གླེན་མ།  ངའི་དངོས་མིང་ལ་འཕྲིན་ལས་ཆོས་སྒྲོན་དང་། པིར་མིང་ལ་གླེན་མའམ་སྐྱོ་སྐྱོ་མ་ཞེས་འབོད།༢༠༠༡ལོར་ང་ནི་ཡུལ་ཤུལ་ཟུར་མང་ཆུང་བའི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་འབྲོག་སྡེ་དེ་ནས་འབྲོག་ལས་གཙང་མ་བྱེད་ཞོར་དུ་གསར་རྩོམ་གྱི་ལམ་ལ་འཇུག་བཞིན་ཡོད།རང་གི་དགའ་ཕྱོགས་ལྟར་དཔེ་ཀློག་དང་རྩོམ་འབྲིའི་ལས་ཀ་དང་། བོད་སེམས་གཙང་མ་ཅན་གྱི་འབྲོག་མོ་ཞིག་ལ་ཨེ་འཁྱོངས་བསམ་ནས་འབད་པ་བྱེད་བཞིན་ཡོད།

 

ཨེ།

ཐོབ་ཤོར་ལ་བསམ་པར་མི་བྱ་སྟེ
དེས་ང་རང་སླར་ཡང་གཏིང་ཟབ་པའི་སྐྱོ་སྣང་དུ་སྐྱེལ་འགྲོ

ཨེ
མ་སྐྱོ་དང
ཡོད་ཚད་སྐད་ཅིག་ཙམ་གྱིས་རྫོགས་འགྲོ་བ་རེད

ཐུག་འཕྲད་ནི་ཆེས་ཚབ་ཆེ་བའི་ནོར་འཁྲུལ་ཞིག་རེད
མནར་གཅོད་རྒྱུན་ཆད་མེད་པར་སྟེར་བའི་མ་འོངས་པའང་མེད་ཆོག་པར་བྱོས

དེའི་རྗེས་སུ
སྔར་བཞིན་ང་རང་སྐྱོ་སྣང་གིས་ར་རོ་རུ་གྱུར་ནའང
སེམས་ཁྲལ་ནི་རྒྱུན་ཆགས་སུ་གནས་འདུག

 

མིང་མེད།

 

ཏབ་ཏབ་པོར་འགྱུར་བ་འདིའང་ཡག
ང་ལ་སེམས་ཁྲལ་ཅིའང་མི་འདུག
ཤིན་ཏུ་ལྕི་བའི་སེམས་ཁྲལ་དག་ཀྱང
དུས་ཚོད་དང་ལྷན་དུ་འཇིག་འགྲོ་བ་མ་ཡིན་ནམ

ལོ་མངས་པོའི་རྗེས་སུ
ང་རང་སུ་ཡིན་མི་ཤེས་བཞིན
སྐྱི་གཡའ་བའི་དངོས་པོ་དག་ཀྱང་སྐད་ཅིག་གིས་མེད་བཞིན
བླང་དོར་མེད་པར་འཇུག་པར་གྱིས་དང
བདེ་སྐྱིད་ཀྱི་དམྱལ་བ་གཏིང་རུམ་ན་འདུག་གོ

 

ཡུད་ཙམ་གྱི་བདེ་སྐྱིད།

 

སྣང་བ་ཁེགས་སོང
དབང་པོ་རྣམས་འཇིག་ནས་དལ་ཅག་གེར་ལུས་སོང
འདས་མ་ད་གསུམ་གྱི་བྲེལ་ཟིང་ཡང་གཏིང་བརྗེད་དུ་གྱུར་སོང
སྐད་ཅིག་ཡད་ཡུད་ཀྱི་བདེ་སྐྱིད་ནི་ཅི་འདྲའི་ལྷིང་ཞིང་འཇགས་པ་ལ

རླུང་སྔར་བཞིན་གཡུག་བྱུང
སྐྱོ་བའི་མིག་ཟུང་བཀོལ་ནས་འུར་ཟིང་ལ་བསྐྱར་དུ་ལྟ་དགོས་ཐུག་སོང

 

ལུག་རྫི་བུ་མོ།

 

ཁ་བ་བུ་ཡུག་འཚུབ་པའི་ཁྲོད་དུ
ཁྱེད་ཀྱི་འཛུམ་ཆུང་འཁྱག་སིབ་སིབ

རི་མཐོ་ཁངས་འཁྱག་གི་རྩེ་རུ
ཁྱེད་ཀྱི་ལག་པ་གྲང་ཤུར་ཤུར

དགུན་ཟླ་བཅུ་གཉིས་པའི་ཁངས་ཙག་གསེབ་ཏུ
ཁྱེད་ཀྱི་མཆུ་སྒྲོས་གྲང་ཅང་ཅང

ཁྱེད་རྐང་ཐང་ཡིན་ན  ལུག་རྫི་ལ་མ་འགྲོ
ལུག་ནི་བུ་མོ་རྐང་ཐང་ཞིག་གིས་རྗེས་མི་ཆོད
ལུག་གིས་རྩྭ་ཡི་རྩེ་མོ་ཁམ་གང་བཟས་ནས་བུད་འགྲོ
ལུང་པའི་ཉིན་སྲིབ་དག་ཏུ་གྲམ་འགྲོ

 

སྨྲེང་།

 

ཁྱེད་རང་ཆེས་ཆེར་རབ་ཏུ་གདུང་དུས
གང་ལའང་སྙིང་པོ་སྟོང་པ་བཞིན

ང་རང་སྐྱོ་དུབ་ཀྱིས་སིལ་བུར་བཏང་དུས
སྙིང་པོ་ཡོད་པ་ནི
ཁྱེད་དྲན་པའི་སྐྱོ་ཡུས་ཁོ་ན་རེད

ང་ལ་ཅིའང་མི་དགོས
ཁྱེད་དྲན་པའི་སྨྲེང་བ་དེས་ཆོག

 

སྨྲེང་པ།

 

སྨྲེང་པ་མཐའ་མེད་པ་ཞིག་བརྒལ་རྗེས
སླར་ཡང་སྨྲེང་པ་གཞན་ཞིག་འཕྲད་སོང

ཡོད་ཚད་རྨེག་མེད་དུ་འགྲོ་སྲིད་ན
སྨྲེང་པའང་རྦད་དེ་མེད་པར་གྱུར་ཅིག

དུས་ཚོད་ཅི་ཙམ་བརྒལ་ཡང
ལོག་ས་གཞན་མི་འདུག

དུས་ཚོད་མང་དུ་ཕྱིན་པ་ནི
སྨྲེང་པ་ཇེ་མང་དུ་ཕྱིན་པ་རེད་ཨང

ཉིན་མོ་འདི་ཕར་བསྐྱལ་རྗེས
སྨྲེང་པ་རྩད་ནས་ཁྱུར་མིད་ཐོངས་ཤིག

ལག་པའི་རྨ་ཁ་སོས་ན་ཡང
སྨྲེང་པ་ཤུལ་དུ་ལུས་འདུག