དགེ་ཆོས་སོགས་ཀྱིས་འཕངས་པའི་སྐྱོན་རྣམས་དེབ་སྔོན་ལ་མི་འཇུག

                                    རྩོམ་འབྲི་བ། གཏེར་ཆུ།

 

ཁོ་བོ་ནི་ལོ་འདི་ཚོར་དེབ་ཐེར་སྔོན་པོ་དང་འགྲོགས་ནས་ཡོང་བ་ཡིན་པས། དེབ་ཐེར་སྔོན་པོ་ནི་བཀླག་མི་ཚར་བའི་ཤེས་བྱའི་བང་མཛོད་ཅིག་ཡིན་པ་ངས་མགྲིན་པ་གཟེངས་སུ་བསྟོད་ནས་བཤད་འདོད་བྱུང་། བོད་ཀྱི་ལོ་རྒྱུས་ལ་ལྟ་ཀློག་ཅུང་ཟད་བགྱིས་མྱོང་མཁན་ཞིག་ཡིན་ན་དེབ་ཐེར་སྔོན་པོ་ངོ་ཤེས་ཚོད་ཡིན་པས། དེབ་ཐེར་སྔོན་པོ་ལོ་རྒྱུས་ཚད་ལྡན་ཡིན་མིན་གྱི་སྐོར་ནས་སུ་ལའང་ངོ་སྤྲོད་བྱེད་དགོས་རྒྱུ་མ་རེད་དྲན། ལོ་རྒྱུས་ལ་ལྟ་སྐབས་ལོ་ཚིགས་གཙོ་ཆེ་བ་ནི་ལོ་རྒྱུས་ཤེས་མཁན་ཞིག་ཡིན་ན་གོ་སླ་བས་ལོ་ཚིགས་གཏན་ནས་འཕྱུགས་ན་ལོ་རྒྱུས་མ་ཤེས་པའི་རྟགས་མཚན་མངོན་པ་ཡིན། འགའ་ཞིག་གིས་དེབ་སྔོན་གྱི་དགོངས་པ་དངོས་གང་ཡིན་མ་གོ་པ་དང་གཞན་གྱི་འདོད་པ་བཀོད་པ་རྣམས་དེབ་སྔོན་གྱི་རང་ལུགས་སུ་བསྒྲུབས་ནས་ལོ་ཚིགས་ཁ་ཤས་ཀྱིས་འཁྲུག་པ་རྒྱག་བཞིན་ཡོད་པས། འཁྲུལ་སེལ་ཞིག་གི་ཆེད་དུ་ཁོ་བོས་དེབ་སྔོན་བཀླགས་པའི་བརྗེད་ཐོ་ཞིག་ཁྱེད་རྣམ་པར་ཞུ་འདོད་བྱུང་།  འདི་ནི་དེབ་སྔོན་རང་ལ་ཞིབ་ལྟ་བྱས་ནས་རང་གིས་གྲུབ་དོན་ཡི་གེའི་བསྟར་ལ་བརྒྱུས་པ་ལས་ཕོ་ཚོད་ཀྱི་སྐད་ཆ་མ་ཡིན་ལ་བཤད་ཀྱང་མི་ཕོད། ཡིན་ན་ཡང་། ཁོ་བོས་བཤད་པའི་འཁྲུལ་སེལ་འདི་ལའང་ནོར་འཕྱུག་བྱུང་ཡོད་སྲིད་པས། དཔྱོད་ལྡན་རྣམས་ཀྱིས་ལུང་རིགས་ཀྱི་སྐྱེས་མང་ཙམ་གནང་རྒྱུར་རེ་བ་ཤིན་ཏུ་ཆེའོ། །

འགོས་ལོ་གཞོན་ནུ་དཔལ་གྱིས་ལོ་རྒྱུས་འཆད་སྐབས་ལོ་ཚིགས་ཀྱི་འཛེར་མ་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྡབས་ཏེ་སོ་སོའི་དགོངས་པ་གང་ཡིན་འགལ་མེད་དུ་བསྒྲུབས་ཡོད་པས། ད་བར་ཆེས་སྐད་གྲགས་ཆེ་བའི་ལོ་རྒྱུས་“དེབ་ཐེར་སྔོན་པོ”་ཞེས་པ་གླེགས་བམ་ཆེན་པོ་གཉིས་དང་། དུམ་ཚན་ཆེ་བ་བཅོ་ལྔ། སྐབས་མི་འདྲ་བ་བརྒྱ་དང་བཅོ་བརྒྱད་ཀྱིས་གྲུབ་པ་ཞིག་ཀུན་གྱི་སྤྱན་ལམ་དུ་ཡོད་པ་འདི་རེད། དེབ་སྔོན་གྱི་དགོངས་པ་དངོས་གང་ཡིན་དེབ་ཐེར་སྔོན་པོ་རང་དུ་གསལ་རྐྱང་བཀོད་ཡོད་ལ། ཡོངས་གྲགས་སམ་ཁུངས་ཐུབ་དང་བསྡུར་ན་དེབ་སྔོན་གྱི་ལུགས་ལ་སྲོང་བཙན་སྒམ་པོ་ནས་འུ་དུམ་བཙན་པོས་ཆོས་མ་བསྣུབས་བར་དུ་རྒྱབ་རབས་དག་བསྟུད་མར་ལོ་དྲུག་ཅུ་སྐོར་གཅིག་མར་ནུད་ཡོད། དེ་ཡང་ཏུན་ཧོང་ཡིག་ཆ་དར་ཁྱབ་མ་ཕྱིན་པའི་སྔོན་དུ་སྲོང་བཙན་དགུང་ལོ་བརྒྱད་ཅུ་ལྷག་བཞུགས་པར་སྔོན་གྱི་ཡིག་ཆ་ཕལ་ཆེ་ཤོས་ཀྱིས་ཁས་ལེན་པས། འགོས་ལོས་སྲོང་བཙན་ས་གླང་སྔ་ཕྱི་གཉིས་ལས་ཕྱི་མ་༼༦༢༩༽གི་ལོ་ལ་འཁྲུངས་པར་འདོད་པའི་དབང་གིས། དྲུག་ཅུ་སྐོར་གཅིག་དེ་ལྟར་མར་ནུད་སོང་པ་ཡིན།

རྗེ་ཡེ་བཟང་རྩེ་བའམ་འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པའི་དེབ་སྔོན་དུ་ནང་འགལ་གྱི་ཁུར་པོ་ཡོད་ཟེར་མཁན་རྣམས་དང་། ངོ་བསྟོད་ཀྱི་ཅལ་བུ་སྒྲོག་མཁན་རེད་གསུང་མཁན་སོགས་ཀྱིས། དེབ་སྔོན་དུ་བཀོད་པའི་ཁ་གསལ་ཞིང་གོ་བདེ་བའི་ལོ་ཚིགས་ཀྱི་གཟི་བྱིན་མ་བཟོད་པ་དང་། དེབ་ཐེར་སྔོན་པོ་ནི་ཆོས་རིགས་ལོ་རྒྱུས་ཀུན་ལས་ཁུངས་བཙུན་ཞིང་ཁ་ཚང་བ་བཅས་ལ་ཅོ་འདྲི་བྱེད་པའི་ཚུལ་ཙམ་ལས། གནད་དུ་ཕིགས་པའི་དགག་བཞག་གི་སྤྲོས་པ་ནི་ད་སྔོན་བྱུང་མི་འདུག་ཅིང་། མ་འོངས་པ་ལའང་དེབ་སྔོན་རང་གིས་ལོ་ཚིགས་བསྒྲིགས་པ་ལྟར་སྒྲིག་བཞིན་སོང་ན་སུས་ཀྱང་བསྒུལ་མི་ནུས་པ་ཡིན།

ལ་ལ་ཞིག་གིས། འགོས་ལོའི་དེབ་སྔོན་ནང་དུ་ཆད་ལྷག་ཤོར་ཡོད་རབས་དང་། ནང་འགལ་ཐུག་ཡོད་ཚུལ་བབ་ཅོལ་གྱི་གཏམ་མང་དུ་སྨྲ་བཞིན་འདུག་ཀྱང་། དོན་ལ་དེབ་ཐེར་སྔོན་པོ་ལ་ཞིབ་ལྟ་མ་བགྱིས་པའི་སྐྱོན་དུ་ཟད་དེ། དེབ་སྔོན་གྱི་ཐོག་མཐའ་ཀུན་ཏུ་ནང་འགལ་གྱི་ཚིག་ཟུར་ཙམ་ཡང་མེད་པ་མ་ཟད། རང་ལུགས་སྒྲུབ་བྱེད་ཀྱི་ལོ་ཚིགས་ནི་ཐོག་མཐའ་ཀུན་ཏུ་ཧ་ཅང་མང་པོ་བཀོད་ཡོད་ཅིང་། དེ་ཡང་ཞིབ་ཀྱིས་དེ་དང་དེ་གཉིས་བར་ཟེར་ནས་གསུངས་ཡོད་པས་གཅིག་མ་ལྷག་གཉིས་མ་ལུས་པར་ཏག་ཏག་འགྲིག་པར་བྱེད།

ཡང་ཁ་ཅིག་གིས། དེབ་སྔོན་དུ་ལོ་དྲུག་ཅུ་སྐོར་གཅིག་གར་སོང་མེད་ཚུལ་དང་དེབ་སྔོན་རང་གི་ནང་དུ་སྲོང་བཙན་འཁྲུངས་ལོ་སྔ་ཕྱི་གཉིས་ཡོད་ཚུལ་བཤད་འདུག་ཀྱང་དག་པར་མ་མཐོང་སྟེ། དེ་ནི་རྒྱའི་རྒྱལ་རབས་དང་བསྒྲིགས་ནས་བསྒྲུབས་ཡོད་བཟོ་འདུག་པས་དེབ་སྔོན་གྱི་རང་ལུགས་ལ་རྒྱའི་རྒྱལ་རབས་དག་ཀྱང་བོད་ཀྱི་རྒྱལ་རབས་བཞིན་དུ་དྲུག་ཅུ་སྐོར་གཅིག་མར་བསྟུད་མར་ནུད་ཡོད་པ་བསམ་བློ་ཅུང་ཟད་བཏང་ན་ཤེས་པས། དེ་ཡང་འགོས་ལོ་གཞོན་ནུ་དཔལ་ལ་གཞི་མེད་སྒྲོ་འདོགས་ཤིག་ཨེ་ཡིན་སྙམ།

          དགེ་འདུན་ཆོས་འཕེལ་གྱིས། “སྲོང་བཙན་དགུང་ལོ་བཅུ་གསུམ་པར་ཁྲི་ལ་བཞུགས་ནས་རྒྱ་བཟའ་བསུ་བའི་གྲོས་མཛད་ཅེས་བཤད་པ་འདི་བདེན་ན། འགོས་ཀྱིས་བཞེད་པའི་ལྕགས་གླང་༼༧༠༡༽ཡོངས་གྲགས་སམ་དོན་ལ་༼༦༤༡༽དེའི་སྐབས། ཀོང་ཇོ་བགྲེས་མོ་ལོ་དྲུག་ཅུ་ལྷག་བཞེས་པ་ཞིག་བག་མར་འབྱོན་དགོས། དེས་ན་འགོས་ཀྱིས་གདོན་མི་ཟ་བར་ལོ་དྲུག་ཅུ་སྐོར་སྔ་མའི་ས་གླང་དང་། ཕྱི་མའི་ས་གླང་ནོར་བར་ཟད་དེ།”ཞེས་སྤོབས་པ་ཆེན་པོས་གསུངས་ཡོད་ཀྱང་། དེབ་སྔོན་དུ་ཚིག་དེ་འདྲ་ཞིག་ཡོད་ན་ནི་ཁྱེད་ཀྱིས་གསུངས་པ་དེ་ཤིན་ཏུ་ཐུགས་མད་པའི་གསུང་བཤད་ཅིག་ལགས་ཀྱང་། དེབ་སྔོན་གྱི་མགོ་མཇུག་ཀུན་ཏུ་སྲོང་བཙན་དགུང་ལོ་བཅུ་གསུམ་པར་ཁྲི་ལ་བཞུགས་ནས་རྒྱ་བཟའ་བསུ་བའི་གྲོས་མཛད་ཅེས་བཤད་པ་ཞིག་མེད་པས། དམ་པ་ཁྱེད་ཀྱིས་ཀྱང་ལོང་བས་ཤིག་བཟུང་གི་དཔེ་བླངས་ནས་འབེན་མེད་མདའ་འཕེན་ཞིག་བྱས་པ་དེ་ལ་སྙིང་བོ་གང་ཡང་མེད། དེ་ལ་བདེན་ཁ་སྟེར་མཁན་ཚོས་ཀྱང་དེབ་སྔོན་ལ་ཞིབ་ལྟ་ཡང་ཡང་བགྱི་རོགས་ཞེས་ཤ་ཚས་བསྐུལ་བ་ཡིན་ལ། རྟག་པ་མཐའ་བཟུང་གི་སྐད་ཆ་ཞིག་གིས་དཔྱོད་ལྡན་རྣམས་མགོ་སྐོར་ཐེབས་ན་ཤིན་ཏུ་ཕངས་པ་མ་ཡིན་ནམ།

ཡང་དེབ་དཀར་མཁན་པོས།  “དར་མས་ཆོས་བསྣུབས་པའི་ལྕགས་བྱ་དེ་ནས་ལོ་དུ་སོང་བརྩིས་པ་ན། རེས་དྲུག་ཅུ་སྐོར་གཅིག་ལྷག  རེས་དྲུག་ཅུ་སྐོར་གཅིག་ཆད་པ་གཉིས་དེབ་སྔོན་གྱི་མགོ་མཇུག་ཀུན་ཏུ་ཡོད་”གསུངས་ཀྱང་། དེབ་སྔོན་ལ་རྒྱུས་ལོན་མེད་མཁན་རྣམས་ཀྱི་མདུན་ནས་གཏམ་དེ་བཤད་ན་མི་སྐྱོན་ཡང་རྒྱུས་ལོན་ཡོད་མཁན་གྱིས་གོ་ན་བཞད་གད་དང་བཅས་མི་སྨྲའི་བརྟུལ་ཞུགས་འཛིན་སྲིད་པས། དེབ་སྔོན་གཞན་ཞིག་ཡོད་ན་མ་གཏོགས་དགེ་ཆོས་ད་བར་ཞལ་དངོས་སུ་བཞུགས་ཡོད་ན་རབ་ཏུ་སྐྱེངས་ངེས། རྒྱུ་མཚན་ནི། དེབ་སྔོན་རང་དུ་རེས་དྲུག་ཅུ་སྐོར་གཅིག་ལྷག་པ་དང་རེས་དྲུག་ཅུ་སྐོར་གཅིག་ཆད་པ་གཉིས་མེད་པར་དེ་ལས་ལྡོག་སྟེ་དྲུག་ཅུ་སྐོར་གཅིག་ཕྱིར་ནུད་རྐྱང་བྱས་ཡོད་པས་སོ། །

བོད་དང་རྒྱ་ཧོར་ལ་སོགས་པའི་རྒྱལ་རབས་ཀྱི་སྐབས་སུ། “ཐའི་ཛུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་ལྕགས་མོ་གླང་༼༦༤༡༽ལ་བྱིན། དེ་ནས་འཚལ་པ་«ཚལ་པ»ཀུན་དགའ་རྡོ་རྗེའི་དུས་མེ་ཕོ་ཁྱི་༼༡༣༤༦༽ཡན་ལ། ལོ་བདུན་བརྒྱ་འགྲོ་བ་རྒྱའི་ཡིག་ཚང་ན་ཡོད་ཟེར་ཏེ། མེ་ཁྱིའི་སྔ་རོལ་ལོ་ལྔ་འགྲོ་བ་ལྕགས་མོ་སྦྲུལ་༼༡༣༤༡༽དང་འགྲིག་པར་སྣང་།”ཞེས་དེབ་སྔོན་དུ་གསུངས་ཀྱང་དེ་ནི་ཚལ་པའི་དགོངས་པ་ལ་ནོར་བཅོས་ཅུང་ཟད་བྱས་པའི་གཏམ་ཡིན་གྱི་འགོས་ལོས་རང་ལུགས་སྒྲུབ་བྱེད་དུ་ཚིག་དེ་བྲིས་པ་མིན་པར་གཞུང་གི་བབ་ལ་བལྟས་ན་ཤེས།

ད་ནི་འགོས་ལོའི་རང་ལུགས་ལ་སྲོང་བཙན་འཁྲུངས་ལོ་ས་གླང་༼༦༢༩༽ཕྱི་མ་ཡིན་པའི་སྒྲུབ་བྱེད་འགའ་འགོད་པར་བྱ་སྟེ། ལོ་ཆེན་གྱི་སྐབས་སུ། “སྲོང་བཙན་འཁྲུངས་ནས་ལོ་སུམ་བརྒྱ་དང་ཉི་ཤུ་རྩ་དགུ་འདས་པ་ས་ཕོ་རྟའི་ལོ་ལ་ལོ་ཙཱ་བ་རིན་ཆེན་བཟང་པོ་འཁྲུངས།”ཞེས་གསུངས་ཡོད་ཅིང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་རྩོད་མེད་ཡོངས་གྲགས་ཀྱིས་ས་རྟ་༼༩༥༨༽གི་ལོ་ལ་འཁྲུངས་པར་ཁ་འཆམ་ལ། འདི་ནས་ལོ་སུམ་བརྒྱ་དང་ཉི་ཤུ་རྩ་དགུ་ཕྱིར་ལྡོག་བྱས་ཚེ་ས་གླང་ཕྱི་མ་༼༦༢༩༽ཏག་ཏག་ལ་ཁེལ་འགྲོ་བས། གདོན་མི་ཟ་བར་འགོས་ལོའི་རང་ལུགས་ལ་སྲོང་བཙན་འཁྲུངས་ལོ་ས་གླང་ཕྱི་མ་ཡིན་པ་ཐག་ཆོད་པ་རེད།

བསྟན་པ་ཕྱི་དར་གྱི་ལོ་ཚིགས་དང་བླ་ཆེན་པོ་ལ་སོགས་པའི་སྐབས་སུ། “གཞན་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ས་མོ་གླང་ལ་འཁྲུངས་ནས་ཡི་གེ་འདི་བགྱིས་པའི་མེ་ཕོ་སྤྲེལ་ཡན་ཆད་དུ་ལོ་བརྒྱད་བརྒྱ་དང་བཞི་བཅུ་རྩ་བརྒྱད་འདས་སོ།”ཞེས་རང་ལུགས་རྡོ་རྗེ་ཕ་ལམ་འདྲ་ཞིག་བཞག་ཡོད་ལ། འགོས་ལོས་དེབ་སྔོན་རྩོམ་པའི་ལོ་ནི་མེ་སྤྲེལ་༼༡༤༧༦༽ཡིན་ལ་དེ་ནས་ཕྱིར་ལྡོག་བྱས་ཚེ་སྔར་བཞིན་ས་གླང་ཕྱི་མ་༼༦༢༩༽གི་ལོ་ལ་ཁེལ་འགྲོ་བས་ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་སྒྲུབ་ཀྱི་ཉི་མ་ཤར་སྔ་ཅུང་མ་བྱས་ན་སྙམ་གྱི་ཡོད།

དུས་མཚུངས་བསྒྲིགས་པའི་སྐབས་སུ། “དེ་ལ་སྤྱིར་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་གཉིས་འདས་པ་ལྕགས་མོ་གླང་གི་ལོ་ལ་རྒྱལ་པོ་རལ་པ་ཅན་གྱིས་རྒྱ་དང་དུམས་མཛད། དེའི་ཕྱི་ལོ་ཆུ་ཕོ་སྟག་ལ་ལྷ་སའི་རྡོ་རིང་བཙུགས། ཆུ་སྟག་དེ་ནས་ལོ་བཅོ་ལྔ་པ་མེ་ཕོ་འབྲུག་ལ་རལ་པ་ཅན་གཤེགས།”ཞེས་པ་འདི་ལ་བརྟེན་ནས་དགེ་ཆོས་ཀྱིས་བསྟན་བསྣུབས་སྐོར་ཞིབ་བརྩིས་བགྱིས་ན། རེས་དྲུག་ཅུ་སྐོར་གཅིག་ལྷག རེས་དྲུག་ཅུ་སྐོར་གཅིག་ཆད་པ་གཉིས་བྱུང་ཡོད་གསུངས་པར་སྣང་ལ། འདི་ནི་ས་གླང་སྔ་ཕྱི་གང་ལ་བསྒྲིགས་ཀྱང་འགྲིག་པས་ཁྱེད་ཀྱི་ལུགས་ལ་བསྒྲུབ་བྱ་ལས་སྒྲུབ་བྱེད་དུ་གཏན་ནས་མི་འགྲོ་བ་མ་ཟད། འགོས་ལོ་རང་གི་ལུགས་ལ་སྲོང་བཙན་འཁྲུངས་ལོ་ས་གླང་ཕྱི་མར་འདོད་པའི་སྒྲུབ་བྱེད་ལ་འགྲོ་བར་སེམས་ཏེ། གཞུང་དེ་ནས་མར་རིམ་པར་བཀླགས་ན། “ལོ་དེ་ཉིད་ནས་ལྕགས་མོ་བྱའི་བར་དར་མས་རྒྱལ་པོ་བྱས། རབ་ཏུ་བྱུང་བའི་བསྟན་པ་བསྣུབས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བདུན་ཅུ་རྩ་བདུན་པ་འདི་མེ་མོ་གླང་ཡིན།”ཞེས་གསུངས་ཡོད་པས་སོ། །

          འགོས་ལོའི་ལུགས་ལ་མེ་གླང་འདི་༼༩༧༧༽གི་ལོ་ཡིན་ལ། དེ་ནས་ཕྱིར་ལྡོག་གིས་ལོ་བདུན་ཅུ་རྩ་བདུན་ཕྲིས་ན་དར་མས་བསྟན་པ་བསྣུབས་པའི་ལྕགས་བྱ་ཕྱི་མ༼༩༠༡༽གི་ལོ་ལ་ཁེལ་བ་ཡིན། དེ་གང་གིས་ཤེས་ཟེར་ན། ཡང་གཞུང་དེ་ནས་མར་རིམ་པར་བཀླགས་འོང་ན། “དེ་རྗེས་ཀྱི་ས་ཕོ་སྟག་ནས་ཇོ་བོ་རྗེ་བོད་དུ་ཆུ་ཕོ་རྟ་ལ་བྱོན་པའི་སྔ་ལོའི་ལྕགས་སྦྲུལ་ཡན་ལ་ལོ་དྲུག་ཅུ་རྩ་བཞི་ཡོད།”ཅེས་གསུངས་ཡོད། ཇོ་བོ་རྗེ་བོད་དུ་ཕེབས་པའི་ལོ་ནི་རབ་བྱུང་དང་པོའི་ཆུ་རྟ་༼༡༠༤༢༽གི་ལོ་ལ་ཡིན་ཏེ། དེའི་སྔོན་གྱི་ལོ་དེ་ལྕགས་སྦྲུལ་༼༡༠༤༡༽ལོ་དེ་ཡིན། དེ་ནས་ཕྱིར་ལྡོག་གིས་ལོ་དྲུག་ཅུ་རྩ་བཞི་ཕྲིས་ན་མེ་གླང་རྗེས་ཀྱི་ས་སྟག་༼༩༧༨༽གི་ལོ་ལ་ཏག་ཏག་འགྲིག་པས། ད་དུང་ཁྱེད་ཀྱིས་ཨུ་ཚུགས་ཀྱི་ངང་རེས་དྲུག་ཅུ་སྐོར་གཅིག་ལྷག་རེས་དྲུག་ཅུ་སྐོར་གཅིག་ཆད་གསུང་རྒྱུ་ཡིན་ནམ།

གཞན་ཡང་། དེབ་སྔོན་གྱི་མཇུག་ཏུའང་སྲོང་བཙན་ས་གླང་ཕྱི་མ་ལ་འཁྲུངས་པར་འདོད་པའི་སྒྲུབ་བྱེད་སྟོབས་ལྡན་ཞིག་ཡོད་དེ། དགེ་ལྡན་པའི་སྐབས་སུ། “ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བདུན་བརྒྱ་དང་ཉི་ཤུ་ལྷག་པ་ཙམ་ན། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཙོང་ཁའི་ཡུལ་དུ་མེ་མོ་བྱའི་ལོ་ལ་སྐུ་བལྟམས་ནས།”ཞེས་སྔར་བཞིན་འགོས་ལོ་གཞོན་ནུ་དཔལ་གྱིས་སྔོན་གྱི་དམ་བཅའ་ལ་འགྱུར་བ་ཅུང་ཟད་ཙམ་ཡང་མ་བཏང་བར་བཞག་འདུག་སྟེ། རྗེ་ཙོང་ཁ་པ་ནི་རབ་བྱུང་དྲུག་པའི་མེ་བྱ་༼༡༣༥༧༽ལོར་འཁྲུངས་པ་ཡིན་ལ། དེ་ནས་ཕྱིར་ལྡོག་གིས་ལོ་བདུན་བརྒྱ་ཉི་ཤུ་ལྷག་ཕྲིས་ན་ཕྱོགས་མགོ་ས་གླང་ཕྱི་མ་༼༦༢༩༽ལ་འགྲིག་པ་ཡིན།

ཡ་མཚར་བ་ཞིག་ལ་དགེ་འདུན་ཆོས་འཕེལ་ལྟ་བུ་མཁས་པ་ཆེན་པོ་ཞིག་གིས་ཀྱང་འགོས་ལོའི་དེབ་སྔོན་ལ་སྐྱོན་མེད་སྐྱོན་འཛུགས་ཆེ་ཙམ་མཛད་འདུག་པ་ལ་བསམས་ན། དེང་སང་གི་མཁས་པར་ཁས་ཆེ་བ་རྣམས་ལ་ཅི་ཁག་ཨང་སྙམ་པའང་བྱུང་།  ང་ལྟ་བུ་ཡིག་འབྲི་བ་ཆུང་ཆུང་ཞིག་གིས་སྐད་ཆ་འདི་བཤད་ན་“ཆོས་ལ་མི་རྟོན་གང་ཟག་ལ་རྟོན་”མཁས་པ་རྣམས་ཀྱིས་ཁྲེལ་བགད་དང་བཅས་མིག་ཟུང་ཙམ་ཡང་གཡར་མི་སྲིད་མོད། ཆོས་རིགས་ལོ་རྒྱུས་ལ་མིག་རྒྱང་རིང་པ་དང་། ལྷག་པར་དེབ་སྔོན་དང་དེབ་དཀར་གཉིས་ཀ་ལ་ལྟ་ཀློག་ཞིབ་བགྱིས་མྱོང་མཁན་གྱི་མཁས་དབང་འགའ་རེས་ཅུང་ཟད་ཙམ་ཡང་བསམ་པར་བྱ་སྲིད་སྙམ་ནས་ཡིག་ཚོགས་འདི་འབྲི་བའི་ཁུལ་བགྱིས་པ་ཡིན་ནོ། །

                                       2020/10/30/ཉིན་བྲིས།