རྗེ་བཙུན་མིད་ལ་རས་པའི་རྣམ་ཐར་ནི་དུས་ཕྱིས་སུ་བརྩམས་པ་ཡིན་ནམ།།

 

  རྩོམ་འབྲི་བ། ར་སེ་དཀོན་རྒྱམ།

 

དེ་ལ་དགེ་བཤེས་ངག་དབང་འབྱོར་མཆོག་གིས་གཙོ་གཉེར་མཛད་པའི་ཆོས་འབྱུང་གླིང་ཞེས་པའི་དྲྭ་ཚོམས་སུ་གསུངས་ཤིང་། བཀྲ་ཤིས་འཕྲིན་སྟེགས་སུ་སྤེལ་བའི་རྒྱ་གར་ཆོས་འབྱུང་གི་དྲི་བ་དྲིས་ལན་གྱི་སྒྲ་ཕབ་སྟོད་ཆའི་དུམ་བུ་འགའ་ལ་ཉན་པས། དེར་དགེ་བཤེས་ངག་གི་དབང་ཕྱུག་གིས་གསུང་བཤད་ནང་། རྭ་ལོ་ཙཱ་བའི་རྣམ་ཐར་ཆེན་པོ་དེ་ཚར་གཅིག་ཀློག་པ་ཡིན། རྣམ་ཐར་དེ་རྗེ་བཙུན་མི་ལའི་རྣམ་ཐར་ལས་ལྷག་པ་ཅིག་རེད། རྗེ་བཙུན་མི་ལའི་རྣམ་ཐར་ནི་ཕྱིས་སུ་ཕྱིས་སུ་མཛད་པ་ཅིག་རེད། རྭ་ལོ་ཙཱ་བའི་རྣམ་ཐར་ཁོ་རང་གི་དངོས་སློབ་རྭ་ཆོས་རབ་དཔོན་སློབ་ཀྱི་མཛད་པ་ཅིག་རེད། ཅེས་ཚིག་ཐག་ཆོད་པོས་གསུང་བར་མཛད་འདུག

ཁོང་ནི་མཁས་པ་ཆེན་པོ་ཡིན་པར་རང་གཞན་གྱིས་འཛིན་པར་བྱེད་པ་ཡིན་པས་སར་བུ་དག་གིས་བདེན་གསུང་ཡིན་པར་ཆ་འཇོག་པར་ཐེ་ཚོམ་མེད་པ་ཡིན་ལ། ཁོང་དང་འདྲ་བར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་འགའ་ཡིས་ཀྱང་། རྗེ་གཙང་སྨྱོན་པས་མཛད་ཚུན་ལ་གཞི་ནས་བྱུང་བར་དོགས་པ་དང་། འདིར་ཕྱིས་སུ་བརྩམས་པར་འདོད་པའང་ཆ་མཐུན་པར་གོ་སྲིད་པ་ཡིན་ལ། ཉན་པོ་ན་གཞོན་ཚོས་དེ་ལྟར་གོ་བ་བླང་ན་རྗེ་བཙུན་མིད་ལའི་རྣམ་ཐར་གྱི་བྱུང་བ་དངོས་དང་རྒྱབ་འགལ་དུ་འགྲོ་བར་ཐེ་ཚོམ་མེད་ལ། བོད་ཀྱི་ལོ་རྒྱུས་རིག་པ་ལ་ལོག་བཤད་དུའང་མི་འགྱུར་བ་ག་ལ་སྲིད།

རྗེ་བཙུན་གྱི་རྣམ་ཐར་སྔ་ཤོས་ནི་ངམ་རྫོང་རས་བོ་དྷི་ར་ཛས་བརྩམས་ཤིང་། ཁོང་ནི་ལོ་ཉེར་བདུན་རིང་རྗེ་བཙུན་གྱི་དྲུང་དུ་བསྟེན་པ་དང་། སྙན་བརྒྱུད་ཀྱི་གདམས་པ་ཆ་ཚང་བ་གནང་བའང་ཡིན་པ་ནི་ཡོངས་གྲགས་ཡིན་ལ། རྗེ་བཙུན་གྱི་ཐུགས་སྲས་རས་པ་བཅུ་གཉིས་ཀྱིས་བསྒྲིགས་པའི་རྣམ་མགུར་རྒྱས་པར་བཞུགས་པ་དང་། རྗེ་སྒམ་པོ་པ་ཡི་གསུང་འབུམ་གྱི་དབུ་ན་ཡང་རྗེ་བཙུན་མི་ལའི་རྣམ་ཐར་བཞུགས་པ་དང་། རྗེ་རས་ཆུང་པ་ནས་བརྒྱུད་པའང་ཡོད་པས། དེ་དག་ཐམས་ཅད་དུས་འཕྱིས་སུ་བྱུང་བར་འདོད་དགོས་པར་ཐལ་ལ། འདོད་ན་གང་ཟག་དེ་དག་ཀྱང་འཕྱིས་སུ་བྱུང་བར་འདོད་དགོས་པར་ཐལ་ཡོད། དེ་ལྟར་ན་གང་ཟག་འདི་དག་རྗེ་བཙུན་གྱི་དངོས་སློབ་མ་ཡིན་པར་འདོད་དགོས་པར་ཐལ་ཡོད། དེ་ལྟར་ན་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་དེ་དག་རྗེ་བཙུན་གྱི་སློབ་མར་གྲགས་ཤིང་གྲུབ་པའང་། བརྫུན་དུ་བསྒྲུབ་དགོས་ལ། དེ་དག་ནི་རྗེ་བཙུན་གྱི་སློབ་མ་ཡིན་པར་བདེན་ན་ཡང་། རྣམ་ཐར་དེ་དག་གང་ཟག་དེ་དག་གིས་མཛད་པ་མ་ཡིན་པར་ཕྱིས་སུ་བྱས་པ་ཡིན་ནོ་ཞེ་ན།  དེ་ལྟར་ཡིན་པའི་ཚུལ་གྱི་སྒྲུབ་བྱེད་ཡང་དག་པ་ཚང་མས་ཁས་ལེན་ཐུབ་པ་ཅིག་འགོད་དགོས་ཀྱི། ཟེར་བསྒྲོས་དང་བསམ་ཚོད་ཙམ་ལ་བརྟེན་པ་ཡིན་ན། དེ་ལྟ་བུར་ཆ་བཞག་ནས་ལོ་རྒྱུས་དངོས་ལ་བསྙོན་འདིང་བ་ནི་སྤྱིར་ན་མཁས་ཁུར་འཛིན་པ་དང་། ལྷག་པར་དེང་རབས་ལོ་རྒྱུས་རིག་པ་སྨྲ་བའི་མདུན་སར་མཁས་པར་ཁས་འཆེ་བའི་ངོས་ན་དེ་བས་མཛེས་པ་མ་ཡིན་པས། གནས་ལུགས་དཔང་དུ་བཞག་ཐུབ་པ་ཅིག་ཡོད་དགོས་པ་མ་ཡིན་ནམ།།

རྭ་ལོ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་རྒྱས་པ་དེ་ཉིད་རྭ་ཆོས་རབ་ཀྱི་སློབ་མ་རྭ་ཡེ་ཤེས་སེང་གེས་བརྩམས་པར་བཤད་ཡོད་པས་བདེན་པ་ཡིན་ངེས་ནའང་། དེ་ཉིད་བརྒྱ་ཆ་བརྒྱ་ལྷད་མེད་ཁུངས་དག་ཚད་མ་ཉག་གཅིག་ཡིན་པར་འདོད་མི་རུང་སྟེ། དེ་ལ་དུས་ཕྱིས་ཀྱི་གཏམ་མང་པོ་དང་འདྲེས་ཡོད་པ་འདི་ཤེས་དགོས་འདུག དེབ་ངོས་༡༦༧པར། འདི་རང་སྟོང་མིན་ཏེ་བདག་འཛིན་ཡུལ་ལས་འདས།།འདི་གཞན་སྟོང་མིན་ཏེ་ཤེས་འཛིན་དྲི་མ་མེད།།ཅེས་བཀོད་འདུག་མོད། རང་སྟོང་གཞན་སྟོང་གི་ཐ་སྙད་རྣམ་གཞག་ནི་ཕྱིས་སུ་ཇོ་ནང་དོལ་པོ་ཀུན་མཁྱེན་པས་བཏོད་པར་ཡོངས་སུ་གྲགས་པས། དེ་ལ་འགལ་སྤོང་གནང་དགོས་པར་སྣང་ལ། དེབ་ངོས་༡༧༣པར། གཡུ་ཐོག་དར་པོ་བྱ་བའི་སྨན་པ་མཁས་པ་ཅིག་ན་རེ། ངེད་ཀྱི་གཡུ་ཐོག་ཡོན་ཏན་མགོན་པོ་དེས་འདིར་ཨ་རུ་རའི་ཆར་ཕབ་པ་ཡིན། ཞེས་སོགས་བཀོད་འདུག་ཀྱང་། ཨ་རུ་རའི་ཆར་འབེབས་པ་པོ་ཡོན་ཏན་མགོན་པོ་ནི་རང་ཉིད་དྭགས་པོ་ལྷ་རྗེའི་སྐྱེ་བ་ཡིན་པར་གཡུ་ཐོག་སྙིང་ཐིག་ཏུ་ཞལ་བཞེས་གནང་ཡོད་པ་དང་། འགྲོ་མགོན་ཕག་གྲུར་ལམ་འབྲས་གསན་པར་མཛད་མཁན་དེ་ཉིད་ཡིན་ན། ར་ལོའི་གོང་དེར་ཚོང་འདུས་མགུར་མོར་ཨ་རུ་རའི་ཆར་འབེབས་མཁན་ཅིག་ཡོད་པར་འདོད་དམ། དུས་ཇི་ལྟར་འགྲིག་མིན་དཔྱོད་དགོས།  དེབ་ངོས་༢༦༢པར། བྲག་དཀར་དང་འབྲི་ཁུང་ལ་སོགས་པར་འགྲོ་དོན་བསྐྱངས། འབྲི་ཁུང་དུ་དཔལ་ལྡན་ཨ་ཕྱི་མ་དང་གཞི་བདག་བར་ལྷས་དགེ་བསྙེན་ཞུས། ཞེས་བཤད་ཡོད་ནའང་། འབྲི་གུང་ཞེས་པ་འདི་རྗེ་འཇིག་རྟེན་མགོན་པོ་ས་གནས་འདིར་བཞུགས་ཚུན་གཞི་ནས་གྲགས་ཆེ་བར་བྱུང་བ་ལས། དེའི་གོང་དུ་གཞོ་རོང་ལུང་པ་དང་གཞོ་སྟོད་སྨད་ཁོ་ན་གྲགས་ཆེ་བ་ཡིན་པའི་ཕྱིར་དང་།  འབྲི་གུང་ཨ་ཕྱི་ཆོས་སྒྲོན་དེ་ཉིད་གཞོ་སྟོད་དུ་འཁྲུངས་པ་ཡིན་ནའང། ཆོས་ཀྱི་སྲུང་མར་གྲགས་པ་ནི་རྗེ་འབྲི་གུང་པ་འཇིག་རྟེན་མགོན་པོའི་སྐུ་ཚེའི་སྨད་ལ་གཞི་ནས་བྱུང་བ་ཙམ་ལས་དེའི་གོང་ན་གཏན་ནས་མ་གྲགས་པའི་ཕྱིར་རོ།།དེས་ན་ཕྱིས་ཀྱི་གཏམ་མང་པོ་བསྲེས་ཡོད་པས་ན། ཇོ་ནང་ཏཱ་ར་ནཱ་ཐས་འཇིགས་བྱེད་ཆོས་འབྱུང་དུ་རྭ་ལོའི་རྣམ་ཐར་བཀོད་ནས། སྤྱིར་ཡང་སྔོན་དུས་ཀྱི་ལོ་ཙཱ་བ་རྣམས་ལ། རྣམ་ཐར་ཁྲིགས་ཆགས་མ་ཆེན་མོའི་རིགས་ཁུངས་དང་ལྡན་པ་ཆེར་མི་སྣང་བས། ལོ་རྒྱུས་ཀྱི་ངོ་བོ་འདི་ཙམ་ཡང་རྒྱས་པ་ཡིན་པར་མངོན་ནོ།།ཞེས་གསུངས་ཤིང་། ད་ཡོད་རྣམ་ཐར་རྒྱས་པ་འདི་ཉིད་གཞི་འཛིན་ས་གཙོ་བོར་མ་མཛད་པར་གསལ་བ་ལའང་བསམ་དགོས་སོ།།

དེས་ན་རྭ་ལོའི་རྣམ་ཐར་རྒྱས་པ་དེ་ཉིད་ལ་ཕྱིས་ཀྱི་གཏམ་ཅི་རིགས་པ་འདྲེས་ཡོད་པར་དཔགས་ན། དེ་ཉིད་ལ་རྗེ་བཙུན་མིད་ལའི་རྣམ་ཐར་ལས་ལོ་རྒྱུས་ཀྱི་རིན་ཐང་ངམ་ལྗིད་ཁོག་ཆེ་བའམ། ཁུངས་བཙན་པར་ཡོད་མེད་ཀྱང་དཔྱད་ཞིབ་བྱ་འོས་པར་གསལ་ཡོད་པས།  ཐ་སྙད་ཀྱི་ཚིག་སྦྱོར་དང་ནང་དོན་གྱི་ཆ་སོགས་ལ་ལོ་རྒྱུས་རིག་པས་ཞིབ་མོར་གཞལ་ནས་སྡོམ་ཚིག་བཀོད་ན་ཕྱི་སྐྱོན་གང་ཡང་མེད་དོ།།

 

ར་སེ་བས་༢༠༢༠/༦/༦

 

མི་ལ་རས་པར་བསྐྱར་དཔྱད་ཟེར་བ་ལ་དཔྱད་པའི་གཏམ།

 

 

དེིང་སྐབས་བོད་ཀྱི་ཡུལ་ལུང་ཕྱི་ནང་གང་དུ་ཡང་གནའ་དེང་གི་འགྲོ་ལུགས་འདུག་སྟངས་དང་། སྔོན་བྱོན་དག་གི་མཛད་པ་རྣམ་ཐར་དག་ལ་དཔྱད་པའམ། ཞིབ་འཇུག་དང་དོགས་སློང་སོགས་བྱེད་པ་འདི་དག་ནི་སྤྱི་ཚོགས་ཚན་རིག་གི་འགྲོ་ལུགས་སམ་རིག་པའི་དཔྱོད་ཚུལ་ཡིན་པས། དེ་ཉིད་ཇི་ཙམ་དར་ན་དེ་ཙམ་གྱིས་སྤྱི་ཚོགས་ཀྱི་སྔ་ཕྱིའི་གནད་དོན་གསལ་རྟོགས་དང་། ཞིབ་འགྲེལ་གྱིས་གནས་ལུགས་ཇི་མ་ཇི་བཞིན་ས་ལེར་རིག་ཐུབ་པའི་ཐབས་ལམ་ཟབ་མོ་ཡིན་པས། རྒྱལ་སྤྱིའི་ཐོག་རིག་པ་དེ་ཉིད་ནི་གལ་པོ་ཆེར་རྟོགས་ནས། ཆེད་ལས་མི་སྣ་གསོ་སྐྱོང་དང་ཆེད་ལས་ལས་ཁུངས་བཙུགས་ནས་སྤྱི་ཚོགས་ཚན་རིག་གི་ནུས་པ་གང་ལེགས་འདོན་བཞིན་ཡོད།

རེད་དེ། ད་ལྟ་ཕྱི་ནང་གང་དུ་འང་རང་ཉིད་དཔྱོད་ལྡན་དུ་རློམ་ཞིང་། ལོ་རྒྱུས་སྨྲ་བ་པོ་དང་སྤྱི་ཚོགས་ཀྱི་གནད་དོན་གྱི་ཁུར་ཐང་ལེན་པར་རློམ་པ་མང་ཡང་། ཡང་དག་པའི་སྤྱི་ཚོགས་ཚན་རིག་གི་རིག་པ་གང་ཡང་མི་ཤེས་པར། རང་བློ་ཚད་འཛིན་དང་རང་དྲན་ཡང་དག་ཏུ་འཛིན་པ་དག་གིས་གནའ་མི་དག་དང་རྗེ་བཙུན་མི་ལ་རས་པར་གཤེ་བ་སོགས་བྱས་ཏེ། དྲྭ་ལམ་ཁག་ཏུ་མཁས་ཉམས་སྟོན་པར་དགའ་ན་ཡང་། དོན་ལ་རང་གིས་ཡང་དག་པའི་རྒྱལ་སྤྱིར་གྲགས་པའི་ཞིབ་འཇུག་རིག་ལམ་མི་ཤེས་པའི་རང་མཚང་ཐང་མར་བརྡལ་བཞིན་པ་མ་ཚོར་འདུག་གོ།།

དེ་ལ་རྨ་དུག་ལྕེ་ཟེར་བ་ཅིག་གིས། མི་ལ་རས་པས་ཨ་ཕའི་ཤུལ་བཞག་རྒྱུ་ནོར་ཏོག་ཙམ་གྱི་ཆེད་དུ་ཨ་ཁུ་གཡུང་རྒྱལ་དང་ཨ་ནེ་དཔལ་འདྲེན་སོགས་གཉེན་ཉེ་ཉི་ཤུ་ལྷག་སྡེབ་གསོད་བྱས་ནས་བྲོས་བྱོལ་དུ་སོང་བ་ཁོང་གི་རྣམ་ཐར་ན་གསལ། ཞེས་དང་། དེ་ནས་སླར་ཡང་ཇག་པ་སྐོར་ཞིག་བསད་པའང་ལོ་རྒྱུས་སུ་གསལ་པོ་ཡིན། ཞེས་དང་། ད་དུང་མི་ཚེ་གང་པོར་རི་དྭགས་བཞིན་རི་ལས་བབ་མ་ཐུབ་པ། ཐ་མར་དགྲ་བོས་དུག་དྲངས་ནས་བསད་པ་སོགས་ལ་བལྟས་ན། མི་ལ་རས་པ་རང་སྲོག་ཐར་ཆེད་མི་ཚེ་གང་བོར་བྲོས་བྱོལ་དུ་སོང་བ་མིན་ནམ་སྙམ། ཞེས་སོགས་སྨྱོ་ལབ་གཟའ་ལབ་མང་པོ་བྲིས་ནས་དྲྭ་ཐོག་ལ་བཀྲམ་འདུག

སྤྱིར་ན་ཕ་མེས་ཀྱི་ཤུལ་བཞག་བུ་བརྒྱུད་ལ་དབང་བ་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་ཞིང་། བྱེ་བྲག་ཏུ་རང་གི་ཕ་ནོར་དག་ཁ་དན་ཚིག་ལ་མི་གནས་པའི་གཡོ་ཅན་གྱི་ལག་ནས་ཚུར་ལེན་པ་དང་། མ་ལོན་པར་རྒོལ་ལན་སློག་པའང་འཇིག་རྟེན་པའི་ཡང་དག་ལམ་སྲོལ་ཡིན་འདུག འདིར་ཨ་ཁུ་དང་ཨ་ནེ་སོགས་བསད་ནས་ཡུལ་གཞན་དུ་བྲོས་པར་བཤད་པ་ནི་ལོ་རྒྱུས་ཡིག་ཆ་ཀུན་དང་མི་མཐུན་པའི་སྨྱོ་ལབ་དངོས་ཡིན་ཞིང་། ཁོང་གི་སྐུ་ཚེའི་རིང་གི་དཀའ་སྡུག་དེ་ནི་མི་སྒེར་གཅིག་གི་གནས་ཚུལ་ཙམ་མ་ཡིན་པར། སྐབས་དེའི་བོད་ཀྱི་སྤྱི་ཚོགས་སིལ་བུའི་དུས་སྐབས་ཀྱི་གནས་སྟངས་མཚོན་གྱི་ཡོད་པ་ཤེས་དགོས།།

སྐབས་དེའི་སྤྱི་ཚོགས་ཧྲིལ་པོའི་གནས་སྟངས་ཕྱོགས་ཙམ་ཡང་མི་ཤེས་པར། རང་གི་ད་ལྟའི་སྤྱི་ཚོགས་ཁོར་ཡུག་དང་། རིག་གནས། དད་མོས། བསམ་བློ། འདུ་ཤེས་འཛིན་སྟངས་ཀྱིས་རིགས་འགྲེའམ་ཡར་བཀབ་ནས་དུས་རབས་བཅུ་གཅིག་པའི་མི་སྣ་ག་གེའི་ཐོག་ལ་གཞལ་བར་རློམ་པ་འདི་དག་ནི་དོན་ལ་གནའ་དེང་གི་རིག་པར་རབ་ཏུ་རྨོངས་ཤིང་། ཤེས་པ་སོ་ན་མི་གནས་པའམ། རྣལ་དུ་མི་གནས་པའའམ་ཀླད་རྩ་མ་ཚང་བའི་སྨྱོ་ལབ་གཟའ་ལབ་ལས་མ་འདས་པ་མངོན་སུམ་ཡིན་ནོ།།རྒྱུ་མཚན་འདི་ལྟར་ལབ་འཆོལ་སྨྲ་བ་པོ་ནི། སེམས་ཁམས་མི་བདེ་བའམ་ཐང་ཐང་མེད་པ་ཅིག་ཡིན་འདུག་སྙམ།།

གལ་ཏེ་རྗེ་བཙུན་མིད་ལའི་སྐུ་ཚེའི་མཛད་སྤྱོད་ལ་བརྟེན་ནས་བོད་སིལ་བུར་འཐོར་བ་དང་། ཕྱི་དགྲ་ནང་དུ་འཁྲིད་ནས་ཕུ་ནུའི་གཉའ་མནན་པ་དང་། ཡང་ན་ཁོང་རི་ཁྲོད་དུ་རི་དྭགས་བཞིན་བཞུགས་པའི་དབང་གིས་བོད་མི་ཡོད་ཚད་ཁོང་བཞིན་རི་ལ་བྲོས་ནས་འཇིག་རྟེན་འཐུས་ཤོར་བཏང་བ་དང་།  གལ་ཏེ་ཁོང་གིས་ཆོས་པ་ཆོས་བརྒྱད་ཅན་ལ་དགག་པ་ཡང་ཡང་མཛད་པས། ཆོས་སྲིད་གཉིས་ལྡན་ལམ་ལུགས་ལ་གནོད་འཚེ་འཕོགས་ནས་ལམ་དུ་མ་ལྷོངས་པ་དང་། གལ་ཏེ་ཁོང་གིས་ཆུང་ངུའི་དུས་ཕ་མས་ཆུང་གཉེན་དུ་མནའ་བཞག་པའི་མཛེས་སེེ་དོར་བ་ལ་བརྟེན་ནས་བོད་མི་ཀུན་གྱིས་རང་གི་མཛའ་མོ་དོར་ནས་མི་བརྒྱུད་སྟོངས་པར་བྱས་པ་དང་། ཁོང་གིས་མི་ཚེ་རི་སུལ་ཁོ་ནར་བྲོས་བྱོལ་ཕྱིན་པའི་རྐྱེན་གྱིས་བོད་མི་རྣམས་བྲོས་བྱོལ་དུ་འགྲོ་བའི་རིགས་ཅན་དུ་གྱུར་པ་དང་། གལ་ཏེ་ཁོང་གི་ཕ་ནོར་ཅུང་ཟད་དེ་ཉིད་བློས་མ་ཐོངས་ནས་མཐུ་གཏད་སེར་གསུམ་ལ་སྐྱབས་བཅོལ་བའི་ཉེར་ལེན་ལ་བརྟེན། ཕྱིས་སུ་དཔའ་དཔུང་ལ་མ་བརྟེན་པར་ཡོད་ཚད་མོ་རྩིས་ལྷ་པ་གསུམ་ལ་ལམ་སྟོན་དུ་རེ་ཞིང་མཐུ་གཏད་དམ་མནན་སྲེག་འཕང་གསུམ་ལ་རེ་བའི་གནས་སུ་ལྷུང་བ་དང་། གལ་ཏེ་ཁོང་གིས་ཕ་གཞིས་ཚུར་མ་ལོན་པས་རྟེན་འབྲེལ་འཆུགས་ནས། ཚང་མ་ཕ་གཞིས་ཤོར་བར་གྱུར་པ་སོགས་སྤྱི་ཚོགས་ཧྲིལ་པོ་ལ་གསབ་ཐབས་བྲལ་བའི་ཤུགས་རྐྱེན་ངན་པ་ཚབས་ཆེན་ཐེབས་ཡོད་ན། ལོ་རྒྱུས་རིག་པར་བརྟེན་ནས་ཤུགས་རྐྱེན་ངན་པ་ཚབས་ཆེན་དེའི་བྱུང་ཚུལ་ཇི་བཞིན་སྨྲ་རིགས་པ་བདེན་ནའང་། དེ་འདྲའི་གནས་ལུགས་གང་ཡང་མི་ལྡན་པའི་ཕྱིར་རོ།།

ཁོང་གིས་སྐུ་དགྲ་ཐུལ་བ་ནི་འཇིག་རྟེན་མི་ཆོས་ལུགས་ཡིན་ལ། སྡིག་ལས་ལ་འགྱོད་ནས་བཤགས་པ་དང་། ཆོས་ལ་ཞུགས་པ་ནི་སྐབས་དེའི་བོད་མིའི་བསམ་བློའི་འཛིན་ཚུལ་ཡིན་ཞིང་། ཡུམ་བཞུགས་དུས་ཕ་ཡུལ་དུ་ཕེབས་མ་ཐུབ་པའང་བསམ་བཞིན་མ་ཡིན་པ་དང་། སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་གསལ་པོ་ཤེས་དགོས་ལ། བླ་མའི་བཀའ་ལ་བརྩི་བ་ནི་དམ་ཚིག་ཡིན་ཞིང་། མི་ཚེ་རི་ལ་བཞུགས་པའང་ཆོས་པའི་འགྲོ་སྟངས་དངོས་ཡིན་ནའང་། ཁོང་གི་རྗེས་ནས་དུས་མཚམས་ཤིག་གི་རིང་བཀའ་བརྒྱུད་པ་མང་པོ་བྱ་བཏང་དང་རི་ཁྲོད་ཅི་རིགས་ལ་མི་ཚེར་བཞུགས་པའི་སྲོལ་བྱུང་ནའང་། ཕྱིས་སུ་ལུགས་དེ་ཉིད་རིམ་པས་ཉམ་ནས་ཉིན་སྐར་ལྟར་གྱུར་ཟིན་འདུག་པས།  བོད་ཀྱི་སྤྱི་ཚོགས་ཧྲིལ་པོ་ལྟ་ཅི། བོད་པའི་ཆོས་ལུགས་པའམ་རབ་བྱུང་བ་རྣམས་ཀྱི་མི་ཚེའི་ལམ་ལུགས་ལའང་ཤུགས་རྐྱེན་དེ་ཙམ་ཐེབས་མེད་པར་གསལ་བས་ཀྱང་མཚོན་ཐུབ་བོ།།

༢༠༢༠/༦/༢༥/

 

རྗེ་གཙང་སྨྱོན་པས་རྗེ་བཙུན་མིད་ལའི་རྣམ་མགུར་བསྡུ་བསྒྲིགས་ཀྱི་ལོ་ཚིགས།

 

ཁ་བྱང་འདི་ལྟར་བཀོད་དོན་ཡང་། ལོ་རྒྱུས་སྨྲ་བ་དང་བསྟན་རྩིས་སྨྲ་བ་དག་གིས་རྗེ་བཙུན་གཙང་སྨྱོན་ཧེ་རུ་ཀ་ཆེན་པོ་དེ་ཉིད་ཀྱིས་རྗེ་མིད་ལའི་རྣམ་མགུར་བསྡུ་བསྒྲིག་བརྩམས་པའི་དུས་ཚོད་དམ་ལོ་ཚིགས་གསུངས་པའམ། ཡིག་ཐོག་བཀོད་པ་དག་ལ་མཇལ་ན། ཕལ་ཆེ་བས་རྣམ་མགུར་ཆེ་མོ་དངོས་ཀྱི་མཇུག་བྱང་ལ་བཀོད་པ་དང་མི་མཐུན་ཅིག་བཀོད་པར་མཛད་སྣང་བས། རང་གི་མིག་གི་སྐྱོན་ཡིན་ནམ་མིན་སྙམ་པའི་དོགས་པའང་ངང་གིས་ཤར་བའི་གནས་སུ་གྱུར་འདུག

ཡོངས་སུ་གྲགས་པའི་རྗེ་མིད་ལའི་རྣམ་མགུར་གྱི་མཇུག་བྱང་ལ་མཇལ་ན། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མགུར་ཆིངས་དང་བཅས་པ་འདི་ཉིད། རྗེ་བཙུན་གྱི་རྣམ་ཐར་མང་དུ་མཐོང་ནའང་། ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་ཞལ་ནས་བྱུང་བ་ཇི་ལྟ་བ་བཞིན་དུར་ཁྲོད་ཉུལ་བའི་རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས། ཕུར་བུའི་ལོ་སྟོན་ཟླ་འབྲིང་པོའི་ཡར་ཚེས་བརྒྱད་ལ། མ་དང་མཁའ་འགྲོ་འདུ་བའི་གནས་ཆེན་འབྲོག་ལ་ཕྱི་གངས་ཀྱི་ར་བར་དག་ཅིང་རྫོགས་པར་ཡིག་གེར་བཀོད་པ་འདིས་ཀྱང་། ཞེས་གསལ་བར་འཁོད་ཡོད་པ་ལ། ལོ་རྒྱུས་དང་བསྟན་རྩིས་མཁས་པ་དག་ལས། སྐབས་འདི་དང་འབྲེལ་བ་ལ། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་ལས་བཏུས་པའི་ངོས་༢༢༥ ལ་གཟིགས་ན། ས་སྤྲེལ། མི་ལ་རས་པའི་རྣམ་ཐར་བརྩམས། ཞེས་བཀོད་འདུག་པ་དང་། ཡང་དེའི་རྒྱབ་དེར། ཤིང་ཡོས། གཙང་སྨྱོན་གྱིས་མི་ལའི་རྣམ་ཐར་བརྩམས། ཞེས་བཀོད་འདུག་པས། དེ་ཡིས་སྔ་མ་དེ་ཉིད་གཙང་སྨྱོན་གྱིས་བརྩམས་པ་མ་ཡིན་པར་ཤུགས་ལས་གསལ་བའི་ཕྱིར། དེ་ཉིད་གང་ཡིན་པའང་སྟོན་དགོས་པར་ཆགས་འདུག་སྙམ།

དེ་བཞིན་དུ་རང་རེའི་གྲགས་ཆེན་གྱི་ཡིག་ཆ་དུང་དཀར་ཚིག་མཛོད་ཀྱི་མཇུག་ཏུ་བཀོད་པའི་ལོ་ཚིགས་ཀྱི་སྐབས་ཀྱི་ངོས་༢༣༥༤དང་། གོ་འཇོ་བསོད་ནམས་དབང་ལྡན་གྱིས་མཛད་པའི་བསྟན་རྩིས་ཀུན་གསལ་བཻ་ཌུརྱི་མགུལ་རྒྱན་ཞེས་པའི་ངོས་༣༡༤་ལས་ཀྱང་ཚེ་ཏན་ཞབས་དྲུང་ལྟར་དང་། ཉེ་དུས་བརྩམས་པའི་དཔལ་འབྲུག་པའི་ཆོས་འབྱུང་ལེགས་བཤད་ནོར་བུའི་གཏེར་མཛོད་ངོས་༢༦༥ལ་འང་། དགུང་གྲངས་ཞེ་བཞི་ལ་མཛད་པའི་རྗེ་མི་ལའི་རྣམ་མགུར་ཡོངས་གྲགས་དང་། ཞེས་བཀོད་གནང་འདུག དེ་དག་ཀུན་གྱིས་ཚེ་ཏན་ཞབས་དྲུང་གི་གསུང་གཞིར་བཞག་པ་ཙམ་ལས་རྣམ་མགུར་རང་གི་མཇུག་བྱང་ལ་གཏན་ནས་གཟིགས་མྱོང་མེད་པར་མངོན་འདུག

རྗེ་གཙང་པས་མཛད་པའི་རྗེ་བཙུན་མིད་ལའི་རྣམ་མགུར་གཞུང་གསལ་ལ། ཕུར་བུའི་ལོ་ཞེས་པ་དེ་ནི་བདེ་མཆོག་བསྟོད་འགྲེལ་ལུགས་ལས་བྱུང་བའི་ལོ་གྲངས་དྲུག་ཅུའི་མིང་གི་གྲས་སུ་ཡོད་པའི་མིང་ཞེ་གཉིས་པ་སྟེ། ཀི་ལ་ཀཱ་ཞེས་པ་བོད་སྐད་དུ་ཕུར་བུ་ཞེས་པ་དེ་ཁོ་ན་ཡིན་ལ། དེ་ནི་ལོ་སྐོར་བཅུ་གཉིས་ལ་འབྱུང་བ་ལྔ་སྦྱར་བའི་ས་སྤྲེལ་ལོ་སྟེ་སྤྱི་ལོ་༡༤༨༨ལོ་ལ་བབས་པ་ཡིན་འདུག་སྙམ། གལ་ཏེ་ཕྱི་མ་ཤིང་ཡོས་སྤྱི་ལོ་༡༤༩༥ལོ་དེ་ཉིད་ཡིན་པ་བདེན་ན། དེ་ནི་སྟོད་འགྲེལ་ལུགས་ཀྱི་མིང་ནི་སྲིན་པོ་ཞེས་པ་དེ་ལ་བབས་པ་ལས་ཕུར་བུ་མ་ཡིན་པར་གསལ་པོར་གྲུབ་འདུག་སྙམ་མོ།།

ཕུར་བུ་ཞེས་པ་ས་སྤྲེལ་ལོ་ནས་སྲིན་པོ་ཞེས་པའི་ཤིང་ཡོས་ལོ་བར་ལ་རང་ལོ་བརྒྱད་ཀྱི་ཁྱད་ཞུགས་ཡོད་ལ། ཤིང་ཡོས་ལོ་དེ་ཉིད་རྗེ་གཙང་སྨྱོན་ཧེ་རུ་ཀའི་རྣམ་ཐར་ཉི་མའི་སྙིིང་པོར་གཟིགས་ན། སྟོན་དེར་ཡུམ་མཇལ་དུ་མྱང་སྟོད་དུ་བྱོན་པ་དང་། ས་སྐྱོང་དོན་ཡོད་རྡོ་རྗེས་ཀྱང་གདན་དྲངས་པ་སོགས་བྱུང་།  དེ་ནས་ཡར་ཕེབས་ནས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་བར་བཞེད་ནས། རིམ་པས་གཉའ་ནང་དངན། གུང་ཐང་། སྐྱིད་གྲོང་བརྒྱུད་བལ་ཡུལ་དུ་ཕེབས་ནས་སྐུ་དཀར་གསོལ་བར་མཛད་པའི་དུས་ཡིན་གྱི། རྣམ་མགུར་བརྩམས་པའི་དུས་མ་ཡིན་ཏེ། དེའི་གོང་ན་བརྩམས་ཟིན་པ་མ་ཟད་པར་དུ་ཡང་བཏབ་ཟིན་པའི་ཕྱིར་ཏེ། བརྩམས་གྲུབ་མ་ཐག་པར་ཤིང་གཅོད་པ་དང་པར་གྱི་མཐུན་རྐྱེན་གཞན་དག་འཚོལ་བར་མཛད་དེ། ལ་སྟོད་ཟུར་ཚོའི་ཤེལ་ཕུག་ཏུ་བཞུགས་ཏེ་པར་དུ་བཞེངས་པར་འབད་ས་ལོ་གཉིས་ནང་དུ་གྲུབ་པ་མ་ཟད། པར་དུ་བཞེངས་ནས་མང་པོ་པར་དུ་བཏབ་ཏེ་དཔེ་འགྱེད་ཀྱང་གནང་བའི་ཚུལ་རྣམ་ཐར་ན་ཞིབ་མོར་འཁོད་པས་ཀྱང་རྟོགས་ནུས་པའི་ཕྱིར་རོ།།

ཡུམ་ཆེན་ཀུན་ཏུ་བཟང་མོས་རྗེ་གཙང་པའི་སྙན་པ་ཐོས་ཚེ། ད་ལྟ་ལ་སྟོད་ལྷོའི་ཤེལ་ཕུག་ན་རྗེ་བཙུན་གཙང་སྨྱོན་པས་རྗེ་མི་ལའི་མགུར་འབུམ་པར་དི་བརྐོ་བཞིན་ཡོད་པར་འདུག་ཟེར་བ་གསན་ནས་བག་ཆགས་སད་པས་མྱུར་དུ་བྱོན་ནས་ཞབས་ལ་གཏུགས་པར་མ་གཅིག་གི་རྣམ་ཐར་ན་གསལ་བ་དང་། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་སྤྲེལ་སྤྱི་ལོ་༡༤༦༤ལོར་འཁྲུངས། དགུང་ལོ་ཉི་ཤུ་ལ་རྙིང་མའི་བླ་མ་ཞིག་གི་བག་མར་ཐུགས་འདོད་མེད་བཞིན་བྱོན་དགོས་ཐུག ལོ་གསུམ་མ་འགྱང་བར་ཡུགས་ས་ལུས་པར་ཤོག་ཅེས་སྨོན་ལམ་བཏབ། དེ་བཞིན་བླ་མ་དེ་ཡང་གྲོངས་པས། གཡོག་མོ་ལྷན་དུ་དཔལ་མོ་ཆོས་སྡིངས་སུ་ཕེབས་ནས་མཁན་པོ་ལས་དགེ་བསྙེན་གྱིས་སྡོམ་པ་ཞུས་ཏེ། བོ་དོང་པའི་ཆོས་སྐོར་དང་གཅོད་སོགས་ལ་ཐོས་བསམ་མཛད་པའི་རྗེ་གཙང་པའི་སྙན་པ་གསན་ནས་དྲུང་དུ་བྱོན་པར་རྣམ་ཐར་ན་གསལ་བས། དེ་ནི་ས་བྱ་ལོ་སྟེ་སྤྱི་ལོ་༡༤༨༩ལོར་བབས་ཡོད་ལ། རྗེས་རྣམ་མགུར་བརྩམས་ཟིན་མ་ཐག་ཏུ་པར་དུ་བརྐོ་བའི་བྱ་བ་བརྩམས་ཚུལ་རྣམ་ཐར་ན་གསལ་བ་དང་གུང་འགྲིགས་ནས་འདུག་པ་འདི་ཁོ་ནས་ཀྱང་དུས་ཚོད་ཧ་ཅང་གསལ་བར་བྱུང་འདུག་གོ།།

ཀློག་པ་པོ་དག་གིས་ཤེས་རྨོངས་ཁོ་བོའི་གཏམ་འདི་ཉིད་ལ་དོགས་པ་སྐྱེ་སྲིད་པ་ནི་རྒྱུན་ལྡན་ཡིན་པས། རྗེ་རྒོད་ཚང་བས་མཛད་པའི་རྗེ་གཙང་སྨྱོན་ཧེ་རུ་ཀ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྣམ་ཐར་རྡོ་རྗེ་ཐེག་པའི་གསལ་བྱེད་ཉི་མའི་སྙིང་པོ་ཞེས་བྱ་བ་དང་། རྗེ་མཁྱེན་རབ་དབང་ཕྱུག་གིས་མཛད་པའི་དུས་གསུམ་རྒྱལ་བ་མ་ལུས་པ་བསྐྱེད་པའི་ཡུམ་ཆེན་ཀུན་ཏུ་བཟང་མོའི་རྣམ་པར་ཐར་བ་ཟབ་དོན་གཏེར་མཛོད་མཐོང་བ་དོན་ལྡན་ཞེས་བྱ་བ་གཉིས་ལ་གཟིགས་ཏེ། གཟུ་བོའི་བློ་ཡིས་གཞལ་བར་མཛད་ན། གོང་དུ་ཁོ་བོས་གླེང་བ་འདི་དག་སྐྱེས་བུ་དམ་པར་གཞི་མེད་སྐུར་འདེབས་དང་གཞི་མེད་བསྙོན་འདིངས་ཞུས་པ་ཅིག་མ་ཡིན་པར་གོ་ནུས་པར་འགྱུར་ལ། ལོ་རྒྱུས་གཤིབ་བསྡུར་རིག་པ་ལའང་ངེས་པ་རྙེད་ནུས་པ་མ་ཟད། ནོར་འཛོལ་དུ་གྱུར་པ་དག་ལའང་ཡོ་བསྲང་དང་ལེགས་བཅོས་ཀྱིས་མ་འོངས་པའི་སར་བུ་རྣམས་ལ་ཧ་ཅང་སྨན་པའི་ལེགས་བྱས་བླ་མེད་དུ་གྱུར་ངེས་པས། འདིར་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ནི་རྗེ་གཙང་སྨྱོན་ཧེ་རུ་ཀ་པ་དེ་ཉིད་སྐུ་བལྟམས་པ་དང་བདེ་བར་གཤེགས་པའི་དུས་ཚིགས་གཉིས་འཛོམས་ཡིན་པས་རྗེས་དྲན་མཆོད་པའི་མེ་ཏོག་ཏུ་སྤྲོས་པ་ལགས་སོ།།

༢༠༢༠/༧/༥/

 

རྗེ་མིད་ལའི་རྣམ་ཐར་ཆེན་མོའམ་རྒྱས་ཤོས་རྗེ་རང་བྱུང་བས་མཛད་ཟེར་བ་དེ་ཡིན་ནམ།

 

དེ་ལ་རྗེ་མིད་ལ་རས་པའི་རྣམ་ཐར་ནི་དུས་ཕྱིས་སུ་བརྩམས་པ་ཡིན་ནམ་ཞེས་པའི་ཁོ་བོའི་རྩོམ་ཐུང་དེ་ཉིད་ལུག་ཚང་འཕྲིན་སྟེགས་ཐོག་སྤེལ་མ་ཐག་ལམ་སེང་དགེ་བཤེས་རིན་པོ་ཆེར་ཕུལ་འདུག་ལ། ཁོང་གིས་ཀྱང་ལམ་སེང་ལན་འདེབས་རང་བབས་རྣལ་མ་མཛད་འདུག་པའང་བདག་ལྟ་བུ་ཐོ་ཅོ་ཅན། ལོ་རྒྱུས་རིག་པའམ་བྱུང་བ་རིག་པ་དང་རྟོག་གེའི་གཏན་ཚིགས་གང་ཡང་མི་ཤེས་པ་དག་ལ་བློ་བསྐྱེད་མང་པོ་ཐོབ་པས་ཐུགས་ལ་བཏགས་སོ།།

ཁོང་གིས་གསུང་གི་གནད་འགག་ནི། ར་ལོའི་རྣམ་ཐར་ཆེ་མོ་དང་མིད་ལའི་རྣམ་ཐར་ཆེ་མོ་གཉིས་བརྩམས་པའི་དུས་མི་མཚུངས་པའི་སྐྱོན་སོ་ན་གནས་པ་དང་། ལོ་རྒྱུས་དང་གཏན་ཚིགས་དང་མི་མཐུན་ལུགས་ཡང་ཡང་གསུངས་ཤིང་། ཀར་མ་རང་བྱུང་རྡོ་རྗེས་མཛད་པའི་རྗེ་མི་ལའི་རྣམ་ཐར་མཛོད་ནག་མ་དེ་རྣམ་ཐར་ཆེ་ཤོས་ཀྱི་ཐོག་མ་དེ་རེད་དྲན་ཞེས་ཚིག་ཐག་ཆོད་པོས་བསྟན་གནང་འདུག མཁས་པ་ཆེན་པོ་ཟེར་བ་དེ་ངོ་མ་འཕྲལ་ཐག་ཆོད་པོ་དང་རིག་ལམ་ངར་པོ་ཡོད་པར་མངོན་འདུག

གཅིག  རྨོངས་རྒན་ཁོ་བོས་ནི་རྣམ་མགུར་མཛོད་ནག་མ་དེ་ཉིད་རྗེ་རང་བྱུང་བའི་གསུང་རྩོམ་མ་ཡིན་པའི་ཚུལ་ལོགས་སུ་བཤད་པ་ལྟར་ཁོང་གིས་གསར་དུ་བརྩམས་པ་ཅིག་མིན་པར་འདོད་ལ། ཕྱོགས་གཞན་ནས་བཤད་ན། གལ་ཏེ་རྗེ་མི་ལའི་རྣམ་ཐར་ཆེན་མོའམ་རྒྱས་ཤོས་ཀྱི་ཐོག་མ་དེ་ཉིད་རྗེ་ཀར་མ་པ་རང་བྱུང་ཞབས་ཀྱིས་མཛད་པ་ཅིག་ཡིན་པའི་དབང་དུ་བཏང་ན་ཡང་། རྗེ་བཙུན་མིད་ལ་རས་པ་དང་དུས་ཚོད་རིང་དྲག་ནས་ཡིད་རྟོན་མི་འོས་པའི་སྐྱོན་གང་ཡང་མེད་དེ། རང་རེའི་སྟོན་པའི་གསུང་རབ་ཏུ་གྲགས་པའི་མདོ་ཡི་ཡིག་ཆ་རྣམས་ཀྱང་སྟོན་པ་སྐུ་གཤེགས་ནས། ལོ་སུམ་བརྒྱ་ཙམ་ན་ཉན་ཐོས་ཆེན་པོ་དག་གིས་སྙན་ནས་སྙན་དུ་བརྒྱུད་པ་རང་གི་བློ་ཐོག་ཏུ་བཞུགས་པ་ཇི་ཡོད་ཡིག་གེར་བཀོད་པ་ལ་བརྟེན་ནས། ནང་པའི་གསུང་རབ་ཀྱི་གླེགས་བམ་ཐོག་མར་བྱུང་བར་བཤད་པ་དང་ཆོས་མཚུངས་པའི་ཕྱིར་དང་། འདིར་ཡང་སྙན་ནས་སྙན་དུ་བརྒྱུད་པ་དག་མི་བརྗེད་པའི་གཟུངས་སུ་ཡིག་གེར་བཀོད་པར་བཤད་ན་ཅི་འགལ། ཉན་ཐོས་ཆེན་པོ་དག་ལ་མི་བརྗེད་པའི་གཟུངས་མངའ་བ་དང་བཀའ་བརྒྱུད་གོང་མ་དག་ལ་མི་མངའ་བའི་ཁུངས་ཡོད་དམ་ཅི།

གཉིས། གལ་ཏེ་རྗེ་རང་བྱུང་ཞབས་ཀྱིས་གསར་དུ་བརྩམས་པའི་བསྟན་བཅོས་ཤིག་ཡིན་ན། རྗེའི་གསུང་འབུམ་གྱི་དཀར་ཆག་སྔ་མ་དག་དང་། གོང་མ་དག་གི་གསན་ཡིག་ན་འཁོད་ཡོད་དགོས་པ་ལ་མི་གསལ་བ་དང་། རྗེ་ཉིད་ཀྱི་རང་རྣམ་དུ་བསྟན་བཅོས་མཛད་པའི་ཚུལ་མང་དུ་འཁོད་པ་ལ་མཛོད་ནག་མ་མཛད་ཚུལ་མ་འཁོད་པ་དང་། དཔའ་བོའི་ཆོས་བྱུང་མཁས་དགའ་དང་། སི་ཏུ་ཡབ་སྲས་ཀྱིས་མཛད་པའི་ཀམ་ཚང་ཆོས་འབྱུང་ན་རྗེ་རང་བྱུང་བའི་རྣམ་ཐར་སྐབས་ན་བསྟན་བཅོས་ཆེན་པོ་ཕལ་ཆེ་བའི་མཛད་ཚུལ་བཀོད་ཡོད་ཀྱང་མཛོད་ནག་མ་བརྩམས་པའམ་བསྒྲིགས་པར་མཛད་ཚུལ་མ་འཁོད་པ་གང་ཡིན་ནམ།

གསུམ། ད་ཡོད་རྣམ་མགུར་མཛོད་ནག་མའི་མཇུག་བྱང་ལ་བརྟགས་ན། རྗེ་རང་བྱུང་ཞབས་ཀྱི་གསུང་རྩོམ་སྤྱི་མཚུངས་ཀྱི་མཛད་བྱང་འཁོད་མེད་ལ། དེར་འཁོད་པ་ནི། རྗེ་བཙུན་ཆེན་པོའི་མགུར་འབུམ་ལ་མཐའ་མེད་པ་ཅིག་ཡོད་པར་གྲགས་ཤིང་ཕྱོགས་གཅིག་ཏུ་བསྒྲིགས་པ་བརྒྱ་ཙམ་མཐོང་བའི་ནང་ནས་ཀྱང་འདི་ཉིད་མང་ཤོས་སུ་འདུག་ཅིང་། རྗེ་ཀར་མ་པ་རང་བྱུང་རྡོ་རྗེ་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པ་ཡིན་པས། ཁུངས་བཙུན་གསུངས་ནས་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་ཅེས་ཡོངས་སུ་གྲགས་པའི་གླེགས་བམ་འདི་ཡིན་ནོ།།ཞེས་བཀོད་འདུག་པས། རྗེ་ཡིས་མགུར་འབུམ་གྱི་དཔེ་ཆ་བརྒྱ་ཙམ་ནང་འདི་ཉིད་ཁུངས་བཙུན་དུ་གཟིགས་ནས་ཉིད་ངོ་མས་དཔེ་བཤུས་མཛད་ནས་ཐུགས་རྩིས་མཛད་པར་གསལ་བཤད་བྱས་འདུག

བཞི། འདི་ཉིད་ནི་རྗེ་ཀརྨ་རང་བྱུང་ཞབས་ཀྱིས་བརྩམས་པར་མཛད་པ་ཅིག་མ་ཡིན་པར། དེའི་གོང་ན་ཡོད་པའི་རྣམ་མགུར་ཆེན་མོ་སྟེ། རྗེ་ངམ་རྫོང་སྟོན་པ་བ྄ོ་དྷི་རཱ་ཛ་སོ

གས་རས་པ་བུ་ཆེན་བཅུ་གཉིས་ཀྱིས་བསྡུ་བསྒྲིགས་མཛད་པ་ཅིག་ཡིན་འདུག་པའང་། རྗེ་མི་ལའི་ཐུགས་སྲས་ངམ་རྫོང་སྟོན་པ་དང་རས་པ་བུ་ཆེན་བཅུ་གཉིས་ཀྱིས་མཛད་པའི་རྗེ་མི་ལའི་རྣམ་མགུར་ཟབ་མོ་ཞེས་པའི་གླེགས་བམ་ཆེན་མོ་དེའི་མགོའི་མཆོད་བརྗོད་དང་བར་གྱི་ས་བཅད་དང་ལེའུ་དག་དང་མཇུག་བྱང་བར་དང་། གླེགས་བམ་འདིའི་ཐོག་མའི་མཆོད་བརྗོད་དང་བརྩམས་པའི་ཚུལ་སོགས་ནས་མཇུག་གི་མཛད་བྱང་བར་གཤིབ་བསྡུར་ཞུས་ན། ཕྱི་མར་སྐབས་འགར་བཤད་སྲོལ་མི་འདྲ་བ་ཁ་ཡར་བསྣན་ཡོད་པ་དང་། མཇུག་ཏུ་རྗེ་མི་ལའི་སྒྲུབ་གནས་གཙོ་བོའི་རྣམ་གཞག་བཀོད་པ་ཙམ་མ་གཏོགས་ཁྱད་པར་གང་ཡང་མེད་ཅིང་། འདིར་ཡང་མཇུག་བྱང་སྔ་མ་ལྟར། རྣམ་ཐར་འདི་སྐལ་ལྡན་སྒོམ་ཆེན་རྣམས་ཀྱི་དོན་དུ་ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་ལ་སོགས་པའི་རས་པ་བུ་ཆེན་བཅུ་གཉིས་ཀྱིས་ཡིག་གེར་བཀོད་པའོ།།ཞེས་འཁོད་འདུག་གོ།།

ལྔ། མཛོད་ནག་མ་ཞེས་པའང་གླེགས་བམ་ཆེན་པོ་འདི་ཉིད་

ཀོང་པོ་རྩེ་ལ་སྒང་གི་མཛོད་ནག་ཏུ་བཞུགས་སུ་གསོལ་བ་ལས་མཚན་དུ་ཐོགས་པ་ཡིན་འདུག་ལ། རྩེ་ལ་སྒང་འདི་ནི་ཀར་མ་རོལ་བའི་རྡོ་རྗེའི་སྐུ་ཚེའི་སྨད་ལ་ཀོང་པོ་བྲེ་སྣར་གཞི་ནས་བཏབ་པ་ཡིན་ཞིང་། དེའི་ཕྱི་མ་ནས་བཟུང་རིམ་པས་གདན་ས་ཉིད་དུ་མཛད་པ་ཡིན་འདུག དེ་བཞིན་རྗེ་བཙུན་གྱི་རྣམ་ཐར་མགུར་གྱིས་སྤྲས་པ་བྱིན་རླབས་ཆུ་རྒྱུན་ཉོན་མོངས་གདུང་བ་སེལ་བྱེད་ཅེས་པའི་བྲིས་མ་གླེགས་བམ་ཆེན་པོ། རྩ་བ་བུ་ཆེན་བཅུ་གཉིས་ཀྱིས་མཛད་པ་གཞིར་བྱས་པ་ལ་མཛོད་ནག་མ་ལ་ཡང་བསྟུན་པ་དེའི་མཇུག་ཏུ་མཛོད་ནག་མའི་ལོ་རྒྱུས་གླེང་བའང་། དཔེ་དེ་ཉིད་རས་ཆུང་པས་ལོ་རོ་ན་གདན་དྲངས། དེ་ནས་ཆོས་རྗེ་དུས་གསུམ་མཁྱེན་པ་ལོ་རོ་ན་བྱོན་ཏེ། རས་ཆུང་པ་ལ་ལུང་གསན་ཅིང་ཕྱག་དཔེ་བཤུས་ནས་མཚུར་ཕུ་ན་གདན་དྲངས། དེ་ལ་འགྲོ་མགོན་རས་ཆེན་པས་གསན། དེ་ལ་པོམ་རག་པས་གསན། དེ་ལ་ཀར་མ་པག་ཤིས་གསན། དེ་ལ་ཨུ་རྒྱན་པས་གསན། དེ་ལ་ཆོས་རྗེ་རང་བྱུང་རྡོ་རྗེས་གསན། དེ་ལ་རྒྱལ་བ་གཡུང་སྟོན་པས་གསན། དེ་ལ་རོལ་པའི་རྡོ་རྗེས་གསན། དེ་ལ་མཁའ་སྤྱོད་དབང་པོས་གསན། དེ་ལ་ཀ་བཞི་རིག་པའི་རལ་གྲིས་གསན། དེ་ལ་ཆོས་རྗེ་མཐོང་བ་དོན་ལྡན་པས་གསན། དེ་ལ་དྲུང་རིན་ཆེན་རྡོ་རྗེ་བས་གསན། དེ་ལ་བླ་མ་རིན་པོ་ཆེ་རསྨི་བྷ་ཏྲས་གསན། དེ་ཡན་ཆད་ནི་ཅིག་རྒྱུད་ཀྱི་ལུགས་སུ་གདའ། གླེགས་བམ་འདི་ཉིད་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ནས། རྐོང་པོ་རྩེ་ལ་སྒང་གི་མཛོད་ནག་ནང་དུ་བཞུགས་པ་ལ། ཆོས་རྗེ་མཐོང་བ་དོན་ལྡན་པ་ནང་སོ་ཀུན་དགའ་རྒྱལ་མཚན་གྱིས་གདན་འདྲེན་བྱས་པའི་དུས་སུ། མཛོད་ནག་ནང་ནས་མགུར་འབུམ་འདི་ཡང་གདན་དྲངས་ནས་ལྷོ་རྒྱུད་འདིར་ཕེབས། དེ་ལ་མ་ཕྱི་བྱས་ནས་དད་ལྡན་རྣམས་ཀྱིས་མང་དུ་བཞེངས་པས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཏོ།།ཞེས་འཁོད་འདུག་པས་ན། འདི་ལས་མཛོད་ནག་མའི་སྐོར་རགས་རིམ་རྟོགས་ནུས་པར་སྣང་ངོ་།།

དེ་ལྟར་ཡིག་ཆ་ཁག་ལ་མཇལ་ཞིང་ཅུང་ཟད་མཉམ་པར་བཞག་ན། རྗེ་མིད་ལའི་རྣམ་མགུར་ཆེན་མོ་དེ་ཉིད་ནི་ཐུགས་སྲས་ངམ་རྫོང་སྟོན་པ་སོགས་བུ་ཆེན་བཅུ་གཉིས་ཀྱིས་བསྒྲིགས་པ་ཅིག་ཡིན་པར་གསལ་འདུག་པ་དང་། ས་ཆེན་གྲགས་པ་རྒྱལ་མཚན་གྱིས་རྣལ་འབྱོར་བྱང་སེང་གི་དྲིས་ལན་དུ་ཡང་།  རྗེ་མིད་ལའི་མགུར་རྣམས་རྣལ་འབྱོར་ངམ་རྫོང་པས་བྱས་པར་བཤད་འདུག་པས་ཀྱང་ཁོང་གཙོ་བོར་གྱུར་པས་བསྡུ་བསྒྲིགས་མཛད་པར་ཧ་ཅང་གསལ་བས་ན། རྭ་ལོའི་རྣམ་ཐར་གྱི་མཇུག་བྱང་ན་སློབ་མའི་ཡང་སློབ་ཀྱིས་མཛད་པར་བཤད་པས། ཕྱིས་སུ་བྱུང་བ་མ་ཡིན་པར་ཧ་ཅང་ཐག་ཉེ་བར་གྲུབ་ན། འདི་ཡང་མཇུག་བྱང་དུ་སློབ་མས་ཡིག་གེར་བཀོད་ནས་བསྒྲིགས་པར་བཤད་འདུག་པས། དུས་ཕྱིས་ཡིན་པའི་རྒྱུ་མཚན་གང་ཡང་མི་འདུག་པའི་ཕྱིར།

རྗེ་མིད་ལའི་རྣམ་མགུར་ཟབ་མོ་ཞེས་པ་པོད་རྒན་ཅིག་ཡོད་ཅིང་། དེའི་ས་བཅད་འཇོག་ཚུལ་ནི་རྗེ་རས་ཆུང་པའི་སློབ་མ་ཁྱུང་ཚང་བས་མཛད་པའི་སྙན་བརྒྱུད་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ནང་གསེས་ས་བཅད་འཇོག་ལུགས་དང་གཅིག་པར་སྣང་ལ། དེ་དང་མཛོད་ནག་མའི་བར་ཁྱད་པར་ཆེར་མེད་ཅིང་། རྣམ་ཐར་མགུར་མཚོས་སྤྲས་པའང་མཛོད་ནག་མ་གཞིར་བཞག་པའི་པོད་རྒན་ཅིག་ཡོད་པ་རྣམས་མཇལ་ན་བྱུང་བ་རིག་པ་དང་གང་མཐུན་ཤེས་ཐུབ་པ་དང་། སྔ་འགྱུར་ལ་བཀས་བཅད་གྲུབ་མ་གྲུབ་བར་ཚིག་སྦྱོར་གོ་བདེ་མིན་ཁྱད་ཡོད་ལ། ཕྱི་དར་སྐབས་སོ་སོའི་ཡིག་ཆར་ཡང་ཐ་སྙད་སོགས་དུས་རབས་ཀྱི་བགྲོད་ཀྱི་ཁྱད་རྟགས་ལ་ཡང་བསམ་གཞིགས་བྱས་ཚེ། སྔ་འགྱུར་དང་སྔོན་དུས་ཀྱི་ཡིན་པར་གྲགས་པའི་རང་རེའི་ཡིག་ཆ་ཕལ་མོ་ལ་མཇལ་ན་ཕྱིས་ཀྱི་རྩོམ་གཤིས་ཅན་ཡིན་པ་དང་རིམ་པས་བསྣན་པ་སོགས་དཔྱད་བྱ་ཧ་ཅང་མང་བས། རིམ་པས་ལོགས་སུ་དཔྱད་འོས་པས་འདིར་དེ་ཙམ་གྱིས་མཇུག་བསྡུད་པར་འདོད་དོ།།

༢༠༢༠/༦/༢༢།