ནང་ཆེན། པདྨ་ལྷ་མཛེས།
ཁེར་ལབ།
གླུ་སྙན་པོ་སེམས་ཀྱི་ཟབ་སར་ཟགས་དུས
ཁྱོད་ནི་ང་ཡི་འཇིག་རྟེན་ཀྱི་བྱེད་པོ་ཡིན
ཆར་ཤུལ་གྱི་ནམ་མཁའ་རུ
དྲན་གདུང་གི་ཐ་སྙད་ཐོགས་པ་ནས་བཟུང
རྒྱང་རིང་དུ་འཕུར་བའི་ཁྲུང་ཁྲུང་ལ
བྲིས་པའི་ཡིག་ཆུང་བསྐུར་ཆོག་པར་ཞུ
སྡོང་ལོ་ས་རུ་ལྷུང་དུས
གཙང་བོ་འཁྱག་གིས་སྡོམ་དུས
དུས་ཚིགས་ལ་ཁྲེལ་འཇོག་ཅི་ཡང་མེད་པས
རང་སེམས་ནི་ཁེར་རྐྱང་གི་གོད་ཆགས་ཡིན་པ་འདྲ་ཡང
ཁྱོད་དང་འབྲེལ་བའི་ཡིག་འབྲུ་རེ་རེ་ལྷུ་སྒྲིག་བྱེད་བཞིན་ཡོད
གང་ལྟར
སྙིང་ཉེ་བའི་མི་ལགས
ཁྱོད་རང་དྲན་ན་ང་རང་ཁུ་སིམ་དུ་གྱུར་འགྲོ
ཁྱོད་ལ་འདི་ལྟར་མགོ་འཁོར་ནས་དུས་ཚོད་ག་ཙམ་འགོར་སོང་ངམ།
སྙིང་།
སེམས་འདི་མཚར་ཨང
དེ་ནི་རླུང་ལ་ཐོགས་པའི་གཤོག་པ་བཞིན
གང་སར་འཕུར་ཏེ
མཛེས་སྡུག འབག་བཙོག ལྷིང་འཇགས ཟང་ཟིང་སོགས
ཚོར་བའི་ཐ་སྙད་རེ་རེ་སྙིང་གི་ཟབ་སར་བཏབ
དུས་དེ་ནས་བཟུང
སྙིང་འདི
དགོད་སླ་ལ་ངུ་ཡང་སྐྱེན་པའི
བྱིས་པ་གཅེར་བུ་མ་ཞིག
བྱིས་པས སྐབས་སྐབས་སུ
ལུ་གུ་འཚོལ་རྒྱུའང་བརྗེད་དེ
ཆུ་འགྲམ་དེ་ནས་ཁེར་ལབ་ཡང་དུ་བརྒྱབ
ཁྱོད།
ཁྱོད་ནི་ང་ལས་ཕྱུང་བའི་ང་གཞན་ཞིག་སྟེ།
ངའི་འདས་མ་ད་གསུམ་གྱི་ཞེ་འདང་དེ་ཡིན།
ད་ལྟ། མཚན་མོ་དང་ཁྱོད་རང་གཞི་ནས་འདྲེས་ལ་ཉེ།
ངས་ཁྱོད་ལ་མཚན་མོ་ལས་རང་དབང་གཞན་ཞིག་ཐོབ་ཅིང་།
ཉིན་དཀར་མོའི་འཇིག་རྟེན་ལས་རྒྱལ་ཁ་གཞན་ཞིག་ཐོབ་པའི་སྨོན་འདུན་ཞུ།
ང་ལ་སེམས་ཁྲལ་ཞིག་ཡོད།
མིག་མདུན་གྱི་ཟམ་པ་ཆུང་ཆུང་བརྒལ་ནས།
ཕ་རོལ་གྱི་ཡུལ་ཞིག་ལ་འགྲོ་དུས།
ང་ལ་སེམས་ཁྲལ་ཞིག་ཡོད།
ཕ་མ་གཉིས་པོའི་འཛུམ་མདངས་དྲན་ནས།
ཕུགས་འདུན་ཞིག་ལ་རེ་སྙེག་བགྱིད་དུས།
ང་ལ་སེམས་ཁྲལ་ཞིག་ཡོད།
བརྩེ་དུང་ཞེས་པའི་ཐ་སྙད་དྲན་ནས།
སེམས་དང་སེམས་པའི་གཏིང་ལ་སྔོག་བཤེར་ཞིག་བྱེད་དུས།
ང་ལ་སེམས་ཁྲལ་ཞིག་ཡོད།
སྐྲ་ནག་བཅད་ཟིན།
ངས་ཡུན་རིང་སྐྱེས་པའི་སྐྲ་ནག་བཅད་ཟིན།
ལྷན་དུ་གདུང་སེམས་དང་མནར་གཅོད་བཅད་ཡོད།
ཁྱེད་ཀྱིས་ང་རང་འགྱུར་སོང་མ་གསུང་རོགས།
འགྱུར་ཟེར་བའི་ཐ་སྙད་འདིར་ནང་དོན་ཕྱུག་པོ་ཡོད་པས།
ངས་དེའི་བརྗོད་སྙིང་རྟོགས་དཀའ་ཨང་།
ངས་ཡུན་རིང་སྐྱེས་པའི་སྐྲ་ནག་བཅད་ཟིན།
ལྷན་དུ་སྐྲག་གསེབ་ཏུ་ཡབ་པའི་གསང་བ་བཅད་ཡོད།
ཁྱེད་ཀྱིས་ང་རང་རྒྱ་མོར་འགྱུར་འདུག་མ་གསུང་རོགས།
ངས་བཅད་ཟིན་པ་ནི་ཚུལ་མེད་དང་ཁྲེལ་མེད་ཡིན་པ་ལས།
སྐད་དང་ཡི་གེ་ཟེར་བའི་ལ་རྒྱ་བཅད་མེད་པས།
ངས་ནམ་ཡང་རང་ནི་སུ་ཞིག་ཡིན་པ་རྟོགས་ཀྱིན་ཡོད།
ངས་ཡུན་རིང་སྐྱེས་པའི་སྐྲ་ནག་བཅད་ཟིན།
ལྷན་དུ་འདས་སོང་གི་ལོ་ཟླ་བཅད་ཡོད།
ཁྱེད་ཀྱིས་ང་རང་གི་བསམ་བློ་གུ་དོག་སོང་མ་གསུང་རོགས།
མི་རེའི་འཚོ་བའི་བརྒྱུད་རིམ་མི་འདྲ་བས།
ངས་ནམ་ཡང་དོར་སྙིང་བ་ནི་རྨོངས་འཁུམས་ཀྱི་ང་རང་ངོ་།།
ངས་ཡུན་རིང་སྐྱེས་པའི་སྐྲ་ནག་བཅད་ཟིན།
ལྷན་དུ་གཏི་མུག་གི་བསམ་སྤྱོད་བཅད་ཡོད།
ཁྱེད་ཀྱིས་ང་རང་བྱིས་བློས་འཐིམས་འདུག་མ་གསུང་རོགས།
དུས་འདིའི་མིང་ལ་ལང་ཚོ་སྨྲ་བས།
ངས་རང་ལ་རང་འཚམས་ཀྱི་མཛེས་དཔྱོད་འདོམས་ཀྱིན་ཡོད།
ངས་ཡུན་རིང་སྐྱེས་པའི་སྐྲ་ནག་བཅད་ཟིན།
ལྷན་དུ་ཁྱོད་དང་འབྲེལ་བའི་གཏམ་རྒྱུད་བཅད་ཡོད།
ཁྱེད་ཀྱིས་ང་རང་ཁ་སྤྱོད་ཡང་སོང་མ་གསུང་རོགས།
ལས་དབང་ཟེར་བའི་བརྐོས་བཞག་འདི་མེད་པས།
ངས་ཡིད་ཐང་ཆད་པོས་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1429
2020 ལོའི་ཟླ 11 ཚེས 22 ཉིན། སྔ་དྲོ། 8:22
བུ་མོ་ཙ་ཡ་སྙན་ངག་ཞིམ་པོ་འབྲི་མཁན་ཞིག་རེད། བུད་མེད་ཀྱི་འཇམ་གཉེན་ག་བར་སིམ་འདུག
2020 ལོའི་ཟླ 11 ཚེས 22 ཉིན། སྔ་དྲོ། 8:23
བུ་མོ་ཙ་ཡ་སྙན་ངག་ཞིམ་པོ་འབྲི་མཁན་ཞིག་རེད།