སྟབས་བདེ་གོ་སླ་ཉིད་དུ་གསུངས་ཡོད་པ། ༤ བསྙེན་གནས་ཀྱི་སྡོམ་པ་ཇི་ལྟར་ལེན་དགོས་ཚུལ་དང་ཇོ་བོའི་མན་ངག་གི་སྒོ་ནས་དཀའ་གནད་འགའ་ཡང་གསུངས་ཤིང་།སྡོམ་པའི་བསླབ་བྱ་རྣམས་གོ་བདེ་ཞིང་གནད་བསྡུས་པར་གསུངས་པ། ༢ ཚོགས་ཆོས་ཀྱི་ཁྱད་ཆོས་རགས་ཙམ་ནི། ཚོགས་ཆོས་འདི་ལ་ཆོས་ཐུན་ཚན་པ་བཞི་ཡོད་ཅིང་། ཆོས་ཐོས་རེ་རེའི་ཟབ་གནད་ཀྱི་ཁྱད་ཆོས་རིམ་བཞིན་བརྗོད་ན་འདི་ལྟ་སྟེ། ༡ བརྗོད་བྱ་གཙོ་བོ་ནི་ལྷན་ཅིག་སྐྱེས་སྦྱོར་རང་རིག་གཅེར་བུད་ཀྱི་སྲོག་རྩའི་གདམས་པ་གལ་ཆེན་དག་གསུངས་པ་སྟེ།དེའི་ཚུལ་མདོ་ལས་ཇི་ལྟར་གོ་དགོས་ཚུལ་དང་། སྔགས་ཀྱི་སྐབས་སུ་ཇི་ལྟར་གོ་དགོས་ཚུལ་རིམ་བཞིན་གསུངས་པ་སྟེ། དེ་ཡང་མཉམ་མེད་མར་པ་བཀའ་བརྒྱུད་པའི་རིང་ལུགས་འདི་ལ་མདོ་སྔགས་གང་གི་སྐབས་སུ་ཡང་ཐུན་མོང་བ་མདོ་རྐྱང་སྔགས་རྐྱང་གི་བཤད་པ་སྤྱི་བཏང་བ་ཞིག་དང་། སྙིང་པོའི་མན་ངག་གིས་བརྒྱན་ནས་ཐུན་མོང་མ་ཡིན་པ་མདོ་སྔགས་ཀྱི་བཤད་པ་མན་ངག་ཏུ་དྲིལ་བའི་ལུགས་ཞེས་དམིགས་བསལ་བའི་བཀའ་སྲོལ་ཞིག་སྟེ་གཉིས་སྣང་ནའང་། གངས་རིའི་ལྗོངས་འདིར་རྗེ་བཙུན་རས་པ་ཆེན་པོའི་ཡན་ཆོད་ལ་རྒྱུད་རྐྱང་གི་བཤད་པ་ཐུན་མོང་བ་དང་། རྒྱུད་མན་ངག་ཏུ་དྲིལ་བའི་བཤད་པ་ཐུན་མིན་སོགས་ལ་རྩལ་འདོན་མཛད་ཆེ་བར་བྱུང་ཞིང་། དེར་བརྟེན་མདོ་སྔགས་གཉིས་ལས་སྔགས་ཀྱི་བཤད་པ་དར་ཁྱབ་ཆེ་ཙམ་བྱུང་བ་ལས། མདོའི་བཤད་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་རྣམས་ཅུང་ཟད་ཉམས་དམས་སུ་ཤོར་བའི་རྣམ་པ་ལྟ་བུར་ཆགས་ཡོད་པ་རེད། འོན་ཀྱང་བླ་མ་རིན་པོ་ཆེ་དྭགས་པོ་ཆོས་རྗེས་མདོའི་བཤད་པ་མན་ངག་ཏུ་དྲིལ་བའི་གཞུང་བཤད་ཐུན་མིན་གྱི་རྣམ་བཞག་དེ་ཡང་ཆེས་ཆེར་གསལ་བར་མཛད་པས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་ཡང་སྙིང་པོའི་གདམས་པ་ནི་མདོ་སྔགས་ཀྱི་ལམ་རིམ་ཐམས་ཅད་མན་ངག་ཏུ་དྲིལ་བའི་ཐབས་དང་ཉམས་ལེན་ལ་རྡོ་རུས་གཏུག་པའི་ཟབ་གནད་ཁྱད་པར་ཅན་ཡིན་པས་ཚུལ་འདི་ངེས་པར་ཤེས་དགོས་པ་ཡིན་ཏེ། འདི་འདྲ་བའི་གནད་རེ་ཡོད་པ་ལ་དགོངས་ནས་རྗེ་བཙུན་དམ་པའི་ཞལ་སྔ་ནས། སངས་རྒྱས་ཀྱི་བཀའ་ཡིན་པ་འདྲ་ན་ཡང་། ཉམས་སུ་ལེན་ལུགས་ཁྱད་དུམ་བུ་རེ་ཡོད་པ་ཡིན། ཞེས་གསུངས། འདི་འདྲ་བའི་གནད་ལ་དགོངས་ནས་མཁས་པའི་ཁྱུ་མཆོག་གཞོན་དུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས། དེ་ཡང་རྗེ་མར་པ་ལ་ཡེ་ཤེས་ཞབས་ལུགས་ཀྱི་ཛ་ཡནྡ་དང་། ཐ་ག་ན་དང་། སྙིམ་པའི་མེ་ཏོག་དང་བཅས་པའི་བཤད་སྲོལ་གསུམ་ཡོད། དེ་རྣམས་ལ་རྒྱུད་དོན་མན་ངག་ཏུ་དྲིལ་ནས་འཆད་པ་མེད་པས། ནཱ་རོ་པའི་རྒྱུད་ཀྱང་མན་ངག་གི་ལུགས་ལ་རྩིས་སུ་མཛད་པ་ཡིན་ཏེ། ཞེས་གསུངས་སོ། །འོ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་མན་ངག་ཏུ་དྲིལ་ནས་འཆད་སྲོལ་དང་། སྔགས་ཀྱི་ཐེག་པ་མན་ངག་ཏུ་དྲིལ་ནས་འཆད་ཚུལ་རྣམས་ཇི་ལྟར་རམ་ཞེ་ན། འདིའི་ཚུལ་བྱེ་བྲག་རྒྱས་པར་གཞུང་དོན་དངོས་ཀྱི་བརྗོད་དོན་རེ་རེ་དང་སྦྱར་ནས་ཤེས་དགོས་པ་ཡིན་ལ། ཚོགས་ཆོས་འདིར་ཚིག་ཚོགས་ཉུང་ངུས་དེའི་ཚུལ་སྤྱི་ཙམ་དུ་བསྟན་པ་ནི་ཁྱད་ཆོས་ཆེས་ཁྱད་པར་དུ་འཕགས་པའོ། ། ༢ སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་སོགས་ཀྱི་མན་ངག་གིས་བརྒྱན་ཏེ་མདོ་སྔགས་གང་ཡིན་གྱི་བསལ་གཞག་མེད་པའི་གནས་ལུགས་ཉམས་སུ་ལེན་ཚུལ་གྱི་གདམས་པ་ཁྱད་པར་ཅན་གསུངས་པ་སྟེ། མངའ་བདག་མར་པ་ནས་བརྒྱུད་པའི་མན་ངག་རྒྱུད་བླ་མའི་ལམ་འཁྱེར་གྱི་གནད་དྲུག་སྟེ། རྒྱུ་ཁམས་དང་ངོ་སྤྲད་པ་བྱང་ཆུབ་ཀྱི་གནད། འབྲས་བུ་ཆོས་སྐུ་དང་ངོ་སྤྲད་པ་བྱང་ཆུབ་ཀྱི་གནད། ཆོས་སྐུ་ངོ་སྤྲད་པ་བྲལ་བ་ཡོན་ཏན་གྱི་གནད། གཟུགས་སྐུ་དང་ངོ་སྤྲད་པ་རྣམ་སྨིན་གྱི་གནད། འཕྲིན་ལས་རྟོག་པ་མེད་པ་ཤེས་རབ་ཀྱི་གནད། རྒྱུན་མི་ཆད་པ་ཐུགས་རྗེའི་གནད་དང་བཅས་པ་གསུངས་པ་རྣམས་ཀྱང་ཟབ་ཚུལ་འདི་ཀ་ལས་གོ་དགོས་པས་ནན་ཡན་མཛོད། མདོར་ན་རྗེ་མར་པས། སེམས་ཅན་ནི་རྣམ་པར་རྟོག་པའི་སྐྱོན་གློ་བུར་བ་ཡིན་པས་འདི་དངོས་མེད་དུ་བསྒོམ།སངས་རྒྱས་ནི་རྣམ་རྟོག་གི་དྲི་མ་གློ་བུར་བ་འདི་དང་རང་སེམས་དྲི་མ་མེད་པ་ཡིན། རང་སེམས་འོད་གསལ་འདི་བསྒོམ། ཇི་ལྟར་བསྒོམ་ན་དེ་དག་ཉིད་ལམ་དུ་བྱ་བ་བསམ་གྱིས་མི་ཁྱབ་གསུམ། སེམས་ཅན་གྱི་དུས་ན་དེ་བཞིན་ཉིད་རང་བཞིན་དག་པ་ཡིན། སེམས་ཀྱི་ངོ་བོ་རང་འབྱུང་གི་ཡེ་ཤེས་སུ་བདེན། རང་ངོ་མ་ཤེས་པས་རྣམ་རྟོག་གི་དྲི་མ་སྐྱེ་བ་ནི་བསམ་གྱིས་མི་ཁྱབ།རྣམ་རྟོག་ངོས་གཟུང་མེད་པ་ངོ་སྤྲད་དེ་ཉམས་སུ་བླང་ངོ་། །སྙིང་པོ་ཆོས་ཀྱི་སྐུ་རང་འབྱུང་གི་ཡེ་ཤེས་ལ་སངས་རྒྱས་དང་བྱང་ཆུབ་སེམས་ཅན་ལ་དབྱེ་བ་མེད་པ་ངོ་བོ་འོད་གསལ་དོན་དམ་ཀ་དག་དེ་རང་བཞིན་བསམ་མི་ཁྱབ་ཡིན་ནོ། །གནས་སྐབས་སེམས་ཀྱི་ཆོས་ཉིད་མ་རྟོགས་པ་སེམས་ཅན་ལ་རྟོག་པ་དང་ཉེས་པ་སྣ་ཚོགས་སུ་འཆར་བ་བསམ་གྱིས་མི་ཁྱབ། སེམས་ཀྱི་ཆོས་ཉིད་རྟོགས་པ་སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཡོན་ཏན་འཆར་བ་བསམ་མི་ཁྱབ་ཡིན་ནོ། །རང་བཞིན་འོད་གསལ་ལ་ལྟ་བས་ཐག་བཅད། གནས་སྐབས་ལ་སྒོམ་གྱིས་ཉམས་ལེན་བྱ། རྗེས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱང་ངོ་། །ཞེས་གསུངས་པའི་ཟབ་གནད་དག་གནད་གཅིག་ཏུ་བསྡུས་ནས་མདོའི་ཟབ་དོན་ཁྱད་པར་ཅན་མན་ངག་ཏུ་དྲིལ་བའི་གདམས་པ་རྣམས་མདོར་བསྡུས་སུ་གསུངས་པ་ནི་ཁྱད་ཆོས་བླ་ན་མེད་པའོ། །དེ་ཙམ་དུ་མ་ཟད་ཆོས་ཐུན་འདིར། འཇིག་རྟེན་མགོན་པོས། ལྟ་སྒོམ་སྤྱོད་གསུམ་ཐ་དད་མེད་པར་གཅིག །ཅེས་གསུངས་པའི་ཟབ་གནད་ཀྱང་གསུངས་པས་ངེས་པར་ཤེས་དགོས་པའི་ཟབ་དོན་ཡོད་པས་བཀའ་བརྒྱུད་པའི་རྗེས་འཛིན་དག་གིས་མན་ངག་གི་གནད་འདི་དག་ལ་གཅེས་འཛིན་དང་གལ་གནད་དུ་ཤེས་དགོས་པ་འདྲའོ། །༣—༤ ཕྱི་མ་གཉིས་ཀྱི་སྐབས་སུ་བརྗོད་བྱ་ཐོར་བུར་གསུངས་ཤིང་། ཁྱད་པར་དུ་རང་བཞིན་ན་བཞུགས་པའི་སངས་རྒྱས་གཞི་གདོད་མ་ནས་གནས་ཤིང་དེ་ཉིད་ལམ་དུ་འཁྱེར་བའི་ཚུལ་གྱིས་འབྲས་བུ་མངོན་དུ་བྱེད་པ་འདི་ནི་བླ་མ་དམ་པའི་བཀའ་དྲིན་ལས་མ་གཏོགས་གཞན་དྲིངས་ལ་མ་ལྟོས་པར་རང་རྒྱུད་ལ་སྐྱེས་པའི་ངོ་སྤྲོད་པར་བྱེད་པ་དང་། དེའང་སྤང་བྱ་འཁོར་བའི་ཆོས་ཐམས་ཅད་ནི་གློ་བུར་བ་ཉིད་ཀྱི་ཕྱིར་ཐ་སྙད་དུའང་སེམས་འོད་གསལ་བའི་རང་བཞིན་ལ་རྗེས་སུ་མ་ཞུགས་པས་སྤང་བྱར་མ་གྲུབ་ཅིང་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ནི་ཐ་སྙད་དུའང་རང་བཞིན་གྱིས་གདོད་ནས་རང་རྒྱུད་ལ་ལྷན་ཅིག་སྐྱེས་པའི་སྐུ་དང་ཡེ་ཤེས་སུ་གནས་པས་གསར་ཐོབ་ཏུ་བླང་བྱར་མེད་པས་འཁོར་འདས་སྤང་བླང་དང་བྲལ་ཐོབ་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ལ་རྣམ་རྟོག་ཆོས་སྐུར་ཤར་བ་ཞེས་དང་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞེས་རྗེ་བཙུན་ཆེན་པོ་སྒམ་པོ་པ་ཉིད་ཀྱིས་ལེགས་པར་གསུངས་པས། ཚོགས་ཆོས་འདིར་ཡང་སེམས་དེ་ཉིད་རྟོགས་པ་ལ་བླ་མ་གལ་ཆེ་ཚུལ་གྱི་སྐོར་ཡང་ནན་གྱིས་གསུངས།དེ་ལྟར་གསུངས་དགོས་དོན་ལ་ཞིབ་ཀྱིས་བསམ་ན་རྒྱལ་བ་བཀའ་བརྒྱུད་པའི་ལུགས་འདིའི་བླ་མའི་རྣལ་འབྱོར་གྱི་ཟབ་ཚུལ་ཆེས་ཐུན་མིན་བ་ཡིན་ཏེ། ཀུན་མཁྱེན་མི་བསྐྱོད་པའི་དགོངས་གཅིག་ཚོམས་དང་པོ་གཞན་འགྲེལ་དུ་མཛད་པ་ལས། བཀའ་བརྒྱུད་འདི་པའི་ལུགས་ལ། བླ་མ་ལ་ཆོས་སྐུའི་མོས་གུས། ཞེས་སོགས་གསུངས་པ་ལྟར་སྐྱབས་འགྲོ་ཁོ་ནས་ཀྱང་མདོ་སྔགས་སྙིང་གསུམ་གྱི་ཁྱད་པར་གྲུབ་པ་སྟེ། སྐྱབས་ཡུལ་གྱི་བླ་མ་དེ་ཡང་ཆོས་ཀྱི་སྐུ་རུ་ཤེས་པའི་སྒོ་ནས་ཆོས་ཀྱི་སྐུ་དེ་དང་རང་སེམས་ལྷན་ཅིག་སྐྱེས་པའི་དབྱིངས་གཉིས་པོ་རང་བཞིན་གཅིག་ཏུ་བསྲེ་བའི་སྒོ་ནས་ཉམས་སུ་ལེན་པ་ནི་སྙིང་པོ་ཕྱག་རྒྱ་ཆེན་པོའི་ལུགས་ཀྱི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ཡིན་ལ།འདི་ནི་རང་སེམས་གཞིའི་དབྱིངས་དང་འབྲས་བུའི་སངས་རྒྱས་ཀྱི་ཆོས་སྐུ་གཉིས་པོ་རང་བཞིན་གཅིག་ཏུ་རྫོགས་པའི་ཐབས་ཟབ་མོའི་ཐབས་ཡིན་པར་མ་ཟད། འདི་ལ་ཟབ་མོ་ཆོས་སྐུའི་ཉམས་ལེན་ཞེས་བརྗོད་པ་དང་། ཚུལ་འདི་ནི་སངས་རྒྱས་ཉིད་ཀྱིས་གཟིགས་པ་ལྟར་གྱི་ཆོས་བསྟན་པ་ཡིན་ཕྱིར་ཆོས་སྐུའི་གསང་ལམ་ཡིན་པས་ཟབ་བོ་ཞེས་བསྟན་ཏོ། །ལོངས་སྤྱོད་རྫོགས་སྐུ་དང་འབྲེལ་བའི་ཉམས་སུ་ལེན་ཚུལ་ནི་གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་ཆེ་ཞིང་། དེ་ཡང་ལམ་གྱི་ཆ་ནས་ཀྱང་གཙོ་བོར་རྩ་རླུང་ལ་གནད་དུ་བསྣུན་པས་ལུས་ཀྱི་དེ་ཁོ་ན་ཉིད་ཐུན་མིན་དུ་རྩལ་བཤད་མཛད་པ་ཡིན་ལ། དེ་ལྟར་གྱི་མ་དག་པའི་རླུང་ཕྲ་མོ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ལ་འབྲེལ་ཆེ་བས་ལོངས་སྐུའི་ཉམས་ལེན་དང་འབྲེལ་ཆེ་བ་ཡིན། དེ་ནི་དག་སའི་གཟིགས་ཚུལ་དང་འབྲེལ་ཆེ་ཞེས་ཟེར་ལ་རང་གི་ལུགས་ནི་ས་བཅུའི་སེམས་དཔའ་ཐམས་ཅད་ཀྱི་གཟིགས་ཚུལ་དང་འབྲེལ་ཆེ་བ་དང་ས་བརྒྱད་པ་ནས་མ་དག་པའི་ཡིད་ཕྲ་མོ་ཡོངས་སུ་གནས་གྱུར་པའི་རྒྱུ་མཚན་གྱིས་དག་ས་དང་སྦྱར་ནའང་མི་འགྲིག་རྒྱུ་མེད་དོ་སྙམ། མདོའི་ཉམས་ལེན་ནི་གཙོ་བོར་ཚོགས་དྲུག་གིས་བསྡུས་པའི་ཡུལ་ཡུལ་ཅན་བཅས་པའི་སྟོང་པ་ཉིད་གཏན་ལ་ཕབ་ནས་བཤད་པ་ཡིན་པས་ཚོགས་དྲུག་གི་གནས་གྱུར་དང་འབྲེལ་ཆེ་ཞིང་། གཙོ་ཆེར་སྤྲུལ་སྐུའི་ཉམས་ལེན་ཞེས་བཤད་པ་ཡིན་ལ། འདི་ནི་གཙོ་ཆེར་ལས་དང་པོ་པའམ་ཚོགས་སྦྱོར་ལྟ་བུའི་ཉམས་ལེན་ལ་སྦྱར་ནས་བཤད་ན་ཤིན་ཏུ་འགྲིག་པར་གོ །མདོའི་ཉམས་ལེན་མཐར་ཐུག་པ་བཤད་པ་ན་དཔལ་ལྡན་ཟླ་བའི་ལུགས་ལྟར་འཆད་རྒྱུ་ཡིན་པས་དེ་ལྟར་གྱི་ཚེ་ཚོགས་དྲུག་ལས་མི་བཞེད་པའི་གནད་ཀྱང་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ལྟར་མདོ་སྔགས་སྙིང་གསུམ་གྱི་ཉམས་ལེན་གནད་གཅིག་ཏུ་དྲིལ་བ་ནི་ཤིན་ཏུ་དགོས་པའི་ལམ་གྱི་རིམ་པ་ཡིན་ཏེ། འཇིག་རྟེན་མགོན་པོས། སྐུ་གསུམ་ཐ་དད་མེད་པར་ངོ་བོ་གཅིག །ཅེས་གསུངས་པའི་རྡོ་རྗེའི་བཀའ་ལུང་གི་དགོངས་པ་ལྟར་རོ། །འདི་ལྟ་བུའི་མན་ངག་གི་གནད་མ་ཤེས་པ་འགས་སྒྲུབ་བྱེད་ཉེ་ཚེ་བའམ་མན་ངག་གི་གནད་དང་འབྲེལ་བ་མེད་པའི་རྟོག་གེའི་རིགས་པ་ཁ་ཤས་ཞིག་གི་རྟགས་ལ་བརྟེན་ནས་སྙིང་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་ནི་མདོའི་ཕྱག་ཆེན་གྱི་གདམས་ཚུལ་ལས་མ་འདས་ཞེས་པ་ནི་གནད་མ་ཤེས་པའི་རང་རྟགས་སྟོན་པ་ལས་མ་འདས་པ་ཡིན་ཏེ། སྐུ་གསུམ་གྱི་ཉམས་ལེན་སོ་སོར་སྦྱར་བའི་ཚེ་ནའང་གོང་དུ་བཤད་པ་ལྟར་སྙིང་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་ནི་ཀུན་གཞི་གནས་གྱུར་དང་འབྲེལ་ཆེ་བའི་ཆོས་སྐུའི་གསང་ལམ་གྱི་གདམས་ཚུལ་ཡིན་དང་། གསང་བ་སྔགས་ཀྱི་གདམས་པ་ནི་ཉོན་ཡིད་གནས་གྱུར་དང་འབྲེལ་བའི་རྡོ་རྗེའི་རྩ་རླུང་གི་ངོ་བོ་ལོངས་སྐུའི་ཉེ་ལམ་གྱི་གདམས་ཚུལ། མདོའི་ཕྱག་རྒྱ་ཆེན་པོའི་གདམས་ཚུལ་ནི་ཚོགས་དྲུག་གནས་གྱུར་དང་འབྲེལ་བའི་སྤྲུལ་སྐུའི་ཟབ་ལམ་གྱི་གདམས་ཚུལ་ཡིན་པ་སྟེ། གཙོ་ཆེར་ཟབ་མོ་སྟོང་པ་ཉིད་ཀྱི་གདམས་ཚུལ་དང་འབྲེལ་བ་ཡིན་ནོ་ཞེས་གྲུབ་པས། སྤྲུལ་སྐུའི་ཟབ་ལམ་ལས་ཀྱང་ལོངས་སྐུའི་ཉེ་ལམ་ཁྱད་པར་དུ་འཕགས་ཤིང་དེ་ལས་ཀྱང་ཆོས་སྐུའི་གསང་ལམ་ཁྱད་པར་དུ་འཕགས་པས་མདོ་སྔགས་ཀུན་ལས་ལྷག་པའི་སྙིང་པོའི་ལམ་ཞེས་པ་འདི་ལེགས་པར་གྲུབ་པ་ཡིན་ནོ། །ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ལེན་བྱ་བའང་སྐུ་གསུམ་གྱི་ཉམས་ལེན་འདི་དག་དང་སྦྱར་ནས་ཤེས་དགོས་ཀྱི་གཞན་ནི་མ་ཡིན་ནོ། །བླ་མ་སངས་རྒྱས་ཉིད་ལ་ཡོན་ཏན་གང་མངའ་བ་དེ་ཐམས་ཅད་ད་ལྟ་ཉིད་དུ་རང་རྒྱུད་ལ་རྫོགས་པར་བྱེད་པའི་ཐབས་མཆོག་བསྟན་པ་ཡིན་ལ། གནས་ལུགས་རང་ངོའི་ནས་དེ་ལྟར་ཡིན་ཡང་རྒྱས་འགྱུར་གྱི་སྙིང་པོའི་ཡེ་ཤེས་རྒྱས་པ་ལ་རྒྱས་བྱེད་ཀྱི་དད་སོགས་ཐབས་ཀྱི་བསགས་སྦྱང་ངེས་པར་དགོས་པའི་དབང་གིས་སྦྱིན་སོགས་ཀྱི་ཉམས་ལེན་རྣམས་ཀྱང་ངེས་པར་བསྟན་པ་ཡིན་ཏེ། ངོ་བོ་རོ་མཉམ་པ་ནི་གནས་ལུགས་ཡིན་ལ། གནས་ལུགས་མངོན་དུ་གྱུར་པ་ལ་ཐབས་ཀྱི་བསགས་སྦྱང་ནི་མེད་དུ་མི་རུང་བ་ཡིན་པས་ལམ་ཐབས་ཤེས་ཟུང་འབྲེལ་གྱི་གནད་ཤེས་པར་མཛོད། བླ་མ་ཆོས་སྐུར་ཤེས་པའི་མོས་གུས་ཁྱད་པར་ཅན་འདི་ཉིད་ལ་མོས་གུས་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ་བ་ཡིན་ཏེ། ཐུན་བཞི་ལས། ཐ་མལ་གྱི་འཁྲུལ་པ་རང་གར་ཞིག་སྟེ། ཞེས་དང་། ལམ་གྱི་སྙིང་པོ་མོས་གུས་ཕྱག་རྒྱ་ཆེ། ཞེས་ཀྱང་གསུངས་སོ། །དེ་ཡང་ཇི་སྐད་དུ་རྗེ་མི་བསྐྱོད་པའི་གསང་གཏམ་ཡང་དག་པ་ལས་གསུངས་པ་ལྟར་ཀུན་ཁྱབ་མོས་གུས་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་པས་བྱིན་རླབས་ཀྱིས་ཕྱག་རྒྱ་ཆེན་པོའི་རིགས་སད་ནས་ཐ་མལ་གྱི་འཁྲུལ་པ་རང་གར་ཞིག་པ་ཡིན་ནོ་ཞེས་བྱ་བའི་མོས་གུས་ཀྱི་ལམ་ཚུལ་འདི་འདྲ་བ་ནི་སྙིང་པོའི་ལུགས་ཀྱི་གདམས་ཚུལ་ཐུན་མོང་མ་ཡིན་པ་ཡིན་ནོ། །རྗེ་མི་བསྐྱོད་པའི་སྙིང་པོ་གསང་དོན་ལས་ཀྱང་། མདོར་ན་པཎ་ཆེན་ནཱ་རོ་དང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་གཏུགས་པའི་སྐལ་ལྡན་གྱི་སློབ་མ་ས་ལམ་ཡོན་ཏན་ཐམས་ཅད་མོས་གུས་འབའ་ཞིག་གིས་ཆིག་ཆོད་དུ་འགྲོ་བའི་དབང་རྣོན་སྐྱེས་བུ་ཆེན་པོར་ཕྱེ་བ་མ་གཏོགས་བྱིན་བརླབས་དང་བྲལ་བའི་བརྒྱུད་པ་གཞན་ནི་བྱེ་མ་མར་མི་འདོན་པ་ཡིན་ཞིང་། ཞེས་སོགས་གསུངས་པ་ཡིན་ནོ། །འོན་ཀྱང་དེང་གི་བཀའ་བརྒྱུད་པའི་རྗེས་འཛིན་རྣམས་ནི་རང་རང་ས་ནས་ཡིན་མདོག་རེ་སྟོན་ནས་བཞུགས་མཛད་འདུག་པ་ལས། ཉམས་ལེན་གྱི་གནད་འདི་དག་ཇི་བཞིན་བཀྲལ་ནུས་མཁན་ནི་ཉུང་ཉུང་ལས་མི་འདུག་ཅིང་། ཁྱད་པར་སྙིང་པོའི་ལུགས་ཀྱི་མན་ངག་ནི་མདོ་རྐྱང་སྔགས་རྐྱང་བཤད་པ་ཐུན་མོང་བ་ཙམ་ལས་བརྒལ་ཡོད་ཚུལ་ཤེས་མཁན་ཡང་གཏན་ནས་མེད་པ་ལྟར་འདུག་ཨང་། འཀའ་བརྒྱུད་གོང་མ་རྣམས་ཀྱི་གཞུང་གི་ཁྱད་ཆོས་གཙོ་བོ་ནི་མན་ངག་གི་གནད་རྣམས་རྒྱབ་རྟེན་དུ་མཛད་པ་འདི་ཉིད་ཡིན་པས་འདི་དག་ལ་དོ་སྣང་དང་གལ་ཆེན་དུ་མཛད་གལ་ཆེའོ་སྙམ་པ་ལགས། ཇི་སྐད་ཞུས་པའི་མོས་གུས་ལམ་ཁྱེར་གྱི་གདམས་པ་ཁྱད་པར་ཅན་དེ་འདྲ་བའི་ལམ་ནས་གྲོལ་བ་ནི་དབང་པོ་ཆེས་རྣོན་པོ་རྣམས་ལ་ཡིན་པས། ཕལ་མོ་ཆེ་ལ་མན་ངག་འདིས་བརྒྱན་པའི་ཉེ་ལམ་གནད་ཆེ་བ་དྲུག་སྟེ། འཁྲུལ་པ་ཐ་མལ་གྱི་འདུ་ཤེས་ཡིན་ལ་དེའི་གཉེན་པོར་བསྐྱེད་རིམ་གནད་དུ་ཆེ། སངས་རྒྱས་དགོངས་པ་རང་རྒྱུད་ལ་བཞུགས་པའི་ཕྱིར་བླ་མ་ལ་མོས་གུས་དང་ཡི་དམ་གྱི་བསྙེན་སྒྲུབ་མཁའ་འགྲོའི་ཚོགས་གཏོར་བྱིན་རླབས་བསྐུར་བ་གནད་ཆེ། འཁོར་བའི་རྩ་བ་ཀུན་རྟོག་ཡིན་ལ་དེའི་གཞོན་པ་རླུང་ཡིན་པས་རྩ་སྦྱང་ཞིང་རླུང་དྷཱུ་ཏིར་བཟུང་བ་གནད་དུ་ཆེ། འཁོར་བའི་རང་བཞིན་སྡུག་བསྔལ་ཡིན་ལ་སྡུག་བསྔལ་གྱི་གཉེན་པོར་བདེ་བ་ཡིན་པས་དེའི་རྒྱུ་ཉི་ཟླ་དབང་དུ་བྱེད་ཅིང་སྤེལ་སྦྱང་གནད་དུ་ཆེ། རྩ་རླུང་སེམས་གསུམ་གྱི་འཁོར་ལོའི་ངོ་བོ་གཟུང་འཛིན་ཡིན་ལ་དེའི་གཉེན་པོར་གནས་ལུགས་རྟོགས་པ་ཡིན་པས་ཡིད་ལ་མི་བྱེད་པ་རང་གྲོལ་ཕྱག་རྒྱ་ཆེན་པོ་གནད་དུ་ཆེ། འཁོར་བའི་འཁོར་ལོ་མ་རིག་པ་ལ་སོགས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡིན་ལ། དེའི་གཉེན་པོ་གསང་བའི་རྟེན་འབྲེལ་ཟབ་མོའི་དོན་ལ་མཁས་པ་གནད་དུ་ཆེའོ་ཞེས་གསུངས་སོ། །དེ་ལ་ཕྱིའི་རྟེན་འབྲེལ་བླ་མ་བསྟེན་པ་སོགས་ཡིན་ལ། ནང་གི་རྟེན་འབྲེལ་རྩ་རླུང་གི་སྟེང་དུ་བསྒྲིག་ལ། གསང་བའི་རྟེན་འབྲེལ་བྱང་ཆུབ་སེམས་ལ་བསྒྲིག །དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་རང་སེམས་རྒྱལ་བའི་དཀྱིལ་འཁོར་དུ་བསྒྲིག་པའོ། །དེ་ལྟ་བུའི་མན་ངག་འདི་གསང་སྔགས་དང་སྦྲེལ་ནས་ཉམས་སུ་ལེན་པའི་གནད་དེ་ད་ཡིན་ལ། དེའི་གནས་ཀྱིས་སྐབས་འདིར་ཡང་སྔགས་ཐུན་མིན་གྱི་སྐབས་སུ་གལ་ཆེ་བ་ནི་གཙོ་བོར་ཐུགས་དམ་ལྔ་ཚན་ལྔ་ཕལ་མོ་ཆེར་རྒྱ་གཞུང་ཁ་གསལ་གནང་བའི་སྒོ་ནས་མངོན་རྟོགས་གཏོར་ཆོག་དང་བཅས་པ་མཛད་པ་རྣམས་ཡིན་མོད། དེ་ལས་ཀྱང་སྐབས་འདིར་ཞུ་འདོད་པ་ནི་མན་ངག་དམར་ཁྲིད་དུ་མཛད་པའི་གདམས་པ་ཁག་མཚན་ཙམ་སྨོས་ཏེ་ཞུས་ན། རྫོགས་རིམ་མན་ངག །སྒྱུ་ལུས་བསྒོམ་ཐབས། གཉིད་རྨི་ལམ་དང་བསྲེེ་བ། གཉིད་འོད་གསལ་དང་བསྲེ་བའི་མན་ངག །འཕོ་བ་སྦྱོང་བའི་མན་ངག །རྣམ་ཤེས་གྲོང་འཇུག་གི་མན་ངག །རྫོགས་རིམ་རླུང་སེམས་གཉིས་མེད། ཆོས་དྲུག་གི་ཞལ་གདམས་ཚན་གཉིས། གཏུམ་མོ་གང་སེང་མ་སོགས་གཏུམ་མོའི་སྐོར་བཞི། བསྲེ་བ་བསྐོར་གསུམ། ཐིག་ལེའི་གེགས་སེལ། ཕྱག་ཆེན་ཐོག་བབས། འབྲེལ་བ་གསུམ་ལྡན། བཀའ་རྒྱ་མ། གེགས་སེལ་ཐོར་བུ་མ། གེགས་སེལ་ཞལ་གདམས་མ་འདི་ལ་སོགས་པའི་གལ་གནད་ཆེ་ཞིང་བརྗོད་བྱ་ཟབ་པའི་གཞུང་གི་ཚན་པ་ངོ་མཚར་བ་བཞུགས་པ་འདི་དག་ལ་ནན་ཏན་དགོས་གལ་ཆེ་བར་སྙམ། འདི་དག་གི་བརྗོད་བྱའི་ཁྱད་ཆོས་གླེང་ཁུལ་བྱས་བསྡད་ན་ཡིག་ཚོགས་མང་བར་འགྱུར་བས་རེ་ཞིག་བཞག །མདོར་ན་བརྗོད་བྱའི་ཁྱད་ཆོས་ཇི་ལྟར་གླེང་འདོད་པ་ནི་འདི་ལྟར་ཡིན་ཏེ། མདོ་རྐྱང་སྔགས་རྐྱང་གི་བཤད་ཙམ་མ་ཡིན་པར་ལུང་རིགས་ཚད་ལྡན་དང་ཕྱག་རྒྱ་ཆེན་པོའི་མན་ངག་ཁྱད་པར་ཅན་གྱི་སྒོ་ནས་མདོ་སྔགས་ཀྱི་འཆད་ཚུལ་ཐུན་མིན་དུ་མཛད་པ་འདི་དག་ཁྱད་ཆོས་ཆེས་ཆེ་བ་དག་ཡིན་པས་རང་ཅག་གིས་མན་ངག་གི་ཟབ་ཚད་དང་ཁྱད་ཆོས་ཤེས་དགོས་པ་ཡིན་ཞེས་ཞུ་འདོད་པ་ཡིན། གཞུང་གི་འགྲོ་སྟངས་ཐུན་མོང་བ་ཙམ་དང་ཆོ་གའི་བཤད་པ་ཕྱོགས་རེ་བ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་མན་ངག་ལ་ནན་ཏན་དགོས་པ་ཡིན་ཏེ། ཉམས་སུ་ལེན་ལུགས་ལ་ཁྱད་པར་དུམ་བུ་རེ་འབྱུང་བའི་གནད་ཀྱིས་ཉམས་ལེན་གནད་དུ་ཁེལ་མིན་དུ་མ་འབྱུང་བས་སོ། །ཇི་སྐད་བཤད་པའི་གནད་ཆེ་བ་རྣམ་པ་དྲུག་གི་ཐོག་ནས་ཞུས་པ་ནི་ལུགས་འདིའི་མན་ངག་གསང་སྔགས་བླ་མེད་དང་སྦྲེལ་ནས་ཉམས་སུ་ལེན་པའི་ཚུལ་ཡིན་ལ། བདག་ཅག་ལ་བཀའ་དྲིན་ལྷག་པར་ཆེ་བའི་མཉམ་མེད་དྭགས་པོ་ལྷ་རྗེ་དེས་མན་ངག་འདི་མདོའི་རིམ་པ་དང་སྦྲེལ་བའི་ཉེ་ལམ་ཞིག་ཀྱང་རང་ཅག་ལ་བཙལ་འདུག་པས་ངེས་པར་མཛོད།

༣ འབྲས་བུའི་ཕན་ནུས་ཀྱི་ཁྱད་ཆོས་རགས་ཙམ་གླེང་བ་ནི།

ཚོམས་དང་པོ་གཞན་འགྲེལ་དུ་མཛད་པ་ལས། བཀའ་བརྒྱུད་རིན་པོ་ཆེ་འདི་ལ། རྗེ་དུས་མཁྱེན། ཕག་གྲུ་པ། འབྲི་སྟག་ཞང་ཚལ་པ་སོགས་བླ་མ་རིན་པོ་ཆེ་རེ་རེས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པའི་རྒྱུན་རྗེ་བཙུན་བྱམས་མགོན་མི་ཡུལ་དུ་མ་བྱོན་གྱི་བར་རྒྱུད་མི་འཆད་པར་བྱིན་གྱིས་བརླབས་པ་འདི་ནི། ཨེ་མ་ངོ་མཚར་སྲིད་དོ་ཅོག་ལས་ཀྱང་ངོ་མཚར་ཞིང་བླ་ན་མེད་པའི་སྤྱོད་ཡུལ་དུ་གྱུར་ཏོ། །ཞེས་གསུངས་པ་ལྟར་རྗེ་དུས་གསུམ་མཁྱེན་པ་ལྟ་བུའི་གསུང་རྣམས་ནི་་ཇི་སྐད་བཤད་པ་ལྟར་ལུང་རིགས་མན་ངག་གི་བརྒྱུད་པ་ཆ་ཚང་ཞིང་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཤ་སྟག་ཏུ་སྣང་བས་རང་རེ་རྗེས་འཛིན་པ་རྣམས་ཀྱིས་འདི་དག་ལ་ཐོས་བསམ་དང་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ཇི་བཞིན་འཛིན་ཐབས་ལ་འབད་དགོས་ཞིང་། དེ་ཡང་སྔར་བཤད་པ་ལྟར་འདི་པའི་ལུགས་ཀྱི་ཐུན་མིན་གྱི་མན་ངག་ལ་འབད་འབུང་ཆེར་བསྐྱེད་དགོས་པ་ཡིན་གྱི། དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་རྟོག་ཆོས་སྐུའི་དོན་བརྗོད་པའི་བསྟན་བཅོས་ལས། ཕྱི་དུས་དྭགས་བརྒྱུད་རྗེས་འབྲང་རློམ་པའི་ཚོགས། །ཕ་ཆོས་ཡིན་སྙམ་ཞེན་རུས་ཙམ་གྱིས་འཛིན། །ཞེས་གསུངས་པ་ལྟར་ཆོས་བརྒྱུད་འདིའི་རྣམ་པ་ཙམ་ཞིག་ལ་འཐམ་ནས་མན་ངག་ལ་ནན་ཏན་མེད་པའི་ཕྱོགས་ཞེན་ཕོ་རུས་ཙམ་དུ་གྱུར་ན་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་པ་འདྲ། ཡང་གཞུང་དེ་ཉིད་ལས། ཡང་ཁོང་གིས། སྣང་མྱོང་ཙམ་གྱི་འཆར་སྒོ་འདི་ཀ་ལ། །འཇིག་རྟེན་སྐྱེ་བོ་བདག་དང་བདག་གིར་ལྟ། །ཕྱི་རོལ་པ་རྣམས་རྟག་ཆད་གང་རུང་འཛིན། །ཉན་ཐོས་པ་ཡིས་མི་རྟག་སྡུག་བསྔལ་དང་། །བྱེད་པོས་སྟོང་དང་གང་ཟག་མེད་པར་རྟོགས། །སེམས་ཙམ་པ་ཡིས་བཟུང་འཛིན་ཀུན་བཏགས་ནི། །བརྫུན་པར་ཤེས་ཤིང་གཉིས་མེད་རང་རིག་ཙམ། །སླུ་མེད་དོན་དམ་ཉིད་དུ་འཛིན་པས་གནས། །དབུ་མ་པ་ཡིས་ལྟོས་ནས་འབྱུང་བ་ལྟར། །སྣང་བས་སྒྱུ་མ་ཙམ་གྱིས་རྟེན་འབྲེལ་ཏེ། །རྟག་ཆད་ཡོད་མེད་མ་ཡིན་སྟོང་པ་ཉིད། །སྤྲོས་དང་བྲལ་བ་མཚན་མས་སྟོང་པར་ཤེས། །འདི་ནི་བླ་མའི་གདམས་པས་མ་བརྒྱན་ཕྱིར། །དབུ་མ་འབྲིང་པོ་ཡིན་ཞེས་མཻ་ཏྲི་བཞེད། །བསྐྱེད་རིམ་ལམ་པས་ལྷ་སྔགས་ཉིད་དུ་བལྟ། །ཞུ་བདེའི་ལམ་པས་བདེ་བར་རྒྱས་འདེབས་བྱེད། །ཟུང་འཇུག་རབ་ཏུ་མི་གནས་དབུ་མ་ཆེ། །ཕྱག་ཆེན་གྲུབ་པ་ཆོས་འདིའི་རྣལ་འབྱོར་པས། །མཆོག་ཏུ་མི་འགྱུར་བདེ་ཆེན་ཆོས་ཉིད་སྐུ། །ལྷན་སྐྱེས་ཉིད་དུ་གཟོད་ནས་གནས་པར་མཐོང་། །ཞེས་གསུངས་པ་ལྟར་ལུགས་འདིར་ཐུན་མོང་བ་མདོ་རྐྱང་སྔགས་རྐྱང་དང་། ཐུན་མིན་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་ཞེས་གསུམ་དུ་འཇོག་པ་ཡིན་ལ། སྤྱིར་མདོ་སྔགས་ཐུན་མོང་བ་ཙམ་ནི་ཕྱག་རྒྱ་པ་མ་ཡིན་པའི་གཞན་ཀུན་ལའང་ཡོད་མོད། འདིར་བརྒྱན་རྒྱུའི་མན་ངག་སྙིང་པོའི་གདམས་པ་འདི་ཡོད་མེད་ཀྱི་སྒོ་ནས་ཁྱད་པར་འབྱེད་དོ་སྙམ། དེ་ལྟ་བུའི་སྙིང་པོའི་མན་ངག་གི་གདམས་ཚུལ་དེ་ལ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་ཞེས་ཐ་སྙད་མཛད་པ་ཡིན་ལ། དེ་ནི་མདོ་སྔགས་གང་དང་སྦྲེལ་ཡང་སྦྲེལ་རུང་བ་ཡོད་ལ་མདོ་སྔགས་ཐུན་མོང་བ་ཙམ་ལས་ནི་ལྷག་པ་ཞིག་གོ །འདི་ལ་དགོངས་ནས་གསུངས་པའི་གཞུང་མང་ཡང་ཡི་གེས་འཇིགས་སོ། །ཇི་སྐད་བཤད་པའི་སྤྱི་འགྲོས་དེ་དག་ཙམ་རེ་ཤེས་ན་དམ་ཆོས་འདུལ་བ་ཡན་ཆད་ཀྱི་ལམ་རིམ་ཐམས་ཅད་ལ་ཕྱག་རྒྱ་པའི་མན་ངག་གིས་བརྒྱན་དགོས་ཞེས་འཇིག་རྟེན་མགོན་པོས་གསུངས་པ་དང་། ལྷན་སྐྱེས་རྡོ་རྗེས་ཚད་ཕར་དབུ་རྒྱུད་ཀུན་ལ་མན་ངག་འདིས་བརྒྱན་ཚུལ་ཡོད་ཅེས་གསལ་པོར་གསུངས་མཛད་པ་སོགས་ཀྱི་དགོངས་པའི་གནད་ཀྱང་ཤེས་ནུས་པ་ཡིན་ལ། འགྲོ་བའི་མགོན་པོ་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱིས་མདོ་སྔགས་ཀྱི་གཞུང་འཆད་ཚུལ་ཇི་ལྟར་ཡིན་པའང་གཟོད་ཤེས་ནུས་སོ། །འདི་ཙམ་ཡང་མི་ཤེས་པ་དག་གིས་བཀའ་བརྒྱུད་པའི་མཁས་པ་དང་གྲུབ་པ་ཡིན་མདོག་བྱེད་པ་ནི་རང་ཉིད་ལ་ངོ་ཚ་མེད་ཚུལ་གྱི་རང་གཤིས་སྟོན་པ་ཙམ་ལས་གཞན་ཅི་ཡང་མ་ཡིན། དེ་ཡང་ཚད་མ་རྣམ་འགྲེལ་འཆད་པའི་སྐབས་སུ་ཕྱག་རྒྱ་པའི་མན་ངག་དང་སྦྱར་ན་དོན་དང་དོན་མིན་རྣམ་པར་འབྱེད་པའི་ཟབ་གནད་དང་དེ་ལས་འཕྲོས་པའི་གཞན་སེལ་གྱི་ཟབ་གནད་དག་ལས་ལྟ་བའི་གནད་གོ་ཚུལ་གྱི་རྣམ་བཞག་རྣམས་ཁོ་བོས་རྒྱ་ཆེར་བྲིས་ནས་སྤེལ་མྱོང་ལ། དེ་བཞིན་དུ་ཐུན་མོང་ལམ་སྲོལ་ལྟར་འཆད་པའི་ཚེ་ཡང་རང་རེའི་ལུགས་འདིར་དམིགས་བསལ་གྱི་ཞིབ་ཆ་ཤིན་ཏུ་མང་བས། རང་གི་ལུགས་འདིར་ཡང་ཐུན་མོང་བའི་མདོ་རྐྱང་སྔགས་རྐྱང་གི་བཤད་སྲོལ་ཆ་ཚང་རེ་དང་། ཐུན་མོང་མིན་པའི་མདོ་སྔགས་ཀྱི་བཤད་སྲོལ་ཆ་ཚང་རེ་ཤེས་དགོས་པ་ཡིན། དཔེར་ན་དབུ་མར་འཇུག་པ་ལྟ་བུ་གཅིག་ལ་མཚོན་ན་ཐུན་མོང་དུ་འཇུག་པ་རང་རྐང་གི་བཤད་པ་ཆ་ཚང་ཞིག་ཤེས་དགོས་པའི་ཁར། ཐུན་མིན་སྙིང་པོའི་མན་ངག་གིས་བརྒྱན་ནས་བཤད་པའི་འཇུག་པའི་བཤད་སྲོལ་ཀྱང་ཤེས་དགོས། གཞུང་ལུགས་དེ་དག་ཙམ་དུ་མ་ཟད་ལམ་རིམ་རེ་རེ་སྟེ། མི་རྟག་ལྟ་བུའམ་སེམས་བསྐྱེད་ལྟ་བུའི་ལམ་གྱི་རིམ་པ་རེ་རེ་ལའང་ཐུན་མོང་མདོ་རྐྱང་སྔགས་རྐྱང་བཤད་པ་ཇི་ལྟར་དགོས་ཚུལ་དང་། ཐུན་མིན་མན་ངག་ཏུ་དྲིལ་ནས་འཆད་པའི་ཚེ་བཤད་སྲོལ་ཇི་ལྟར་ཡིན་ཚུལ་རྣམས་ལེགས་པར་ཤེས་ན། གཟོད་འདི་པའི་ལུགས་ཀྱི་ལྟ་གྲུབ་འདི་ལུང་རིགས་མན་ངག་གསུམ་གྱི་ཐོག་ནས་གོ་ངེས་པ་ཡིན་ལ། དེ་ལྟར་མ་གོ་བ་རྣམས་ཀྱིས་བསྟན་པ་འདི་ལ་ལོག་འགྲེལ་མི་མཛད་པར་ཞུ། ཁོ་བོས་བྲིས་པའི་རྒྱན་གྱི་འགྲེལ་ཆེན་དུ་དབུ་ནས་མཇུག་གི་བར་དུ་ཕྱག་ཆེན་གྱི་གདམས་པ་དང་སྦྱར་ནས་དམིགས་སུ་བཤད་ཡོད་པས་མོས་པ་ཡོད་མཁན་ཚོས་རྗེས་སུ་དེར་གཟིགས་མཛོད། ཇི་སྐད་བཤད་པའི་གནས་བབ་མཁྱེན་ཞིང་བསྟན་པའི་གཞི་རྩ་ལ་ཐུགས་བསམ་ཚུལ་བཞིན་གནང་མཁན་གྱི་བླ་མ་མ་ཁོང་རྣམ་པས་མི་རྒྱུ་གཉིས་ཀའི་ཆ་ནས་ནུས་པ་གང་ཡོད་བཏོན་ཏེ་དམ་པ་ཁོང་མའི་རྩ་ཆེན་གྱི་རིགས་གཞུང་ཁག་རིན་མེད་དུ་འགྲིམ་སྤེལ་མཛད་བཞིན་པ་ལགས། ཁོང་རྣམ་པའི་བཞེད་དགོངས་ལྟར་རང་ཅག་གིས་རིགས་གཞུང་འདི་དག་ལ་ཐོས་བསམ་ནན་ཏན་དང་བརྒྱུད་འཛིན་ཚུལ་བཞིན་གནང་རྒྱུ་ནི་སྐབས་སུ་བབ་པའི་ལས་འགན་ལྟ་བུར་སྣང་ལ། གོང་དུ་བཤད་པ་ལྟར་རང་རེའི་ཐུན་མིན་གྱི་ཁྱད་ཆོས་མན་ངག་གི་ལུགས་ཀྱི་ཟབ་གནད་འཚོལ་བ་ནི་ཤིན་ཏུ་གལ་ཆེ་བའི་གནད་དུ་སྣང་བས། ཟབ་གནད་དེ་དག་སྟོན་པའི་བསྟན་བཅོས་ཟབ་མོ་རྣམས་ཤིན་ཏུ་དགོས་གལ་ཆེ་ཕྱིར། བཀའ་བརྒྱུད་པ་ཁས་འཆེ་བ་རྣམས་ཀྱིས་རང་ལུགས་ཀྱི་རྡོ་རྗེའི་གསུང་འདི་དག་ལ་དད་པས་ཀུན་ནས་བསླངས་ཏེ་ལྷོད་པོའི་སྒོ་ནས་མཇལ་བར་སྙིང་ནས་སྐུལ་ལོ། །

ཞེས་པ་འདི་ནི་དབྱངས་ཅན་བཞད་པའི་དཔལ་དགའ་བའི་བློ་གྲོས་ཀྱི་མིང་ཅན་རང་བྱུང་རིག་གྲོལ་ཡེ་ཤེས་ཤེས་རབ་མཆོག་ལྡན་གྱིས་བཀའ་བརྒྱུད་པའི་ཆོས་གྲྭ་མཛོད་རྩེ་ནང་བསྟན་མཐོ་སློབ་ལེགས་བཤད་ནོར་བུའི་གླིང་ནས་རང་ལོ་ཉེར་གཉིས་པར་སྦྱར་ཏེ་ཕུལ་བས་དོན་དང་ལྡན་པར་གྱུར་ཅིག །བཀྲ་ཤིས།