ཞོགས་ལྗང་གིས་བསྒྱུར།
དང་པོ།
དཔལ་ཡོན་སྤྱི་ཚོགས་ལ་དྲག་ཤུགས་ཀྱི་ཁྱབ་ཚད་དམའ།

དཔལ་ཡོན་ནི་རྒོད་གཤིས་ཡལ་ཞིང་མི་གཤིས་བསྐྱེེད་པ་དང་། མི་ཉིད་མི་རུ་བལྟ་ཞིང་། མིའི་བྱེད་སྟངས་ཀྱིས་མིར་ལྟ་སྟངས་འཛིན་པའོ།། ལོ་རྒྱུས་ཡི་གེར་བཀོད་པ་ནས་བཟུང་། མིའི་རིགས་སྤྱི་ཚོགས་ཀྱི་དྲག་ཤུགས་ཀྱི་ཁྱབ་ཚད་དམའ་རུ་སོང་། འདི་ནི་དཔལ་ཡོན་སྤྱི་ཚོགས་གོང་ནས་གོང་དུ་འཕེལ་བའི་ཆེས་གལ་ཆེའི་མཚོན་རྟགས་དེ་ཡིན།

གཉིས་པ།
དཔལ་ཡོན་སྤྱི་ཚོགས་ལ་བརྟན་འཇགས་ངེས་གཏན་གྱི་རྒྱུ་ནོར་ཐོབ་ཐང་ཡོད།

སྲོག་ཆགས་གཞན་གྱིས་འདི་ངའི་ཡིན་ཞིང་། དེ་ཁྱོད་ཀྱི་ཡིན་ཞེས་བརྗོད་ཐབས་བྲལ། ས་ཁོངས་དང་རྒྱུ་རྫས་ཐམས་ཅད་བཙན་གཉོམ་གྱིས་འཁྱེར་བའི་གདོད་མའི་སྒྲིག་སྲོལ་འབའ་ཞིག་ལ་བསྟུན། དཔལ་ཡོན་སྤྱི་ཚོགས་ཀྱི་ཆེས་གལ་ཆེ་བའི་ཁྱད་ཆོས་ནི། ང་དང་ཁྱོད་ལ་བདག་པའི་དབྱེ་མཚམས་དེ་ཁྲིམས་དང་སྲོལ་གྱིས་འབྱེད་ཅིང་ངེས་གཏན་དུ་ཡོད། “ཁྱིམ་མཚེས་བཟང་བོ་བསྐོར་བའི་ར་བར་མི་དོ”ཟེར་བ་བཞིན། དབྱེ་མཚམས་འདི་ཉིད་ཇི་ལྟར་གསལ་བ་དེ་ལྟར་དུ། མི་རྣམས་ཁ་དན་ཚིག་ལ་གནས་པར་བྱེད། སྒེར་གྱི་རྒྱུ་ནོར་ལ་འདྲ་མཉམ་གྱི་འགན་སྲུང་ཐོབ་པའི་ཚད་ཇི་ལྟར་ལེགས་པ་དེ་ལྟར་དུ། སྤྱི་ཚོགས་ལ་དཔལ་ཡོན་འཛོམས་པ་དེ་ལྟར་ལེགས།

གསུམ་པ།
དཔལ་ཡོན་སྤྱི་ཚོགས་ལ་གུ་ཡངས་དང་། མཉམ་འབྲེལ་གྱི་ཚད་མཐོ།

མིའི་མྱུར་ཚད་ཀྱིས་རྟའི་དོ་མི་འཕེར། མིའི་ནུས་ཤུགས་ཀྱིས་ནོར་གྱི་དོ་མི་འཕེར། མིའི་གཏུམ་དྲག་གིས་སྟག་གི་དོ་མི་འཕེར། གདོད་མ་ལས་དཔལ་ཡོན་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་ནི། མིའི་མཐུན་འབྲེལ་མཉམ་ལས་ཀྱི་ཚད་དེ་སྲོག་ཆགས་གཞན་ལས་ཆེས་ཆེར་འཕགས་པས་སོ།། ཉེ་རབས་ནས་བྱུང་བའི་གོ་ལ་ཅན་གྱིས་འགྲོ་བ་མིའི་རིགས་ཀྱི་གུ་ཡངས་མཉམ་ལས་ཀྱི་ཚད་ཐིག་སྔ་ན་མེད་པའི་ཚད་དུ་བསྐྱལ། དེ་བས། མིའི་རིགས་ཡོངས་ཀྱི་རྒྱུ་ནོར་གྱི་སྤྱིའི་ཚད་དང་འཚོ་བའི་ཆུ་ཚད་མཐོ་རུ་འཕར། རྒྱལ་ཁབ་དང་སྤྱི་ཚོགས་གང་ཡིན་རུང་། བཀག་སྡོམ་ནས་གུ་ཡངས་ཀྱི་ཕྱོགས་སུ་བསྐྱོད་པ་དེ། ཚད་ངེས་ཅན་ནས། དམུ་རྒོད་ནས་དཔལ་ཡོན་གྱི་ཕྱོགས་སུ་བསྐྱོད་པ་ཡིན།

བཞི་པ།
དཔལ་ཡོན་སྤྱི་ཚོགས་ནི་ཡོངས་ཁྱབ་ངང་འབའ་གན་ལ་གནས་ཤིང་། མིག་རྒྱང་རིང་བའོ།།

འགྲོ་བ་མིའི་རིགས་ནི་དྲན་ཤེས་དང་ལྡན་ཞིང་། སྔོན་དཔག་གི་ནུས་པ་ཅན་གྱི་སྲོག་ཆགས་ཤིག་ཡིན། རོལ་རྩེད་ཀྱི་ཉམས་མྱོང་མང་པོ་བསགས་རྗེས། མིའི་རིགས་ཀྱིས་གསལ་རྟོགས་བྱུང་བ་ནི། མཚམས་མི་ཆད་པའི་མི་ཤི་རྟ་འགྱེལ་གྱིས་དཀའ་རྙོག་སེལ་ཐབས་བྲལ་ཅིང་། ཐམས་ཅད་ཚར་གཅོད་པའི་བྱེད་ཐབས་ཀྱིས་བརྟན་བདེ་ཡུན་གནས་མི་ཐུབ་པའོ།། ཐུན་མོང་གི་འོས་འགན་དང་མཚམས་ཚིགས་གསལ་བའི་འབའ་གན་བཞག་ཅིང་དེ་ལ་གནས་རྒྱུ་ནི་བདེ་འཇགས་ཀྱི་ཚོར་བ་སྲུང་བའི་ཐབས་དམ་པའོ།།

ལྔ་བ།
དཔལ་ཡོན་སྤྱི་ཚོགས་ནི་ཁྲིམས་ལ་གནས། མི་ཡོད་དོ་ཅོག་གི་རང་དབང་ཁྲིམས་ཀྱིང་སྲུང་།

དཔལ་ཡོན་ལྡན་པའི་རྒྱལ་ཁབ་གང་ཞིག་ཏུ། ཁྲིམས་ནི་གོང་ན་གནས་ཤིང་བླ་ན་མེད་པ་དེའོ།། ཐམས་ཅད་མཐའ་གཅིག་ཏུ་ཁྲིམས་ཀྱི་ཚུལ་ལ་གནས་ཤིང་། གཞུང་ཕྱོགས་ཀྱི་དབང་ཆ་ཡོད་ཚད་ཁྲིམས་ཀྱིས་གཅུན། ནག་ཉེས་རབ་ཏུ་ལྕི་བའི་ཉེས་ཅན་དེ་ལའང་། གཟབ་ནན་གྱི་ཁྲིམས་ལུགས་གོ་རིམ་བརྒྱུད་དེ་གཞི་ནས་ཉེས་འབེབ་ཁྲིམས་གཅོད་བྱ་དགོས། ལྡོག་སྟེ་དམུ་རྒོད་ཀྱི་སྤྱི་ཚོགས་གང་དེ་རུ། མངོན་སུམ་གསལ་རྗེན་གྱི་སྡིག་སྤྱོད་དག་ཁྲིམས་ཀྱི་མིང་ཐོག་ནས་བསྒྲུབས་ཤིང་སྤེལ། དེའི་ཕྱིར། ང་ཚོས་འབའ་གན་གྱི་ཚུལ་ལ་གནས་པའི་ཁྲིམས་སྐྱོང་ནི་དཔལ་ཡོན་གྱི་རྨང་རྡོ་ཡིན་པར་བརྗོད་ཆོག རྒྱལ་ཁབ་གང་ཞིག་གི་ཁྲིམས་སྐྱོང་གི་ཚད་ཐིག་ཇི་ལྟར་མཐོ་ན། སྤྱི་དམངས་ཀྱི་ཐོབ་ཐང་ལ་འགན་སྲུང་ཐོབ་པ་དེ་ལྟར་ཕུན་སུམ་ཚོགས་ཤིང་། རྒྱལ་ཁབ་འདི་ཡང་སྔར་ལས་ལྷག་པར་བརྟན་བརླིང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད།

དྲུག་པ།
མི་རྣམས་ཀུན་ལ་སྙིང་རྗེ་ཡི་སེམས་ཀྱིས་བརླན་ཞིང་། སྐྱེས་བུ་སྒེར་གྱི་རང་དབང་གི་གདམ་ག་གང་ཡིན་པ་དེར་བརྩི་འཇོག་ཡོད་པ། ཐམས་ཅད་ཀྱིས་འཚོ་གནས་ཀྱི་ཆ་ཕྲ་མོ་རེ་ལའང་དོ་ཁུར་བྱེད་པ་དེའོ།།

སྙིང་རྗེ་ནི་འགྲོ་བ་མིའི་རིགས་དང་སྲོག་ཆགས་གཞན་བར་གྱི་ཁྱད་པར་ཆེ་ཤོས་ཤིག་ཡིན། སྤྱི་ཚོགས་གང་ཞིག་གི་སྒྲིག་སྲོལ་གྱིས་མི་རྣམས་”རང་ཁེ་རང་ཕན་”བྱེེད་པར་ངོས་ལེན་དང་། ཕན་ཚུན་གཉིས་ཕན་ཡོང་བའི་བསྐུལ་མ་བཏང་བ་ཡིན་ན། མི་རྣམས་ཀྱིས་རང་རྟོགས་སྒོས་ཉམ་ཆུང་ལ་སྙིང་རྗེ་དང་། ནམ་ཞར་ཡང་དེ་དག་གི་དོན་དུ་བསམ་བློ་གཏོང་། གལ་ཏེ། སྤྱི་ཚོགས་གང་ཞིག་གི་ཆེས་ཉམ་ཆུང་གི་མི་རྣམས་ཀྱང་རྩིས་ཐང་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ན། ང་ཚོས་དེ་ནི་དཔལ་ཡོན་རབ་ཏུ་དར་བའི་སྤྱི་ཚོགས་ཤིག་རེད་ཅེས་བཤད་ཆོག ལྡོག་སྟེ། ནམ་ཞར་ཡང་མ་སི་ལོ་ཡིས་བཤད་པའི”ཆེས་དམའ་རིམ་གྱི་དགོས་མཁོ”འཚོལ་བའི་སྤྱི་ཚོགས་འཁྲུག་རྩོད་ཁྲོད་གནས་ཚེ། མི་རྣམས་ཀྱིས་ཆེས་དམའ་བའི་འཚོ་གནས་ཀྱི་འདོད་པ་དང་བདེ་འཇགས་ཀྱི་སེམས་ཚོར་ཆེད། ཅིས་ཀྱང་ནུས་ཤུགས་ཡོད་རྒུ་རྩལ་དུ་འདོན་པ་དང་། ཐ་ན་ཐབས་ཇུས་ངན་རྒུ་གང་ཡོད་སྤྱད་ནས་རང་ཕན་གཞན་གནོད་ཀྱི་སྦྱོར་བ་ཡོངས་སུ་རྩོམ། འདི་ལྟའི་སྤྱི་ཚོགས་སུ་གནས་པའི་མི་རྣམས་ལ་སྔར་ལས་ལྷག་པའི་བླ་མེད་ཀྱི་དམིགས་ཡུལ་འཚོལ་སྙེག་བྱེད་པའི་སེམས་ཤུགས་དང་ཀུན་སློང་མེད་ཅིང་། མི་འགྱངས་པར་སྤྱོད་བཟང་ཐམས་ཅད་ཉམས་ཤིང་། འཚོ་གནས་ཀྱི་དགེ་མཚན་མཐའ་དག་གིས་སྟོངས།