<<སྒེའུ་ཁུང་གམ་གྱི་ཐོ་ཐོ་མ་>>བཀླགས་པའི་མྱོང་ཚོར།

                               [ཚེ་རིང་རྣམ་རྒྱལ།   རྨ་ལྷོ།]
དཔེ་ཆའི་མིང་། <<སྒེའུ་ཁུང་གམ་གྱི་ཐོ་ཐོ་མ།>> <<窗边的小豆豆>>
རྩོམ་པ་བོ། ཁུའུ་རོ་ཡ་ན་རྒེ་ཐེ་ཚུ་ཁོ། [黑柳彻子]
སྒྱུར་བ་བོ།  གུར་མགོན་སྐྱབས།
དཔེ་སྐྲུན་ཁང་། [中國風行出版社]
              རྩོམ་པ་བོ་ངོ་སྤྲོད་མདོར་བསྡུས།
       ཁུའུ་རོ་ཡ་ན་རྒེ་ཐེ་ཚུ་ཁོ་[黑柳彻子]ནི་སྤྱི་ལོ་1933ལོའི་ཟླ་8པའི་ཚེས་9ཉིན་ཉི་ཧོང་ཏུང་ཅིན་(东京都港区乃木坂)དུ་སྐྱེས། མིང་དུ་གྲགས་པའི་བུད་མེད་རྩོམ་པ་བོ་དང་བརྙན་འཕྲིན་མདོ་འཛིན་པ།  མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་གཞུང་ཚབ་བཅས་ཡིན་ལ། ཕྱི་ལོ་1981ལོར་《སྒེའུ་ཁུང་གམ་གྱི་ཐོ་ཐོ་མ་》བརྩམས་པ་ལ་བརྟེན་ནས་ཉི་ཧོང་དང་འཛམ་གླིང་ཧྲིལ་བོར་སྐད་གྲགས་བཞག་ཅིང་།   2001ལོའི་བར་དུ་དེབ་ས་ཡ་དགུ་ལྷག་བཙོངས་ཏེ་ཉི་ཧོང་གི་ལོ་རྒྱུས་སྟེང་གི་དེབ་ཆེས་བྲིན་ཤོས་སུ་གྱུར་ནས་ད་ལྟ་སྐད་རིགས་33ལ་བསྒྱུར་ཡོད། ཚབ་བྱེད་བརྩམས་ཆོས་ལ་《སྒེའུ་ཁུང་གམ་གྱི་ཐོ་ཐོ་མ་》དང་<<ཁྲི་ཙིའི་མལ་ཁང་།>>སོགས་ཡོད།
           ནང་དོན་གནད་བསྡུས་ཀྱི་སྐོར།
        དཔེ་ཆ་འདི་ནི་བྱིས་པའི་སློབ་གསོ་མཚོན་པར་བྱེད་པའི་གཏམ་རྒྱུད་ཅིག་ཡིན་ཞིང་།  གཏམ་རྒྱུད་འདིའི་ནང་དུ་རྩོམ་པ་བོས་ཉི་ཧོང་གི་སློབ་གྲྭ་ཆུང་ཆུང་ཞིག་དང་དེར་འགྲིམས་མྱོང་བའི་རང་ཉིད་ཀྱི་ཕྱིར་དྲན་མང་བོ་ཞིག་བརྗོད་བྱར་བྱས་ཏེ་བྱིས་པར་འཚམ་པའི་སློབ་གསོ་ནི་ག་འདྲ་ཞིག་ཡིན་ཚུལ་ངོ་སྤྲོད་བྱས་ཡོད།
དཔེ་ཆ་འདི་ནི་བསྡོམས་པས་སྒྲུང་གཏམ་༦༣་གྱིས་གྲུབ་ཅིང་། བྱིས་པ་ཆུང་ཆུང་ཞིག་གིས་སློབ་ཆུང་འགྲིམས་པའི་དངོས་བྱུང་གི་གཏམ་རྒྱུད་རེ་རེས་མི་སེམས་ལ་ཁྱད་མཚར་བའི་བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་དང་།  དགེ་རྒན་དང་ཕ་མས་བྱིས་པ་ཞིག་གི་འཚར་ལོངས་ལ་བདེ་ཐང་གི་སློབ་གསོ་ཞིག་མྱངས་སུ་བཅུག་ཚུལ། བྱིས་པའི་སློབ་གྲྭ་ཞིག་གིས་བྱིས་པ་དག་ལ་སློབ་གསོའི་ཁོར་ཡུག་ཡག་པོ་ཞིག་ཅི་ལྟར་བསྐྲུན་ཚུལ་སོགས་གཏམ་རྒྱུད་ཀྱི་ནང་དུ་བསྡུས་ཏེ་བྱིས་པའི་སློབ་གསོ་ལ་ཤུགས་རྐྱེན་ཡག་པོ་ཐེབས་པའི་དཔེ་ཆ་ཞིག་ཡིན་པ་གསལ་དུ་མ་བརྗོད་ཀྱང་། དཔེ་ཆ་འདིས་འཛམ་གླིང་ལ་བྲིན་ཚད་ཁོ་ནས་ཀྱང་གསལ་བཤད་ཡག་པོ་ཞིག་བྱས་ཡོད་པས། སློབ་མ་དང་དགེ་རྒན། ཕ་མ་གང་གིས་ཀྱང་མ་བཀླགས་ཐབས་མེད་ཀྱི་དཔེ་ཆ་ཞིག་ཏུ་སེམས་སོ།།
      དཔེ་ཆ་བཀླགས་པའི་མྱོང་ཚོར་གྱི་སྐོར།
བྱིས་པར་འཚམ་པའི་སློབ་གྲྭ་དང་བྱིས་པའི་དགེ་རྒན་ཞིག་གིས་བསྒྲུབ་འོས་པའི་བྱ་བ་ནི་བྱིས་པའི་སེམས་ཁམས་དང་མཐུན་པའི་སློབ་གསོ་གཏོང་དགོས་པ་དེ་ཡིན་པ་ལས། ཆུང་དུས་ནས་བྱིས་པའི་ལོ་ཚད་དང་མི་འཚམ་པའི་སློབ་གསོ་མྱོང་དུ་འཇུག་པ་ནི་ཐབས་ལམ་ཡང་དག་ཅིག་མིན་པ་གསལ་བཤད་བྱས་ཡོད་དེ།
དཔེར་ན་ཐོ་ཐོ་མ་ཆེས་ཐོག་མར་སློབ་གྲྭར་ཞུགས་དུས།   བྱིས་པའི་མཚར་སྣང་གི་དབང་གིས་དགེ་རྒན་དང་སློབ་གྲོགས་དག་ལ་བར་ཆད་བཟོས་ཏེ་སློབ་གྲྭ་ནས་ཕྱིར་ཕུད་དོན་ཡང་མ་གཞི་ནས་སློབ་གྲྭ་དེ་ལ་བྱིས་པའི་སེམས་ཁམས་དང་འཚམ་པའི་སློབ་གསོ་ཡག་པོ་ཞིག་མེད་པས་ཡིན་ལ། གལ་ཏེ་སློབ་གྲྭ་དེ་ལའང་སྤར་སློབ་གྲྭ་དང་འདྲ་བའི་བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་ཡོད་ཚེ།
དཀའ་ངལ་དེ་ལྟ་བུ་གང་ཡང་ཡོང་གི་མ་རེད།
     ངས་དཔེ་ཆ་འདི་བཀླགས་པའི་སྐབས་དེར་ཆེས་ཁྱད་མཚར་་བའི་སློབ་གསོ་ཡག་པོ་ཞིག་བྱུང་བ་ནི་སྤར་སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་དེ་རེད། སློབ་ཐུན་དང་བོ་སྐད་ཡིག་དང་གཉིས་པ་རྩིས་རིག་ཏུ་དབྱེ་བ་མེད་པར་བྱིས་པའི་དགའ་ཕྱོགས་ལ་བསྟུན་ནས་གང་འདོད་པ་དེ་འཁྲིད་པར་བྱ་བ་ནི་ཐབས་ལམ་ཡང་དག་ཅིག་སྟེ།  གང་ལ་དགའ་ན་དེ་ལ་མཁས་པ་ཞེས་པ་བཞིན་གང་ལ་དགའ་བ་དེ་བསླབ་ན་སུན་སྣང་དང་ཡི་མུག་སོགས་འབྱུང་མི་དགོས་པར་སྤྲོ་སྣང་གིས་ཤེས་བྱ་སྦྱངས་ཆོག་ལ་ཤེས་ཀྱང་སླའོ།། སྤྱིར་བཏང་ཡང་བྱིས་པར་ཚད་མཐོ་བའི་ཤེས་བྱ་སྦྱང་དུ་མ་བཅུག་ཀྱང་ཁོ་ཚོ་ལ་ཁོ་ཚོའི་ལོ་ཚད་དང་འཚམ་པའི་བདེ་ཐང་གི་སློབ་གསོ་ཙམ་ཐོབ་ཏུ་བཅུག་པས་ཆོག་པར་འདོད། དཔེར་ན་འུ་ཚོས་བརྒྱུད་མྱོང་བའི་སློབ་གསོ་ནི་བྱིས་པའི་དུས་ནས་བཟུང་འཆར་གཞིའི་སློབ་གསོ་དང་འགན་འཁྲིའི་འདུ་ཤེས་ཀྱིས་བཙན་ཐབས་ཀྱིས་བསྐྱེད་བསྲིངས་བྱས་ནའང་ད་ལྟ་བོད་ཡིག་དང་རྒྱ་ཡིག  དབྱིན་ཡིག་གང་ལའང་གྲུབ་འབྲས་ཡག་པོ་ཞིག་ལོན་མེད་པ་ནི་བདེ་ཐང་གི་སློབ་གསོ་ཞིག་མ་འཐོབ་པས་ལན་པར་སྙམ།
       སྤར་སློབ་གྲྭའི་སློབ་གསོ་ནི་སློབ་གཙོ་ཁོ་བྷ་ཡ་ཤིས་ལགས་ཀྱིས་བྱིས་པའི་སློབ་གསོ་ལ་ཞིབ་འཇུག་ཡག་པོ་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དགེ་རྒན་ཁོང་གིས་བྱིས་པ་དག་ལ་ཟ་མ་ཟ་སྟངས་དང་ཟ་མ་ཟ་སྐབས་ཀྱི་གླུ་དབྱངས་ལེན་པ། ལྗོངས་རྒྱུར་འཁྲིད་པ།   སྙིང་སྟོབས་ལ་ཚོད་བགམ་བྱེད་པ།    རི་མགོར་བ་ཁ་འཛིན་པ། གྱོན་ཆས་ངན་ངོན་གྱོན་དུ་འཇུག་པ་སོགས་ཀྱིས་བྱིས་པའི་སེམས་ཁམས་དང་འཚོ་བ་གང་ལའང་འདང་བརྒྱབ་པ་ཞིབ་ཅིང་ཕྲ་ལ། བྱིས་པའི་ནུས་པ་བསྐྱེད་བསྲིངས་ལའང་ཤིན་ཏུ་ཕན་པའི་སློབ་གསོ་ཞིག་བསྐྲུན་ཡོད།   ལུས་རྩལ་འགྲན་ཚོགས་ཀྱི་སྐབས་དེར་ཡང་དབང་བོར་སྐྱོན་ཡོད་པའི་སློབ་མར་དེ་དང་འཚམ་པའི་ལུས་རྩལ་བཀོད་སྒྲིག་བྱས་ཏེ་ཨང་དང་བོ་འཐོབ་ཏུ་བཅུག་ནས་རང་ཉིད་ལ་སེམས་ཤུགས་དང་སྤྲོ་སྣང་བསྩལ་བ་ནི་དགེ་རྒན་སུ་ཞིག་གི་ཡིད་དུའང་འཆར་དཀའ་བ་ཞིག་འདུག
   སློབ་གཙོ་ཁོ་བྷ་ཡ་ཤིས་ལགས་ལ་མཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོང་གིས་བྱིས་པའི་སེམས་ཁམས་དང་འཚོ་བ་ལ་དོ་སྣང་ཆེན་པོ་བྱ་ཞིང་། ཁོ་རང་བྱིས་པ་དག་ལ་ཨ་ཕ་ལྟར་བརྩེ་བས་ཀྱང་ཁོ་རང་ཆེས་ཁྱད་དུ་འཕགས་པའི་སློབ་གསོ་བ་ཞིག་ཡིན་པ་གསལ་བཤད་བྱས་ཡོད་ལ།  རྒྱུན་པར་ཐོ་ཐོ་མར་ “ཁྱོད་ནི་ངོ་མ་བྱིས་པ་ཡ་རབས་ཤིག་རེད་ཨང་ ”ཟེར་བ་དང་། ཕྱེ་ལེབ་མདུད་པ་ཉོ་བ་སོགས་ཀྱིས་གསལ་དུ་མཚོན་པ་བསྐྱར་བཟློས་ཀྱིས་མ་བྲིས་པའོ།།
   སྤར་སློབ་གྲྭ་ནི་སྤྱི་ལོ་1937ལོར་བཙུགས་ཤིང་སྤྱི་ལོ་1945ལོར་ཐའོ་ཁེའོ་དམག་འཁྲུག་གི་ཁྲོད་ནས་ཐལ་རྡུལ་དུ་གྱུར་བ་ནི་ཅི་འདྲའི་ཞེ་ཕངས་པ་ཞིག་རེད་ཨང་། སྤྱི་ལོ་1963ལོར་སློབ་གཙོ་ཁོ་བྷ་ཡ་ཤིས་ལགས་ཀྱང་སྐུ་གཤེགས་པས་དེ་ནས་བཟུང་སྤར་སློབ་གྲྭ་སླར་ཡང་འཛུགས་ཐབས་མ་བྱུང་བ་རེད།
ཡང་བསྐྱར།  འདིར་རེ་བ་ཞིག་ཞུ་བ་ནི་ཆབ་སྲིད་སློབ་གསོའི་འདམ་དུ་བྱིངས་པའི་བོད་ཀྱི་དགེ་རྒན་དང་ཕ་མ་གང་གིས་ཀྱང་དཔེ་ཆ་འདི་ཡག་པོ་ཞིག་བཀླགས་རྗེས། བྱིས་པའི་སེམས་ཁམས་དང་འཚོ་བར་རྒྱུས་ལོན་ཡག་པོ་ཞིག་བྱས་ཏེ།  བྱིས་པར་བདེ་ཐང་གི་སློབ་གསོ་དང་གཤིས་ཀ་ཞིག་བསྐྲུན་པ་ནི་ཧ་ཅང་གི་གལ་ཆེ་ཞིང་།  ད་ནས་བཟུང་།  ཨུ་ཚུགས་དང་བཙན་ཤུགས། འཆར་གཞི།  རེའུ་མིག་ཁ་སྐོང་སོགས་ཀྱི་བཀག་རྒྱ་ལས་གྲོལ་ཏེ་བོད་ཀྱི་སློབ་གསོ་གོང་དུ་འཕེལ་ཞིང་མི་རིགས་ཀྱི་འདུ་ཤེས་མ་བོར་པའི་བོད་ཕྲུག་རྣལ་མ་རེ་འབྱུང་བའི་སྨོན་ལམ་དང་བཅས་རྫོགས་སོ།།
                 2020ལོའི་ཟླ་11པའི་ཚེས་8ཉིན་རྭ་རྒྱ་རུ།