ཡོངས་ཁྱབ།

སྙན་ངག་ཚིག་གིས་འུད་བརྗོད་མ་བྱས་ཤིང་།།
ད་ལྟའི་རང་བཞིན་གླིང་གཞི་ཙམ་པོ་ལས།།
བློ་དམན་ཡོངས་ཁྱབ་མི་འཁྲུགས་རྡུལ་ཞིང་གྱི།།
ངོ་བོ་སྨྲ་ལྕེ་གནས་སྐབས་ག་ལ་སྲིད།།

གཅིག

སྤྱིར་ན་བོད་འདིར་སྟོད་ལ་མངའ་རིས་སྐོར་གསུམ་དང་།  བར་དུ་དབུས་གཙང་རུ་བཞི།  སྨད་དུ་མདོ་ཁམས་སྒང་དྲུག་ཡོད་པ་ལས་སྒང་དྲུག་གི་ཡ་གྱལ་དངུལ་ཟླ་ཟལ་མོ་སྒང་། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་དབྱི་ཤོད་རི་བོ་ཆེ་ནི།  བོད་ལྗོངས་ལྷ་སའི་བྱང་ཤར་མཚམས་སུ་ཡོད་ཅིང་། འདིའི་བྱང་ངོས་མཚོ་སྔོན་ཞིང་ཆེན་དང་འབྲེལ་ནས་ཡོད།  ཡུལ་འདིའི་བཀོད་པ་ཕུན་སུམ་ཚོགས་སྟེ།  རྫ་རི་དང་།  རྫ་ཐང་།  ནགས་རི།  ནགས་ཐང་།  སྤང་རི།  སྤང་ཐང་།  དབྱར་ཁ་རྩི་ཤིང་དང་རི་ལུང་ཀུན་ལ་མེ་ཏོག་བཀྲ་བ།  དགུན་ཁ་གངས་ཏི་སེ་ལྡན་པའི་གནས་མཆོག་གཟེ་རྒྱལ་གཙོར་བྱས་པའི་རི་བོ་མཐོ་ཤོས་དག་ཁ་བའི་དོ་ཤལ་བྱས་པ་དང་།  དབྱི་ཆུ་གཙོར་བྱས་པའི་གངས་ཆུ།  རྫ་ཆུ།  རི་ཆུ།  ནགས་ཆུ།  གང་ལྟར་དྭངས་གཙང་གི་ཆུ་ཆེན་དང་།  ཆུ་ཕྲན་མི་འདྲ་བ་མང་པོ་ལྷུང་ལྷུང་དུ་འབབ་སྒྲས་ཁེངས་ཤིང་།  འདབ་ཆགས་ཀྱི་བྱ་རིགས་དང་བྱེའུ་མང་པོའི་སྐད་སྙན་དབྱངས་ཀྱིས་ཁྱབ་ས།  གཅན་གཟན་དང་།  རི་དྭགས།  གཡུང་དྭགས་འཕེལ་ཁ་དར་བས་དེ་དག་རྩེ་འཇོ་དང་བག་ཕེབས་ལྷིང་འཇག་གི་འཚོ་བར་གེགས་དང་བྲལ་ས། སྒོ་ནོར་རྟ་ཟོག་ར་ལུག་བ་མཛོ་བོང་བུ་འཕེལ་ཁ་དར་ས། འཚེ་མེད་སྙིང་རྗེའི་ཡུལ་ཁམས་ཆེན་པོ། ཞིང་ལས་དང་འབྲོག་ལས་གཉིས་ཀ་ཡོད་མེད་ཅི་རིགས་ཅན་གྱི་གྲོང་དང་གྲོང་བརྡལ། གཞན་ཡང་གྲོང་ཁྱེར་ལས་རིགས་སྣ་ཚོགས་པས་གྲུབ་པའི་ལྷ་ཡུལ་གཉིས་པ་ནི་བདག་ཉིད་ས་ཆ་གང་ལ་སོང་རུང་སྙིང་ཁོང་ལས་ཡལ་བ་མེད་པའི་གོ་ས་འཛིན་པ་ལོས་ཀྱང་ཡིན་ཏེ།  འཛམ་གླིང་ས་ཡི་ལྟེ་བ་ཞེས་མཁས་པས་བསྔགས་པ་ཡང་ཡང་འཐོར་ས་ཞིག་ཡིན་པས་རེད།

གཉིས།

གནས་དེར་རྣམ་གྲངས་ཙམ་ལ་དགོན་པ་བཞི་བཅུ་དང་རི་ཁྲོད་བཤད་གྲྭ་སྒྲུབ་གྲྭ་མང་པོ་མཆིས་ཀྱང་བཤད་གྲྭ་སྒྲུབ་གྲྭ་གཉིས་ཀ་ཡོད་པ་མི་ཕྱེད་མདོ་སྟོད་དགོན་ཆེན་བཞིའི་ཡ་རྒྱལ་དུ་གཏོགས་པ་ནི།  ཆེས་དར་རྒྱས་དགུང་དང་འགྲན་པའི་རི་བོ་ཆེ་དགོན་དགེ་འཕེལ་གླིང་སྟེ།  ཁམས་མདོ་སྟོད་རི་བོ་ཆེའི་རྫོང་གི་ས་ཁོངས་སུ་ཡོད་པའི་དབྱི་ཆུ་འགྲམ་གྱི་རི་བོ་ཆེ་དགེ་འཕེལ་གླིང་ནི་ཡོངས་གྲགས་ལ་རི་བོ་ཆེ་དགོན་ཞེས་ཡུལ་ཕྱོགས་ཐ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་འབར་བའི་རྡུལ་བྲལ་ཞིང་ཁམས་སམ་སྟག་ལུང་བཀའ་བརྒྱུད་ཀྱི་མར་ཐང་རྡོ་རྗེ་གདན་གཉིས་པ་དེ། ཐོག་མར་ཆོས་རྗེ་བཙུན་སངས་རྒྱས་དབོན་པོས་ཕྱི་ལོ་(1276)ལོར་གདན་ས་གཏབ། ཕྱག་འདེབས་པ་པོ་དེ་ཡི་མཚན་ལ།  གྲགས་པ་དཔལ་འོད་ཟེར་བཟང་པོ་དང་།  དཀོན་ཅོག་སྲས།  དབོན་པོ་དཔལ།  ཧེ་བཛྲ།  དཔལ་དགྱེས་མཛད་ཧེ་རུ་ཀ་སོགས་ཀྱང་ཡོད། ཁོང་ཞལ་བཞུགས་སྐབས་ཨ་ཅོག་རི་ཁྲོད་ཡར་མར་རྣམས་སུ་བཞུགས་མཁན་དགེ་འདུན་སྤོང་བ་པའང་མང་།  གཞི་གསུམ་སྟེ།  གསོ་སྦྱོང་དང་། དབྱར་གནས། དགག་དབྱེ་གསུམ་གྱི་ལག་ལེན་དངོས་སུ་བྱེད་པ། དེ་ཡང་ཟླ་བ་རེ་རེ་བཞིན་ཚེས་བཅོ་ལྔ་དང་། གནམ་གང་གཉིས་ལ་གསོ་སྦྱོང་རེ་དང་། དབྱར་ཁ་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ནས་ཟླ་བ་བདུན་པའི་ཚེས་ཉེར་དགུའི་བར་དབྱར་ཁྲིམས་ཁས་བླངས་པས་དབྱར་གནས་དང་། དེ་ཟླའི་ཚེས་སུམ་ཅུ་ཉིན་དབྱར་གནས་གྲོལ་སྐབས་དགག་དབྱེ་བཅས་ཡིན།   དབྱར་ཆོས་དང་དགུན་ཆོས་གཉིས་ལ་ངོ་མཚར་རྒྱ་མཚོ་ལས་མཐོང་བ་ཙམ་ལའང་འདུལ་བ་དང་།  ཕར་ཕྱིན།  མངོན་པ།  དབུ་མ་རྒྱུད་བླ་མ།  ཐར་རྒྱན།  ལམ་སྒྲོན།  ཀྱེ་རྡོར་རྒྱུད་བརྟགས་པ་གཉིས་པ་སོགས་སློབ་ཁྲིད་དུས་ངེས་ཅན་ལ་འཚོགས་ཀྱིན་ཡོད་ལ།  ད་ལྟ་མཇལ་དུ་ཡོད་པའི་སྐུ་མཚམས་ལ་གང་སར་བཞུགས་པའི་རྣམ་ཐར་ཟབ།  ད་དུང་མདོ་བསྔགས་གཙོ་བྱས་པ་གཞིར་བཞག་ཐོག་བླ་མ་སློབ་དཔོན་གོང་མ་དག་དང་ཉིད་ཀྱི་མཛད་ཆོས་ཐམས་ཅད་འཆད་ཉན་སྤེལ་གསུམ་གནང་མཁན་ཡང་ཡིན་ངེས་ཏེ། ཚུལ་ཁྲིམས་མཐར་ཕྱིན་དཔལ་ལྡན་སྟག་ལུང་པ་དང་། རྣམ་ཐར་མཐར་ཕྱིན་དཔལ་ལྡན་སྟག་ལུང་པ་ཞེས་ཡོངས་གྲགས་ཀྱི་ཐ་སྙད་ཞིག་ཀྱང་ཡིན། ཁོང་གི་སྐུ་དུས་ཀྱི་གདུལ་བྱ་དགེ་འདུན་ནི། སུམ་སྟོང་དྲུག་བརྒྱ་ཡོད་པར་སྣང་། ཁོང་སྐུ་འདས་རྗེས་གཉུག་མར་གནས་པའི་དགེ་འདུན་པ་ཉིས་སྟོང་དང་བློ་བུར་དུ་ལྷག་པ་གཅིག་སྟོང་ཁྱོན་བསྡོམ་སུམ་སྟོང་དྲུག་བརྒྱ་ཡིས་སྐུ་བརྙན་ནམ་འདྲ་སྐུ་བཞེངས་པ་རྣམ་ཐར་ལས་གསལ་བས་སློབ་མ་དགེ་འདུན་ཁོ་ན་ལ་བཞི་སྟོང་ཡས་མས་ཡོད་པ་ཁ་ཚོན་གཅོད་ནུས། ཁོང་ལས་བརྒྱུད་པའི་ཆོས་སྡེ་འདི་སྟག་ལུང་ཡར་ཐང་དང་མར་ཐང་གཉིས་ཞེས་པ་ལས་སྟག་ལུང་མར་ཐང་ལགས།

གསུམ།

དེའི་ཁྲི་རབས་གཉིས་པ་ཆོས་སྐུ་ཨོ་རྒྱན་མགོན་པོ་(1293-1366)ལ་སོགས་ཁྲི་རབ་ཉེར་བཞི་བརྒྱུད་ཟིན་པའི་གདན་ས་དེ་ཉིད་ཀྱི་ད་ལྟའི་གནས་སྟངས་ཅུང་ཟད་གླེང་བ་ལ། དེ་ཡང་། དགོན་པ་ཞིག་ལ་ཚང་དགོས་པ་སྟེ། དགེ་འདུན་རྣམས་ཀྱི་ནང་གི་ཤེས་རིག་དང་ཀུན་སྤྱོད། ཕྱི་ཡི་ཁོར་ཡུག་དང་འཚོ་བ། གང་ལྟར་དགོན་སྡེ་འདི་ལ་ཕུན་སུམ་ཚོགས་པ་སྟེ། མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། བཅའ་འདོན་མཆོད་གསུམ། འབུད་རྡུང་དཀྲོལ་གསུམ། ཐ་སྙད་རིག་གནས། རྒྱུད་སྡེ་འཚོགས་འདུ། དཀྱིལ་འཁོར་ཐིགས་རྩ། གར་འཆམ་རྡུལ་མཚོན་ལ་སོགས་པ་དགོན་སྡེའི་རིགས་གནས་ཆ་ཚང་བ་མ་ཟད། དགེ་འདུན་དག་གིས་གང་སར་སློབ་གཉེར་མཛད་ཅིང་ཡོད། ཁྱད་པར་དུ་གྲྭ་ཚང་གསུམ་གྱི་བླ་སྤྲུལ་དགེ་བའི་བཤིས་གཉེན་དང་། དགེ་འདུན་འདུས་སྡེ་རིམ་བྱོན་དག་ལ་མིག་དཔེ་ཡར་ལྟོས་ཀྱིས་དགོན་པ་ཕྱག་བཏབ་པ་ནས་ཕྱི་ལོ་ ༡༩༡༨ ལོའི་བར་གདན་ས་གདུང་རྒྱུད་དང་སྤྲུལ་བརྒྱུད་རིམ་བྱོན་གྱིས་བསྐྱངས་ལ། གསར་བརྗེའི་རླུང་གིས་གཡོ་བ་ཅུང་ཟད་བྱུང་ཡང་། ཡུལ་སྡེས་བསྐྱར་བཞེངས་བྱས་པ་ནམ་རྒྱུན་གཙུག་ལག་ཁྲ་འཁྱིལ་མ་འབོད་པ་གང་དེ་མཚན་རྒྱས་པར་བོས་ན་བཀྲ་ཤིས་ལྷུན་པོ་གཙུག་ལག་འཛམ་གླིང་རྒྱན་གཅིག  །དེ་ཡི་ནང་གི་བརྟེན་གསུམ་གསར་རྙིང་ཟབ་ཅིང་ཕྱི་ཡི་བཞེང་བསྐྲུན་ལེགས་པ་དེར་བུང་བ་མེ་ཏོག་ལ་འཁོར་བ་ལྟར་འདུ་བའི་དགེ་འདུན་གྱི་རྣམ་གྲངས་བདུན་བརྒྱ་ཡས་མས་རྫོང་དེ་གའི་རབ་བྱུང་ཕལ་ཆེ་བ་མ་ཟད་དབུས་ཙང་མན་ཆད་དགེ་འདུན་སྒྲུབ་མཁན་འདུ་ལ། ལོ་ངོ་བརྒྱ་ཕྲག་བརྒྱད་ཀྱི་སྐྱེས་ཆེན་དག་གི་རྣམ་ཐར་སྐྱོང་བཞིན་ཡོད། དེ་ལྟར་ཡིན་ཏེ།

བཞི།

བཤད་སྒྲུབ་གཉིས་ཀྱི་རིང་ལུགས་མངོན་པར་མཐོ་ཚུལ་རང་ལ་སྣང་བ་ཙམ་ནི། བཤད་གྲྭ་སློབ་སྟོན་པ་གཙོ་བོ་དབྱི་ཤོད་རི་ཆེ་ལྔ་རིག་ནང་བསྟན་སློབ་གླིང་ནས་ཚར་ལོང་བྱུང་བའི་མཁན་ཆེན་ཉི་ཟླ་ལྟ་གཉིས་དང་དཔལ་ཡུལ་དགོན་ཆེན་ལས་མཐར་ཕྱིན་གྱི་མཁན་པོ་གཅིག་དང་རྒན་ཡང་གཅིག །གངས་ལྗོངས་བཀའ་བརྒྱུད་བརྒྱུད་སྤྱིའི་ཕར་ཚད་མངོན་གསུམ་གྱི་རབ་འབྱམས་སྨྲ་བ་རྒན་གསུམ་དང་དཔལ་སྤུངས་དྷརྨ་ཀ་རའི་སློབ་གླིང་གི་མཐར་ཕྱིན་གཅིག་དང་རི་ཆེ་སློབ་གླིང་ནས་སློབ་གཉེར་གང་འཚམས་གྲུབ་རྗེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་གཅིག་དང་རི་ཆེ་སློབ་གླིང་རང་ནས་ཚར་ལོང་བྱུང་བའི་དགེ་རྒན་བདུན་བརྒྱད་ཀྱིས་སློབ་གླིང་སྐྱོང་བཞིན་ཡོད།  ཀླུ་སྒྲུབ་སྙིང་པོ་དང་ཏེ་ལོ་ན་རཽ་ལ་སོགས་པ་དང་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་བརྒྱུད་པ་ཟིན་ངོ་མ་ལ་སྒྲུབ་སྡེ་ཚན་པ་ཆེན་པོ་ལྔ་ཡོད།
གྲྭ་ཚང་གི་གླིང་ཕྲན་གྱིས་ཚན་པ་འབྱེད་ན། སྒྲུབ་བརྒྱུད་བསྟན་རྒྱས་གླིང་དང་། གསང་སྔགས་བདུད་འདུལ་གླིང་། བཀའ་བརྒྱུད་སྡོམ་གསུམ་གླིང་དང་བཅས་པའི་གླིང་གསུམ་གྱི་གྲྭ་པ་ལ་སྔར་དང་གོ་རིམ་མཐུན་པའི་བསྡུས་མིང་དུ་གསར་མ་གྲྭ་ཚང་དང་། རྙིང་མ་གྲྭ་ཚང་། གྲྭ་ཚང་ཅེས་འབོད་པ་ལ། དེ་ལས་བསྡུས་པར་གསར་རྙིང་གྲྭ་གསུམ་ཞེས་འབོད་པ་ཡང་ཡོད། གྲྭ་ཚང་གསུམ་པོ་དེ་ཚོ་ལ་གཅིག་དང་གཅིག་འདྲ་འདྲའི་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། བཙུན་པའི་གྲངས་ཁ། དགེ་འདུན་ཀུན་དགའ་ར་བའི་གཞིས་རྒྱ་སོགས་གྲྭ་ཚང་གསུམ་པོ་རེ་རེ་ལའང་སྤྱིར་བཏང་གི་དགོན་པ་རེ་རེའི་ཚད་གཞི་ལོན་ཐག་ཆོད་ཡོད་ཕྱིར།རྩ་བའི་དགོན་པ་གཅིག་ལ་དགེ་འདུན་གྱི་རྣམ་གྲངས་བདུན་བརྒྱ་ཡས་མས་གྲྭ་ཚང་གསུམ་གྱིས་གྲུབ་པ་དེར་བྱུང་བའི་ལོ་རྒྱུས། མཛད་པའི་རྣམ་ཐར། དར་རྒྱས་ཕྱུག་གསུམ་གྱིས་ཡ་མཚན་བླ་ན་འཕགས་པ་ཡོད། དེར་རྟེན་ལ་ལ་དགེ་མཚན་སྟོང་གིས་ཕྱུག་ཚུལ་ལ་སྨོན་ཞིང་། ལ་ལ་ཕུན་སུམ་ཚོགས་པར་སྡང་སེམས་སྐྱེས་ཀྱང་། གནས་བབས་འདི་ལ་ཅོལ་ཆུང་དེ་ཚོས་འཇིགས་པ་ཅི་ཞིག་ནུས། མདོར་བསྡུས་ན། དགེ་སློང་དང་དགེ་ཚུལ་གྱིས་ཆོས་མཐུན་འཕྲིན་ལས་ཀུན་བཟང་བ་དན་མཐོ་པོར་བསྒྲེངས་བ་འདིས་ཀྱང་། སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་གཅེས་སྟངས་ངོ་མའི་ངོ་མ་དེ་ཡིན་ཞིང་། ད་བར་ལོ་ངོ་བརྒྱད་བརྒྱ་ནང་དུ་ཁྲི་རབས་ཉེར་བཞི་བྱོན་པ་ཚར་བ་མ་ཟད་དེ་མཚུངས་དང་དེ་འོག་གི་སྐྱེས་ཆེན་གྲངས་མེད་ཕེབས་ནས་གསུང་རབས་རི་བོའི་ལྟོས་དང་མཉམ་པར་བཞག་པ་འདི་གཟི་བརྗིད་ཀྱང་ལགས་སོ།།
ཞེས་ཀྱང་ཆོས་སྐུ་ཨོ་རྒྱན་མགོན་པོ། (1293-1366)(78)འཁྲུངས་འདས་བཞུགས་གསུམ་གྱི་དུས་དང་། བོད་ཟླ་བ་ལྔ་པའི་ནང་དུ་སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ། གཙུག་ལག་ཁང་ཆེན་མོའི་ས་འདུལ་མཛད་པ། སྐུ་མྱ་ངན་ལས་འདས་པ་སྟེ། ཆོས་སྐུ་ཁོང་གི་གདུལ་བྱའི་དུས་ཆེན་བཞི་འཛོམ་དང་བསྟུན་ནས་མི་ལོ་དྲུག་བརྒྱ་དང་ལྔ་བཅུ་ང་བཞིའི་དེ་རིང་དད་གསུམ་ཆུ་སྐྱེས་ཀྱི་བཞིན་རས་འཛུམ་ནས་རྗེས་དྲན་དུ་བོད་རབ་བྱུང་ལྕགས་བྱི་ལོའི་ཆོས་སྐུ་ཨོ་རྒྱན་མགོན་པོའི་དུས་ཆེན་བཞི་འཛོམ་ཟླ་བའི་ཡར་ཚེས་བརྒྱད་དེ་ཁོང་གི་འདས་མཆོད་ཀྱི་ཉིན་ནས་དབུ་བཟུང་ནས་ཚེས་བཅུ་དང་ ༢༠༢༠/༦/༣༠ ལ་རི་ཆེ་སློབ་གླིང་གི་སློབ་བུའི་གྲལ་མཐར་གཏོགས་པ་ངག་དབང་རྟ་མགྲིན་ནམ་ཡོངས་ཁྱབ་ནས་རི་བོ་ཆེར་མཇུག་གྲུབ་པའོ།།