གབ་ཚིག་དང་འདྲ་བའི་རྨ་ལོ།

 

གུས་པས་ཉེ་ཆར་རྗེ་བཙུན་རས་ཆུང་པ་ཉིད་ཀྱི་ཐུགས་སྲས་སྐུ་མཆེད་གསུམ་གྱིས་བླ་མ་རྗེ་བཙུན་རང་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་ནས་འགོ་རྩོམ་སྟེ།  རྣམ་ཐར་གྱི་གལ་ཆེའི་བྱུང་བ་རྣམས་ཡི་གེར་བྲིས་ཏེ་བླ་བ་རང་གི་དྲུང་དུ་ཞུས་དག་ལེགས་པར་བྱས་ཏེ་ཡི་གེར་བཀོད་ཅིང་། བླ་མ་གཤེགས་པའི་རྗེས་ཀྱི་རབ་བྱུང་གསུམ་པའི་ཤིང་མོ་ལུག(༡༡༥༧)གི་ལོ་རུ་ཐུགས་སྲས་སྐུ་མཆེད་གསུམ་གྱིས་མཐོང་ཐོས་དྲན་པ་གང་ཡོད་ཡི་གེར་བཏབ་སྟེ། «བླ་མ་རྗེ་བཙུན་ཉིད་ཀྱི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་སྙིང་པོ།»ཞེས་པ་དེ་ཉིད་གྲུབ་པར་མཛད་ཅིང་། དེ་ཉིད་གཞིར་བཞག་སྟེ།  རི་ཁྲོད་པ་དགའ་བདེ་རྒྱལ་མཚན་གྱིས། “ཕྱིས་སློབ་མ་རྣམས་ཀྱི་ཞལ་རྒྱུན་ལས་བྱུང་བ་དང་།  དབུས་གཙང་གི་སློབ་མ་རྣམས་ཀྱིས་རྣམ་ཐར་མགུར་འབུམ་མཛད་པའི་དཔེ་ལག་ཏུ་བྱུང་བ་རྣམས་ཀྱིས་ཁ་”བཀང་སྟེ་དེ་དག་ཕྱོགས་གཅིག་ཏུ་བསྡེབས་པའི།  «བླ་མ་རྗེ་བཙུན་ཉིད་ཀྱི་རྣམ་པར་ཐར་པ་རིན་པོ་ཆེ་མི་ཟད་པ་རྒྱན་གྱི་ཕྲེང་བ།» ཞེས་པ་འདི་ཉིད་ཚར་གཅིག་བཀླགས་པ་ཡིན།  (སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་དཔེ་དེབ་འདི་ཡི་མདུན་ཤོག་ཏུ«རྣལ་འབྱོར་གྱི་དབང་ཕྱུག་རང་ཆུང་པའི་རྣམ་ཐར་ངོ་མཚར་ནོར་བུའི་སྙིང་པོ་བཞུགས་སོ། །» ཞེས་དང་།  མཛད་པ་པོ། རི་ཁྲོད་པ་དགའ་བདེ་རྒྱལ་མཚན།  ཞེས་མདུན་ཤོག་ཇུས་འགོད་པས་མཇུག་རྩོམ་གྲུབ་པར་མ་བཀླགས་པའི་རྐྱེན་གྱིས་ཞལ་བྱང་ལ་ནོར་བ་ཤོར་འདུག)

རྣམ་ཐར་འདིའི་ནང་དུ་རྗེ་བཙུན་རས་ཆུང་པ་འཕགས་ཡུལ་དུ་ལན་གསུམ་དུ་ཕེབས་པའི་བྱུང་བ་དང་།  རྒྱ་གར་ལ་ཕྱི་མ་འབྱོན་པའི་དུས་སུ་བླ་མ་ཏི་ཕུ་པ་དང་ཁོང་གཉིས་བར་གྱི་ལོ་ཙཱ་བའི་མཚན་ལ་རྨ་ལོཙྪ་བ་ཙམ་ཞིག་ལས་མ་འཁོད་པའི་རྐྱེན་གྱིས་ཡང་སྙིང་རྨ་ལོ་གང་ཞིག་ཡིན་པའི་གནས་ནི་དཀའ་གནད་ཅིག་ཏུ་ལུས། ལོ་ཙཱ་བ་འདི་ཡིས་གཅིག་ནས་བླ་མ་དང་རྗེ་བཙུན་བར་དུ་སྐད་ཀྱི་ལོ་ཙཱ་བ་མཛད་པ་དང་། གཉིས་ནས་རྗེ་བཙུན་རང་གིས་ཞུས་པ་ལྔ་སྟེ།  སྙན་བརྒྱུད་ཀྱི་ཆ་ལག་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡི་ནང་ཚན། རོ་སྙོམས་ཕྱི་ཡི་མེ་ལོང་། རྩ་རླུང་དྲ་མིག་འཁོར་ལོ།  བདེ་ཆེན་གསུང་གི་རིན་ཆེན།  རང་གྲོལ་ཕྱག་རྒྱ་ཆེན་པོ།  རིག་པ་ཡེ་ཤེས་སྒྲོན་མེ་དང་ལྔ།  མ་ཞུས་པ་དྲུག་སྟེ། བརྡ་དོན་གསུམ་གྱི་ནོར་བུ།  འཆི་མེད་བདུད་རྩི་བཅུད་ལེན།  ངོ་སྤྲོད་གནད་ཀྱི་བར་དོ།  བསམ་གྱིས་མི་ཁྱབ་པའི་གཏེར་མཛོད།  བསམ་གཏན་ཐུན་འཇོག་གི་གདམས་ངག རིན་ཆེན་ལྔ་ཡི་གདམས་ངག་དང་དྲུག་བཅས་བསྒྱུར་བར་མཛད་ཀྱང་། ཇི་བཞིན་མ་བྱུང་ནས་བླ་མ་ཏི་ཕུ་པས་ལྐོག་ཏུ་ལོ་ཙཱ་བ་ཇོ་རྒྱལ་ལ་བསྒྱུར་དུ་བཅུག་པས་ཕྱེད་བཅད་འདུག་གསུངས།  བལ་པོར་ཕེབས་དུས་བྷ་རི་རྣལ་འབྱོར་མ་ལ་རང་གི་གསེར་སྲང་མང་པོ་འགྲོ་གྲོན་བཏང་ནས་ལོ་ཙཱ་བས་བསྒྱུར་བའི་ཆོས་དཔེ་རྣམས་སྤྱན་འབུལ་ཞུ་དུས། “ཁྱོད་ཀྱིས་སྒྲ་མི་ཤེས་པའི་སྐྱོན་ཆེན་པོ་བྱུང་འདུག  ངའི་བླ་མ་དེས་འདི་འདྲ་གར་གསུང་།  ལོཙྪ་བས་ཁྱོད་ལ་ཕྲག་དོག་བྱས་ནས་མི་དགོས་པའི་ཚིག་མང་པོ་བཏབ་ནས་འདུག་གསུང་ནས།  ལྷ་ཆད་མེད་པར་བསྒྲིགས་ནས་གཏད”པར་གྲགས།

འོ་ན་རྨ་ལོ་འདི་གང་ཞིག་ཡིན་ཞེ་ན། འདི་ལ་དཔྱད་པ་གཉིས་ཀྱི་ཐོག་ནས་བཤད་ན་ཅུང་ཟད་གསལ་ཁ་ཡོང་བའི་རེ་བ་ཆེ།  དེ་ལ་དང་པོ་ནི་རྗེ་བཙུན་རང་ཆུས་པ་རྒྱ་གར་ལ་ཕྱི་མ་འབྱོན་པའི་དུས་ཚིགས་གང་ཡིན་ལ་དཔྱད་དགོས་དུས་ཐོག་མར་ཁོང་གི་འཁྲུངས་འདས་ལོ་ཚིགས་གཏན་ལ་ཕབ་པ་ནི་གལ་གནད་ཅིག་ཡིན།  རྣམ་ཐར་འདིའི་ནང་དུ། རབ་བྱུང་དང་པོའི་“ཤིང་ཕོ་བྱི་བའི་ལོ།(༡༠༨༤)སྟོན་ཟླ་འབྲིང་པོ་རྒྱུ་སྐར་དབྱུག་པ་ལ་བབས་པའི་ཚེ”འཁྲུངས་པ་དང་།  རབ་བྱུང་གསུམ་པའི“ལྕགས་མོ་ཡོས་ཀྱི་ལོ(༡༡༧༡)དཔྱིད་ཟླ་འབྲིང་པོའི་སྟོང་ཆེན། རྒྱུ་སྐར་དབྱུག་པ་ལ་བབས་པའི་ཐོ་རངས་ཀྱི་ཆ་ལ་དག་པ་མཁའ་སྤྱོད་ཀྱི་གནས་སུ་གཤེགས”པར་འཁོད་འདུག  སྤྱིར་བཏང་བཤད་ན་འདི་ནི་སྐུ་དངོས་ཀྱི་སློབ་མས་ཡི་གེར་བཀོད་པ་ཡིན་གཤིས། འཁྲུངས་འདས་ཀྱི་ལོ་ཚིགས་ཚད་མར་འོས་ན་ཡང་།  «དེབ་སྔོན»དུ། འདས་ལོ་རབ་བྱུང་གསུམ་པའི་ལྕགས་སྦྲུལ(༡༡༦༡)ཡིན་པར་བཞེད་ཅིང་དེའི་ཁུངས་ནི།  གླིང་ཆེན་རས་པ(༡༡༢༨-༡༡༨༨)དགུང་ལོ་སོ་ལྔ་པ་ཆུ་ཕོ་རྟའི་ལོ(༡༡༦༢)ལ་ལོ་རོར་ཕེབས་དུས་རས་ཆུང་པ་སྔ་ལོ་ལྕགས་མོ་སྦྲུལ་དེ་ལ་གཤེགས་ནས་མ་མཇལ་བའི་ལོ་རྒྱུས་ལ་ཁུངས་བཅོལ་བ་འདྲ་ཞིང་།  རྣམ་ཐར་འདིའི་ནང་དུ་ཡང་གླིང་ཆེན་རས་པས་རྒྱལ་བ་ལོ་དང་སུམ་པ།  བུར་སྒོམ་ནག་པོ་སོགས་ཀྱི་ཞབས་ལ་གཏུག་ནས་གདམས་ངག་གསན་ཚུལ་ཙམ་ལས་རྗེ་བཙུན་དང་མཇལ་བའི་ལོ་རྒྱུས་མེད་པའི་རྐྱེན་གྱིས་འདས་ལོ་ལ་བསྡོམས་ཚིག་ཇི་བཞིན་འགོད་པར་དཀའ།  དེས་ན་ཕྱིས་ཀྱི་གང་ཟག་འགའ་ཞིག་གིས། དཔྱིད་ཟླ་འབྲིང་པོའི་སྟོན་ཆེན་དུས།  །མི་ཡི་སེང་གེ་དབྱིངས་སུ་གཤེགས།  །ཞེས་པ་ཙམ་ཞིག་ལ་གཞི་བཅོལ་ནས་མ་གཅིག་གྲུབ་པའི་རྒྱལ་མོས། “བརྒྱད་ཅུ་གྱ་བརྒྱད་ཚུན་བསྲིངས་ནས་ལུང་བསྟན་པ་ཡིན་གསུངས”པའི་ལུང་བསྟན་ལ་སྦྱར་ནས་འདས་ལོ་ལ་གསལ་ཁ་གཏོད་དེ་བསྣན་པ་ཡང་སྲིད་པས་རེ་ཞིག་དཔྱད་གཞིར་བཞག

དེ་བཞིན་དུ་རྒྱ་གར་ལ་ཕྱི་མ་འབྱོན་པའི་དུས་ཚིགས་ལའང་དཔྱད་གཞིར་མང་སྟེ།  མ་གཅིག་གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ“ཁྱོད་ད་ལྟ་ལོ་དུ་ཡིན་གསུང་བཞི་བཅུ་ཞེ་གཉིས་ལགས་ཞུས”ཞེས་པ་རྣམ་ཐར་འདི་རུ་བཤད་པས།  དེ་ལྟར་ཡིན་ན་ཡོངས་གྲགས་སུ་རྗེ་མི་ལ་གཤེགས(༡༡༢༣)ནས་ལོ་གཉིས་ཙམ་ཐལ་བའི་རྗེས་ལ་ཁེལ་བས།  རས་ཆུང་རྒྱ་གར་ལ་ཕྱི་མ་འབྱོན་པའི་བྱུང་རིམ་དང་བསུ་བའི་གོ་རིམ་གྱི་མི་སྣ་གཙོ་བོ་གཅིག་ནི་རྗེ་བཙུན་ཡབ་སྲས་རང་དུ་བཤད་པ་འདི་ཉིད་ནང་འགལ་དུ་འགྱུར་བ་ཙམ་དུ་མ་ཟད།  ཚེ་དཔག་མེད་ཀྱི་ཆོས་སྐོར་དང་ངམ་རྫོང་སྙན་བརྒྱུད་ཀྱི་བརྒྱུད་རིམ་ཡོངས་གྲགས་ལྟར་དུ་རྣམ་ཐར་འདིར་ཡང་བཤད་པས་དེ་ཡང་ནང་འགལ་དུ་གྲུབ།  དེ་ལྟས་དགུང་ལོ་ཞེ་གཉིས་རང་དུ་འཐད་པ་དཀའ་བས་ཕྱེད་ལོ་བྱས་ནས་བཤད་པའི་དབང་དུ་བཏང་ན་རྒྱུ་མཚན་མེད་པ་ཡང་མ་ཡིན་ཏེ།  ར་ལའི་ཕུ་ཟ་འོག་ཕུག་ཏུ་རས་ཆུང་པས་རྗེ་མི་ལ་མཇལ་དུས་དགུང་ལོ་བཅུ་གཅིག་ལོན་པར་བཞེད་ཅིང་།  “ངས་སྔར་ཡང་བླ་མའི་ཞབས་ཕྱིར་ལོ་བཅུ་གཉིས་འབྲངས་ཤིང་ཞབས་ཏོག་མང་དུ་བསྒྲུབས།  ད་རུང་ཡང་ལོ་བཅུ་གཉིས་ཀྱི་བར་དུ་སྒྲུབ་དགོས་སྙམ་དུ་དམ་བཅས་ཤིང་དམ་བཅའ་མཐར་ཕྱིན་པ་ཡིན་ནོ།  །” ཞེས་རྒྱ་གར་ལ་ཕེབས་ཐེངས་ཕྱི་མ་འཁོར་བའི་དུས་སུ་རྗེ་བཙུན་གྱི་དྲུང་དུ་དམ་བཅས་པའི་ལོ་རྒྱུས་འདི་དང་ཅུང་ཟད་འགྲིག་པར་སེམས།  མཁས་པའི་དགའ་སྟོན་ལས། བླ་མ་ལ་ཕྱག་ལེན་རེ་བ་དང་། ལོག་རྟོག་སྐྱེ་བ་དང་།  ཐུགས་རྒྱལ་སྐྱེ་བ་ཐམས་ཅད་མུ་སྟེགས་ཀྱི་སྟོན་པ་ཞིག་ལ་ཕན་གནོད་ཀྱི་ཆོས་འབྲེལ་མང་དུ་ཞུས་པ་དེ་ཡིས་ལན་པར་བཤད་པ་ལ་རྒྱུ་མཚན་སྲིད་ཀྱང་།  རྒྱ་གར་དུ་འགྲོ་བར་འདོད་པའི་ཀུན་སློང་དང་གཡག་རུ་དང་རྐྱང་མགུར་སྐོར་གྱི་ལོ་རྒྱུས་ལ་ཞིབ་པར་མཇལ་བ་ཡིན་ན་གཙོ་བོ་ནི་ན་གཞོན་སྐབས་ཀྱི་སེམས་ཁམས་འབར་བའི་རྐྱེན་དང་འབྲེལ་བ་ངེས་ཅན་དུ་མཐོང་བཏུབ་པ་དང་།  རྒྱ་གར་ལ་ཕེབས་ཐེངས་གཉིས་པའི་སྐབས་ཀྱི་ཚུར་ཡོང་བའི་ལམ་ཁ་ནས་བླ་མ་སྦ་རེག་ལ། “རྫོགས་པ་ཆེན་པོ་ལྟ་བ་ཀློང་འདས་ཀྱི་སྐོར་གསན་ནས།  ལྷ་མེད་འདྲེ་མེད་ལྟ་བ་ལྟར་མཛད”པའི་ལོ་རྒྱུས་དང་།  རྒྱ་གར་དུ་ཕེབས་ཐེངས་གསུམ་པའི་སྐབས་སུ་བལ་པོར་སླེབས་དུས“བལ་པོའི་ཡོན་བདག་ཕོ་མོ་ཀུན་བོད་ཀྱི་རྣལ་འབྱོར་པ་ལ་ཆོས་ཞུ་ཟེར་ནས་ཁྲོམ་ཚོགས་ཤིང་ཁྲི་བཤམས་བྱས་འདུག་པའི་ཁར།” ལམ་གྲོགས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྱི་སྟོན་བསྡད་ནས་“རྫོགས་པ་ཆེན་པོའི་ལྟ་བའི་རྦད་ཁམས་ཆེན་པོ”བཤད་པས།  སྔར་དད་འདུན་གྱིས་འཁོད་པའི་བྷ་རི་རྣལ་འབྱོར་མ་མ་གུས་ནས་ལོགས་སུ་ཕེབས། དེ་ལ་རས་ཆུང་པས་ཁྱོད“སྔ་མ་དད་ནས་ཕྱིས་མི་དད་པ་ཅི་ཡིན་བྱས་པས།  ཛོ་ཀི་ཆོས་ལ་དད་རྒྱུ་མ་བྱུང་།  སངས་རྒྱ་བའི་ཆོས་ཤིག་སྒྲུབ་པ་ལ་བྱིན་གྱིས་རློབ་པའི་བླ་མ།  དངོས་གྲུབ་སྟེར་བའི་ཡི་དམ།  བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་དགོས་པ་ལ།  ལྷ་མེད་འདྲེ་མེད་ཟེར་བ་ལ་མ་དད་ཟེར། བལ་པོ་གཞན་རྣམས་ཀྱང་བོད་ངན་པའི་ཆོས་ལ་དེ་ལས་མི་འོང་ཟེར”ནས་རྙོག་དྲ་མང་དུ་བྱུང་ཞིང་། རྒྱ་གར་ལ་ཕེབས་དུས། “རྗེ་བཙུན་ངང་ཐུང་ནས་བླ་མ་ལ་སངས་རྒྱས་སྒྲུབ་པ་ལ་ཡི་དམ་གྱི་ལྷ་དགོས་སམ་ཞུས་པས།  ཡི་དམ་ལོས་དགོས་བསྐྱེད་རྫོགས་གཉིས་ལ་མ་བརྟེན་པར་སངས་རྒྱས་མི་ཡོང་གསུང་”པའི་བྱུང་བ་དེ་རྣམས་གཞིར་བཞག་པ་ཡིན་ན། རྗེ་བཙུན་མི་ལའི་དྲུང་ནས་ལྟ་བ་སྐྱོན་ཅན་དེ་དག་གི་གེགས་སེལ་ཕྱག་ཆེན་ལྔ་ལྡན་གྱི་གདམས་ངག་ཚུལ་བཞིན་དུ་མནོས་མེད་པ་ནི་གསལ་བོར་ཡིན་པས་སྐབས་དེར་དགུང་ལོ་བཞི་བཅུར་སོན་མེད་པའི་བདེན་དཔང་ཡང་ཡིན།  ཕྱིས་ལྷ་ལྕམ་ལྡེམ་བུ་སོགས་ལ་བསྐུལ་འདེབས་ཀྱི་མགུར་མའི་ནང་དུ་ཕྱག་ཆེན་ལྔ་ལྡན་གྱི་གདམས་ངག་ཚུལ་བཞིན་བསྟན་པའི་བྱུང་བ་འདི་དག་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོ་སེང་གེ་འདྲ། ལྔ་ལྡན་མེད་ན་མིག་མེད་ཡིན་ཞེས་བཤད་པའི་བསྡོམས་ཚིག་འདི་བྱུང་བར་མངོན་ནོ། །

གཉིས་པ་ནི་རྨ་ལོའི་སྐོར་ཏེ། ཆོས་འབྱུང་རྣམས་སུ་འཁོད་པའི་རྨ་ལོའི་རྣམ་གྲངས་དང་། དེ་དག་དུས་ཚོད་ག་དུས་ཕེབས་པའི་སྐོར་ནས་ཡིན།  དེ་ལ་རང་ཉིད་ཀྱིས་མཇལ་མྱོང་བའི་ལོ་རྒྱུས་དང་ཆོས་འབྱུང་། དཀར་ཆག་དང་ཚིག་མཛོད་དག་ཏུ་འཁོད་པའི་རྨ་ལོ་ནི་།  རྨ་ལོ་ཙཱ་བ་རིན་ཆེན་མཆོག  རྨ་ལོ་ཙཱ་བ་རྣམ་པར་མི་རྟོག་པ།  རྨ་ལོ་ཙཱ་བ་ཤཱཀྱ་འོད། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས།  རྨ་ལོ་ཙཱ་བ་བན་ཆོས་འབར་དང་ལྔ་རུ་མཐོང་།  དང་པོ་རྨ་ལོ་ཙཱ་བ་རིན་ཆེན་མཆོག་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་ཙཱ་བ་སྟེ།  ཁོང་ནི་སད་མི་བདུན་གྱི་ནང་ཚན་དང་ལོ་ཙཱ་བ་རབ་དགུའི་ནང་གསེས་བར་པ་གསུམ་གྱི་ཡ་གྱལ་ཡང་ཡིན། བུ་སྟོན་ཆོས་འབྱུང་ལས།  གཤེད་མ་བཀྱེ་སྟེ་ཉང་ཏིང་ངེ་འཛིན་བཟང་པོ་དང་རྨ་རིན་ཆེན་མཆོག་ལ་སོགས་པ་བསད་དེ་བསྟན་པ་མེད་པར་བྱས་སོ། །ཞེས་གསུངས་པས་འཁྲུངས་འདས་ཀྱི་ལོ་ཚིགས་རགས་པ་ཞིག་ནི་རྟོགས་པར་ནུས་ཤིང་།  དེ་བཞིན་དུ་བུ་སྟོན་ཆོས་འབྱུང་དང་མཁས་པའི་དགའ་སྟོན་ལས་རྨ་ལོ་ཙཱ་བ་རྣམ་པར་མི་རྟོག་པ།  རྨ་ལོ་ཙཱ་བ་ཤཱཀྱ་འོད་གཉིས་ཀྱང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་ཀྱི་ལོ་ཙཱ་བ་སྟེ།  སད་མི་བདུན་དང་དུས་མཉམ་པའི་བསྟན་པ་སྔ་དར་གྱི་ལོ་ཙཱ་བ་རུ་བཞེད་པ་ཡིན། འོན་ཀྱང་ཕྱི་མ་གཉིས་ནི་གང་ཟག་ཐ་དད་པ་ཡིན་ནམ་གང་ཟག་གཅིག་གི་མཚན་གྱི་རྣམས་གྲངས་ཡིན་ཞེ་ན།  དེ་ལ་སྟབས་བདེའི་སྒོ་ནས་ལན་བསྟབ་པར་དཀའ་སྟེ། དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ནང་དུ།  རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་རབ་བྱུང་དང་པོའི་ཤིང་སྤྲེལ(༡༠༤༤)ནས་རབ་བྱུང་དང་པོའི་ས་སྦྲུལ(༡༠༨༩)དགུང་ལོ་ཞེ་དྲུག་ལ་གཞན་གྱིས་དུག་བཏང་སྟེ་བཀྲོངས། ལོ་རྒྱུས་ཞིབ་པ་དེབ་ཐེར་སྔོན་པོ་ལེ་ཚན(ན)པའི་ཤོག་གྲངས༣ནས༤བར་གསལ། ཞེས་དང་། དུང་དཀར་ཚིག་མཛོད་ལས། རྨ་བན་ཆོས་འབར་འདི་ཉིད་རབ་བྱུང་དང་པོའི་ཤིང་སྤྲེལ(༡༠༤༤)ལོར་ལ་སྟོད་ལྷོར་སྐུ་འཁྲུངས། འདི་ཉིད་ཀྱིས་ལྷོ་བལ་དུ་མཁས་པ་མང་པོ་ལ་གཏུགས། འདི་རྒྱ་གར་ཕྱག་ནའི་ཡང་སློབ་ཡིན། རྒྱ་གར་དུ་ཁ་ཆེ་དགོན་པ་བ་དང་། ཨ་བྷཱ་ཡཱ་ཀཱ་ར་གུབྷ་ལ་སོགས་པར་གསན་པ་མང་དུ་མཛད་ཅིང་བཞུགས་པ་ན་བླ་མ་དེ་རྣམས་ཀྱིས་ཁྱོད་བོད་དུ་སོང་ལ། འཕགས་མ་སྒྲོལ་མའི་སྤྲུལ་པ་འདི་ལྟ་བུ་ཞིག་ཡོད་པ་ཕྱག་རྒྱར་བསྟེན་ནས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གྱིས་ཤིག་གསུངས། དེ་ལྟར་བོད་དུ་བྱོན་ནས་མ་གཅིག་ཕྱག་རྒྱར་མཛད་པ་ཡིན་ནོ། །དེ་ནས་རྨ་ལོ་ཙཱ་བ་ཁྱུང་པོའི་ཐད་དུ་རབ་ཏུ་བྱུང་། དགུང་ལོ་ཞེ་དྲུག་ལ་ཕེབས་སྐབས་འཁོན་ཕུ་བ་ཉེ་གནས་སུ་ཁྲིད་དེ་ཤབ་ཏུ་བྱོན་པའི་ཚེ་གཞན་གྱིས་དུག་དྲངས་ནས་གྲོངས་སོ། །ཞེས་དང་། དུང་དཀར་ཚིག་མཛོད་ནང་གི་ཚད་མ་རིག་པ་བཤད་པའི་སྐབས་སུ།  ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་ནི་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར། ཞེས་དང་།  ཁྲི་སྲོང་སྡེ་བཙན་སྐབས་ཀྱི་རྒྱ་ནག་གི་སྐད་མཁྱེན་པའི་ལོ་ཙཱ་བའི་ནང་དུ་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་བགྲང་པ་སོགས་ཀྱིས་ཕྱི་མའི་རྨ་ལོ་རྣམ་གཉིས་གང་ཟག་གཅིག་ཏུ་བཞེད་པ་ལྟ་བུར་སྣང་ཞིང་། དེ་ཡང་གོང་དུ“ལོ་རྒྱུས་ཞིབ་པ་དེབ་ཐེར་སྔོན་པོ་ལེ་ཚན(ན)པའི་ཤོག་གྲངས༣ནས༤བར་གསལ།” ཞེས་ཁ་འཕངས་པ་དེ་ནི་ནོར་བ་ཡིན་ཏེ།  དེར་བཤད་པའི་རྨ་དམ་པ་ནི་གདམས་ངག་མཛོད་དུ་བཞུགས་པའི་བཀའ་བབས་བར་པ་ལས་རྨ་ལུགས་བརྒྱུད་འདེབས་སུ། ཡར་ལུང་སྐྱེར་སྣའི་དགོན་པ་རུ། །རྨ་སྒོམ་ཆོས་ཀྱི་ཤེས་རབ་ལ་གསོལ་བ་འདེབས། །ཞེས་བྱུང་བའི་རྨ་སྒོམ་ཆོས་ཀྱི་ཤེས་རབ(༡༠༥༥-)དེ་ཡིན་པར་གསལ་ཏེ།   རབ་ཏུ་བྱུང་ནས་མཚན་ཆོས་ཀྱི་ཤེས་རབ་ཏུ་བཏགས།  ཞེས་དང་། རྨ་སྒོམ་སྐྱེར་སྣའི་ཕུག་པར་བཞུགས་པ་དང་མཇལ་ཞེས་མཚན་ཡང་གསལ་བོར་བཀོད་ཡོད།
དེས་ན་རྨ་བན་ཆོས་འབར་གྱི་བྱུང་བ་ནི་དེབ་ཐེར་སྔོན་པོའི་ལེ་ཚན(ང)པའི་ནང་གསེས“རྨ་ལོ་ཙཱ་བ་དང་ཞ་མ་ལྕམ་སྲིང་གིས་བསྟན་པ་ཇི་ལྟར་བསྐྱངས་པའི་སྐབས”སུ་གསལ་ཞིང་།  དེབ་སྔོན་དུ་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་ལོ་རྒྱུས་ཞིབ་པར་འཁོད་པ་མེད་གཤིས། རྨ་སྒོམ་ཆོས་ཀྱི་ཤེར་རབ་བཤད་པའི་སྐབས་སུ་ཁ་འཕངས་པའི་གསལ་བཤད་འདི་རུ་འཁྲུགས་པར་མངོན། རྨ་ལོ་རྣམ་གཉིས་གཅིག་པ་ལྟ་བུར་བཤད་པ་དེ་འཐད་དམ་ཞེ་ན་མི་འཐད་དེ། རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་ནི།  བསྟན་པ་ཕྱི་དར་སྐབས་ཇོ་བོ་རྗེ(༩༨༢-༡༠༥༤)དང་ལོ་ཆེན(༩༥༨-༡༠༥༥)གྱི་སྐུ་དུས་སུ་བྱོན་པའི་ལོ་ཙཱ་བ་སྟེ།  བུ་སྟོན་ཆོས་འབྱུང་ལས།  ཇོ་བོ་རྗེ་ལ་སྔར་གྱི་ལོ་ཙཱ་བ་དེ་དག་དང་ཤཱཀྱ་འོད་དང་ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་དང་།  དགེ་བའི་བློ་གྲོས་ལ་སོགས་པས་ཆོས་མང་པོར་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཞེས་དང་།  ལོ་ཆེན་རིན་ཆེན་བཟང་པོའི་རྣམ་པར་ཐར་པ་བསྡུས་པ་རྒྱལ་སྲས་འཇིགས་མེད་ཀྱི་དཔེ་ལས།  རིག་པ་ཅན་གྱི་ཉེར་གནས་གཉིས་ནི་ཚད་པས་འདས་གསུམ་བོད་དུ་སླེབ་བོ།  །མ་འོར་ལོ་ཙཱ་བ་བྱང་ཆུབ་རྩེ་མོ།  སྨྲ་ལོ་ཙཱ་བ་དགེ་བའི་བློ་གྲོས།  འཇང་ལོ་ཚ་བ་རིན་ཆེན་གཞོན་ནུ་དང་གསུམ་མོ། ཞེས་གསུངས་པས་གསལ། རྒྱུ་མཚན་དེ་དག་ལ་བརྟེན་ནས་རིན་ཆེན་མཆོག་དང་དགེ་བའི་བློ་གྲོས་སོགས་ནི་བླ་མ་ཏི་ཕུ་པ་དང་རས་ཆུང་པའི་བར་གྱི་རྨ་ལོ་ཙཱ་བ་དེ་མ་ཡིན་པ་གསལ་བོར་གྲུབ་ཀྱང་།  རྨ་བན་ཆོས་འབར་ནི་ད་དུང་དཔྱད་གཞིར་ལུས།  འོན་ཀྱང་རྨ་བན་ཆོས་འབར་གྱི་འཁྲུངས་འདས་ལོ་ཚིགས་དེབ་སྔོན་ལྟར་དུ་བཞག་པ་ཡིན་ན་ནི། རས་ཆུང་དགུང་གྲངས་ལྔ་ཡི་ཐོག་ནས་རྨ་བན་ཆོས་འབར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གཤིས་ཀྱིས་རས་ཆུང་དང་བླ་མའི་བར་གྱི་རྨ་ལོ་ཙཱ་བ་དེ་རྨ་བན་ཆོས་འབར་མ་ཡིན་པར་འགྱུར་རོ།  །

དེས་ན་ཡོང་སྒྲགས་ཀྱི་རྨ་ལོ་དེ་རྣམས་དང་རས་ཆུང་རྒྱ་གར་ལ་ཕྱི་མ་ཕེབས་པའི་དུས་མཚུངས་མི་འགྲིག་པའི་རྐྱེན་གྱིས་སླར་ཡང་དཔྱད་པ་གཞན་ཞིག་གཏང་དགོས་པ་ཡིན།  དེ་ལ་གཅིག་ནི་དུས་སྐབས་དེར་སྐུ་འཚོ་བཞུགས་གནང་བའི་རྨ་བན་ཆོས་འབར་རང་གི་ཕ་སྤུན་ཇོ་སྲས་དཀར་ཡུ་བྱ་བའི་བུ་རྨ་ཆུང་དགེ་བཤེས་དང་།  རྨ་སྒོམ་ཆོས་ཀྱི་ཤེས་རབ་སོགས་ཀྱིས་ལོ་ཙཱ་མཁྱེན་གྱི་ཡོད་མེད་དང་།  གཉིས་ནི། དབང་ཆོས་རྟེན་འབྲེལ་འགྲོ་ལྡོག་དཔལ་ནཱ་རོ་པས་མཛད་པ། རྒྱ་གར་གྱི་བླ་མ་ཏེ་ཕུ་བ་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར།  ཞེས་བསྟན་འགྱུར་གྱི་དཀར་ཆག་དག་ཏུ་གསལ་བས་རྗེ་བཙུན་རས་ཆུང་པ་དང་བླ་མ་ཏི་ཕུ་པ་རྣམ་གཉིས་ཀྱི་ལོ་ཙཱ་བ་དེ་རྨ་བན་ཆོས་འབར་ཡིན་ལས་ཆེ་སྙམ་པའི་དཔྱད་གཞི་་ཡོད་པས།  གཅིག་བྱས་ན་ཀཿ་ཐོག་པས་བཞེད་པའི་རྗེ་བཙུན་རས་ཆུང་པའི་འཁྲུངས་ལོ་རབ་བྱུང་དང་པོའི་ཆུ་བྱི(༡༠༧༢)ལོ་ལ་བཤད་པ་བཞིན་དུ་རྗེ་བཙུན་གྱི་འཁྲུངས་འདས་ལོ་ཚིགས་མར་ནུར་བ་དང་།  ཡང་ན་རྨ་བན་ཆོས་འབར་གྱི་ལོ་ཚིགས་ལ་འཁྲུལ་པ་ཤོར་བའང་མི་སྲིད་པ་མ་ཡིན་དུས་ཡང་བསྐྱར་དཔྱད་གཞི་མང་དུ་བཙལ་དགོས་པ་འདྲ་བས་རེ་ཞིག་དེ་ཙམ་བྱས་ནས་བཞག

༡༧/༣༤/༩-༣༠ ཉིན་གནམ་གསས་དར་གྱིས་སྦྱར་བའོ།།