དེད་དཔོན།

 

གཅིག གླེང་བསླང་བ། 

  སྐད་ཆ་འདི་འདྲ་ཞིག་གླེང་དོན་ནི་ལོ་ཤས་གོང་ཆོས་གྲོགས་ཤིག་གིས་ལུ་གུ་མང་པོ་ཡོད་སའི་པར་ཞིག་དྲ་ལམ་ནས་གཏོང་སོང་། ངས་ཕ་ཡུལ་ཕྱོགས་ལ་ལུ་གུ་ཁྲིད་ཚར་འདུག་གམ་ཞེས་དྲིས་པས། ཁོང་གིས་“ལུ་གུ་འདི་ཚོ་གང་ནས་ཡིན་མི་ཤེས་རང་ཡུལ་དུ་ལུག་མིག་གིས་མ་མཐོང་ནས་ལོ་མང་ཐལ་”གསུངས་སོང་། གཏམ་དེ་གོ་བས་ལོ་ངོ་སྟོང་ཕྲག་མང་པོའི་རིང་དུ་གཡང་ར་བ་སྒོ་བཞིའི་ཐོན་ཁུངས་ཀྱི་འཚོ་བར་བརྟེན་པའི་མི་རིགས་འདི་ཉིད་གཡང་དཀར་ལུག་ཁྱུའི་རྗེས་སུ་སྙེག་རན་པ་མིན་ནམ་སྙམ་པའི་སེམས་ཚོར་དམིགས་བསལ་བ་ཞིག་བྱུང་།

གཡུང་དྭགས་ར་ལུག་མེད་པར་གྱུར་པ་འདི། ཁོར་ཡུག་དང་འབྲོག་པའི་འཚོ་གནས་གཉིས་ཀ་ལ་ཉེན་ཁ་ཅན་ཞིག་རེད། ཁོར་ཡུག་གི་ཐད་ནས་བཤད་ན་རྒྱུ་མཚན་མེད་པ་འུར་གཏམ་ཙམ་མ་ཡིན་པར། དེ་སྔོན་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ལ་བཅར་མྱོང་བ་དང་། སྐྱེ་དངོས་ཁོར་ཡུག་སྐོར་ལ་ཉམས་ཞིབ་གང་ལ་གང་འཚམས་བྱས་པས། སྟོང་ལ་ཉེ་བའི་སྲོག་ཆགས་རྣམས་སྲུང་སྐྱོབ་བྱེད་པ་ནི། སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་དང་ཚེ་སྲོག་སྲུང་སྐྱོབ་ཀྱི་བར་ལ་ཐད་ཀ་འབྲེལ་བ་ཡོད་པ་ཤེས་སོང་། དེའང་ཚད་རིག་གི་གྲུབ་དོན་རེད་མ་གཏོགས་འོལ་ཚོད་དུ་བཤད་པ་ཞིག་ལར་ནས་མ་རེད།

ང་ཚོས་ནམ་ཞག་རྒྱུན་དུ་ནས་ཁོར་ཡུག་གཙང་བཟོ་སོགས་ཁོར་ཡུག་དང་འབྲེལ་བའི་བརྗོད་ཚིག་དང་བྱ་འགུལ་དུ་མ་ཞིག་སྤེལ་བཞིན་ཡོད་ནའང་།

དོན་དངོས་ཐོག་རང་ས་རང་ཡུལ་གྱི་ཁོར་ཡུག་སྐོར་ལ་བསམ་ གཞིག་དང་ཉམས་ཞིབ་བྱེད་མཁན་ནི་ཤིན་ཏུ་དཀོན་པོ་ཡིན་པར་མཐོང་། ཆེད་ལས་ཉམས་ཞིབ་པའི་ལམ་སྟོན་མེད་ན་དེང་སང་གི་དུས་འདིར་འཚོ་གནས་ལ་ཧ་ཅང་གི་ཉེན་ཁ་ཅན་ཞིག་རེད།

བོད་ལ་དེང་སང་ཁོར་ཡུག་སྲུང་སྐྱོབ་དང་། སྲོག་ཆགས་རིག་པ། སྐྱེ་དངོས་རིག་པ་ཟེར་བ་དང་། ལྷག་པར་ཏུ་ཚན་རིག་གི་ཤེས་བྱ་བྱུང་མེད་པའི་ཁར། ད་ལྟའི་བར་དུ་བོད་ཀྱི་ཞིང་འབྲོག་མི་མང་ཕལ་ཆེ་བ་ཡིག་རྨོངས་བ་ཡིན་པ་དང་། སྔོན་གྱིས་ཤེས་ཡོན་པ་རྣམས་ཀྱིས་སྨན་གཞུང་ཙམ་མ་གཏོགས། སྐྱེ་དངོས་དང་སྲོག་ཆགས་རིག་པའི་གཞུང་དར་རྒྱས་མ་བཏང་བ་སོགས་རྐྱེན་སྣ་ཚོགས་ཀྱིས་སྐྱེ་དངོས་ཁོར་ཡུག་སྐོར་ལ་གོ་རྟོགས་ཡོད་མཁན་ཧ་ཅང་དཀོན་པོ་ཡིན་པས། ར་ལུག་རྩ་སྟོངས་སུ་འགྲོ་བཞིན་ཡོད་ཀྱང་ཀུན་གྱིས་སྣང་མེད་དུ་གཏོང་བ་རེད།

 

གཉིས། གཡང་དཀར་ལུག་དང་ཁོར་ཡུག་བར་གྱི་འབྲེལ་བ། 

 ང་ཚོས་ངེས་པར་དུ་གཡང་དཀར་ལུག་དང་རང་བྱུང་ཁོར་ཡུག་བར་ན་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཤེས་དགོས།

དེའང་གཡང་དཀར་ལུག་ཁྱུ་རྫ་ལུང་རི་ཐང་འགྲིམས་དུས་རྐང་རྨིག་བཞིས་ས་རྒོད་རྣམས་ཞིང་ས་ལྟར་སྙི་མོ་བཟོ་བ་དང་། ར་ལུག་གི་རིལ་མས་ལུད་ཀྱིས་ས་ཞིང་གཤིན་པོར་བསྒྱུར་བ་ལྟར་རི་ ལུང་གི་རྩི་ཤིང་མེ་ཏོག་སྐྱེ་བ་ལ་མཐུན་རྐྱེན་བསྐྲུན་པ་དང་། སྤང་ཡངས་མོ་དང་ཐང་བདེ་མོ་རྣམས་སུ་སྐྱེས་པའི་རྩྭ་རྩི་ཏོག་རྣམས་རྩེ་མོ་ཟ་བ་ལས་རྩ་བ་བཀོག་གིན་མེད་པས། གྲོང་ཁྱེར་ཁག་གི་མེ་ཏོག་ཞིང་ལས་ཀྱི་སོ་ནམ་གཉེར་མཁན་ལྟ་བུ་བོད་ཀྱི་གཡུང་དྭགས་ར་ལུག་ནི་རྩི་ཤིང་མེ་ཏོག་སྐྱེད་སྲིང་མཟོ་མཁན་དུ་རང་བྱུང་གིས་བཀོད་སྒྲིག་བྱས་ཡོད།

དེར་མ་ཟད་ར་ལུག་མེད་པ་ཆགས་ན་ར་ལུག་གི་རིལ་མ་དང་ལུས་དྲོད་སོགས་ལ་འཚོ་གནས་བྱེད་པའི་མཐོང་བ་དང་མི་མཐོང་བའི་སྲོག་ཆགས་ཆེ་ཕྲ་དུ་མའི་རིགས་རྒྱུན་ཆད་པ་དང་། དེ་ཚོ་རིགས་རྒྱུན་ཆད་ན་དེ་དག་ཁ་ཟས་སུ་བརྟེན་པའི་འབུ་སྲིན་རྣམས་ཀྱི་རིགས་རྒྱུན་ཆད་པ་དང་། དེ་ཉིད་ཁ་ཟས་སུ་རོལ་ཞིང་རྩི་ཤིང་མེ་ཏོག་གཅིག་ནས་གཅིག་ལ་ཟེག་མའི་རྡུལ་འཁྱེར་མཁན་གྱི་འབུ་སྲིན་གྱི་རིགས་རྒྱུན་ཆད་དེ་སྐྱེས་དངོས་རྩི་ཤིང་སྐྱེ་བ་ལ་འགོག་རྐྱེན་ཆེན་པོ་འཕྲད་ངེས་རེད། དེ་འཕྲད་ན་རྩྭ་ཐང་རྣམས་ཉམས་ནས་རིམ་གྱིས་བྱེ་ཐང་དུ་འགྱུར་རྒྱུ་རེད། སྟོད་མངའ་རིས་སྐོར་གསུམ་གྱི་ས་ཆ་ཕལ་མོ་ཆེ་བྱེ་ཐང་ཆགས་པ་དེའང་རྩི་ཤིང་སྐྱེ་འཕེལ་ལ་མཐུན་རྐྱེན་མེད་པ་ལ་བརྟེན་ནས་ཆགས་སོང་བ་ཞིག་རེད་མ་གཏོགས། ཐོག་མ་ཉིད་ནས་བྱེ་ཐང་དང་ས་རྒོད་ཅིག་མ་ཡིན་པར་བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཁག་ལ་བལྟས་ན་ཤེས་ཐུབ་པ་རེད། ད་ལྟའི་ཆར་ཡང་བོད་མདོ་སྨད་ཀྱི་ས་ཆ་མང་པོ་དང་མདོ་སྟོད་ཀྱི་ས་ཆ་དུ་མ་ཞིག་རིམ་གྱིས་བྱེ་ཐང་དུ་འགྱུར་བཞིན་ཡོད། ཞིབ་འཇུག་པ་ཚོས་བཤད་པ་ལྟར་ན་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ནི་བྱེ་ཐང་དུ་འགྱུར་བ་ཚབས་ཆེ་ཤོས་ཡིན་སྐོར་བརྗོད་ཀྱིན་ཡོད། རྩྭ་ཐང་དེ་རྣམས་བྱེ་ཐང་དུ་གྱུར་ན་སྐྱེ་དངོས་རྩི་ཤིང་རིགས་ཀྱིས་བྱེ་རླུང་འགོག་པ་དང་། ས་ཆུ་སྲུང་འཛིན། མཁའ་རླུང་གཙང་བཟོ། ཚེ་སྲོག་སྐྱེད་སྲུང་བྱེད་ཀྱིན་ཡོད་པས་རྩི་ཤིང་མེ་ཏོག་གི་རིགས་མེད་ན་མིའི་འཚོ་བ་ལ་དོ་ཕོག་ཡོང་ནས་དཔལ་འབྱོར་དང་། རིག་གནས་སོགས་རིམ་གྱིས་ཉམས་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། མ་འོངས་པར་ཡུལ་ལུང་དེ་ལ་མི་འཚོ་སྡོད་བྱེད་ཐུབ་མིན་ལ་དཀའ་ངལ་ཡོད་པ་བཤད། དེས་ན་རྩི་ཤིང་དང་སྲོག་ཆགས་དག་ནི་གཅིག་ལ་གཅིག་རྟེན་ཡིན་པའི་ཚད་རིག་ལྟོས་གྲུབ་ཀྱི་ལམ་ནས་ར་སྤྲོད་གསལ་པོར་བཟོས་ཡོད།

 

གསུམ། ཚ་བ་ཆེ་སའི་གྲོང་ཁྱེར་ནང་གི་སྒོ་ཕྱུགས་དང་བོད་མཐོ་སྒང་གི་སྒོ་ཕྱུགས་གཉིས་ཁོར་ཡུག་ལ་ཕན་གནོད་བསྡུར་བ། 

   བོད་པས་ཤེས་དགོས་པ་གཅིག་ནི་གྲོང་ཁྱེར་ཆེ་ཁག་རྣམས་སུ་སྒོ་ཕྱུགས་བ་གླང་དང་། ཁྱིམ་བྱ་སྟོང་ཕྲག་མང་པོས་ར་བ་གཅིག་གི་ནང་དུ་བཅུག་ནས་དེ་དག་གི་བཤང་གཅིའི་ཁྲོད་ནས་ཐོན་པའི་རླངས་གཟུགས་ཀྱིས་མཁའ་རླུང་ལ་འབག་བཙོག་བཟོ་བ་མ་ཟད་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོད་ཚད་ལ་ཤུགས་རྐྱེན་སྤྲད་ཟེར་བ་དང་། གྲོང་ཁྱེར་ནང་གི་སྒོ་ཕྱུགས་གསོ་ཚགས་བྱེད་པར་བཀོལ་བའི་འབྲུ་རིགས་དང་རྩྭ་སའི་ཐོག་ཏུ་ཞིང་ཆུ་མང་པོ་འདྲེན་དགོས་པས་ཤ་རྒྱ་མ་གང་ཐོན་སྐྱེད་བྱེད་ཆེད་ཆུ་ཡི་ཟད་གྲོན་ཆེས་མང་པོ་གཏོང་བ་དེ་ཡིས་ས་གོ་ལ་སྲུང་སྐྱོབ་ལ་གནོད་ཟེར་བ་དེ་ཚོ་དང་། བོད་མཐོ་སྒང་གི་སྒོ་ཕྱུགས་གཡུང་དྭགས་ནོར་ལུག་རྣམས་དང་སྒོ་ཀུན་ནས་མི་མཚུངས་པས། ཁོར་ཡུག་སྲུང་སྐྱོབ་ཁ་ལ་ཁྱེར་ནས་བོད་རོང་འབྲོག་ཕྱོགས་ལ་ཞྭ་དཔེ་ལྷམ་འགེབས་མི་གནང་བ་ཧ་ཅང་གལ་ཆེ། གྲོང་ཁྱེར་ནང་གི་སྒོ་ཕྱུགས་དང་བོད་མཐོ་སྒང་གི་སྒོ་ཕྱུགས་བདག་ཉར་ཐད་དུ་མི་མཚུངས་པའི་རྒྱུ་མཚན་ནི། བོད་ཀྱི་ནོར་ལུག་རྣམས་ར་བ་གཅིག་གི་ནང་ལ་ཉིན་མཚན་མེད་པར་བཅུག་གི་མེད་པ་དང་། བོད་མཐོ་སྒང་གནམ་གཤིས་གྲང་མོ་ཡིན་པས་ས་དམའ་སའི་ཚ་བ་ལུང་པའི་སྒོ་ཕྱུགས་གསོ་སའི་ར་བ་ནས་ཐོན་པའི་འབག་བཙོག་དང་ཚ་དྲོད་ལྟ་བུ་ལར་ནས་མེད། བོད་ཡུལ་གྱི་སྒོ་ཕྱུགས་ནོར་ལུག་གིས་མཁའ་རླུང་སྦགས་བསླད་བྱེད་ཀྱིན་ཡོད་མེད་ནི། ནོར་ལུག་ས་ཡ་མང་པོ་ལོ་ངོ་སྟོང་ཕྲག་དུ་མའི་རིང་དུ་མཐོ་སྒང་འདིར་གནས་ཀྱང་དུས་ད་ལྟའང་འཛམ་གླིང་ཐོག་ནས་བོད་ཡུལ་འདི་མཁའ་རླུང་གཙང་ཤོས་ཡིན་པས་ནོར་ལུག་གིས་མཁའ་རླུང་སྦགས་བསླད་བྱེད་ཀྱིན་མེད་པར་ཤེས་ནུས། དེ་བཞིན་བོད་ཡུལ་ནི་ས་གོ་ལའི་ཆུ་མཛོད་དུ་གྲགས་པ་ལྟར་འཐུང་ཆུ་ལ་དཀའ་ངལ་མེད་པས། བོད་ཀྱི་སྒོ་ཕྱུགས་དག་ལ་འཐུང་ཆུའི་ཟད་གྲོན་དགོས་པ་དང་དེའི་ཁོར་ཡུག་ལ་གནོད་པའི་རྣམ་བཞག་རྩ་བ་ནས་མེད། དེས་ན་གྲོང་ཁྱེར་ཚ་བ་ཆེ་སའི་བཤས་རའི་སྒོ་ཕྱུགས་ལ་དཔེ་བླངས་ཏེ། བོད་པས་དཀར་ཟས་ཟོས་ན་བོད་ཀྱི་ཁོར་ཡུག་ལ་ཕན་ལབ་པ་ནི་ཞྭ་དཔེ་ལྷམ་འགེབས་ཞིབ་འཇུག་མེད་པའི་གཏམ་རང་ཡིན། བྱ་བ་གལ་ཆེན་རིགས་ལ་ཁ་ལག་འགུལ་དུས་མ་མཐར་དེའི་ཐད་དུ་ལོ་ངོ་བཅུ་ཕྲག་ལ་ཉེ་བར་ཞིབ་འཇུག་རྒྱུས་ལོན་བྱས་རྗེས་གཞི་ནས་མང་ཚོགས་ཡིག་རྨོངས་བ་ལ་གོ་བརྡ་སྤྲོད་དགོས་པ་ལས། གྲོང་ཁྱེར་དང་ཡུལ་ལུང་གཞན་གྱི་ཁོར་ཡུག་སྐོར་ལ་ཆེད་ལས་ཞིབ་འཇུག་པའི་སྐད་ཆ་རྣམས་བོད་ཡུལ་དུ་དེ་མཚུངས་ལག་བསྟར་དགོས་སྣང་ཤར་ཏེ་ར་མགོར་ལུག་སྦྱར་གྱི་ཁ་ལག་འགུལ་བ་ནི་ཉེན་ཁ་ཅན་ཞིག་རེད།

 

བཞི། སྔོན་གྱི་སྲོག་ཆགས་རྩ་སྟོངས་ལ་འགྲོ་ཚུལ་ལ་བསམ་ན་ར་ལུག་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་ཆེ། 

  གཡུང་དྭགས་ར་ལུག་རྣམས་ལོ་སྟོང་ཕྲག་མང་པོའི་རིང་ལ་རྩ་སྟོངས་སུ་སོང་མེད་ན་ད་ལྟ་ཡང་རྩ་སྟོངས་སུ་འགྲོ་གི་མ་རེད་སྙམ་ན། སྔོན་གྱི་དུས་དང་མི་འདྲ་བས་ད་ལྟ་རྩི་ཤིང་དང་སྲོག་ཆགས་རྩ་སྟོངས་སུ་འགྲོ་བའི་ཚད་གཞི་དེ་ཆེས་མགྱོགས་པོ་ཡིན་པར་བཤད། ད་ལྟའི་མི་རྣམས་འདོད་རྔམ་ཆེས་ཆེ་སྟབས། སྲོག་ཆགས་འདྲ་མིན་གྱི་ཚེ་སྲོག་ལ་གཅེས་སྲུང་མེད་པ་ཤ་རུས་པགས་གསུམ་གྱི་ཚོང་ལས་ཤུགས་ཆེར་གཉེར་བ་སོགས་ཀྱིས་རྐྱེན་པས། སྲོག་ཆགས་ཀྱི་རིགས་དུ་མའི་རྒྱུན་རྩ་བ་ནས་ཆད་ཟིན་པ་རེད། དེའང་སྲོག་ལྡན་གྱི་རིགས་སྐམ་བཤེར་གཉིས་འཚོའི་རིགས་དང་ལྟོ་འགྲོའི་རིགས་གྲངས་ཉེར་གཅིག་དང་། སྒལ་ཚིགས་མེད་པའི་རིགས་གྲངས་ ༩༨། འདབ་ཆགས་རིགས་གྲངས་ ༡༡༣། འོ་འཐུང་གི་རིགས་གྲངས་ ༨༣ ལྷག་རྩ་མེད་དུ་ཕྱིན་ཟིན་པ་དང་། ད་ལྟ་ས་གོ་ལ་འདིའི་ཐོག་ཏུ་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་གཅིག་སྟོང་དྲུག་བརྒྱ་ལྷག་ཟིན་ཡོད། རྩ་མེད་དུ་སོང་ཟིན་པ་དང་འགྲོ་འགྱུར་གྱི་གྲངས་གཅིག་ནས་གཉིས་བགྲང་བ་དེ་དག་ལུག་ལྟ་བུ་རིགས་གཅིག་གི་གྲངས་བརྩིས་པ་ལྟ་བུ་མ་ཡིན་པར་རྟ་ནོར་ར་ལུག་བཞི་པོ་སྲོག་ཆགས་རིགས་བཞི་ཁོ་ན་ཡིན།  དེས་ན་རྟ་ནོར་ར་ལུག་ལྟ་བུ་འོ་འཐུང་གི་རིགས་མི་འདྲ་བ་བརྒྱད་ཅུ་གྱ་གསུམ་རྩ་མེད་དུ་སོང་ཟིན་པ་རེད། འོ་འཐུང་གི་རིགས་༨༣ རྩ་མེད་སོང་བ་དེ་དག་ཆ་ཚང་གྲངས་ཀ་ཞིག་བརྩིས་པའི་དབང་དུ་བཏང་ན་འོ་འཐུང་ཁྲག་ཁྲིག་མང་པོ་ས་གོ་ལའི་ཐོག་ནས་གཞི་མེད་དུ་སོང་ཟིན་པ་རེད། བྱ་བྱེའུ་རིགས་དང་འབུ་སྲིན་གྱི་རིགས་ནི་ཧ་ཅང་མང་པོ་རྩ་མེད་དུ་འགྲོ་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་ཞིབ་འཇུག་པ་ ༤༥༠ ལྷག་གིས་འཁུར་བླངས་ཏེ་སྤྱི་ལོ་ ༢༠༡༩ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་སྙན་ཐོ་ལྟར་ན། ”སྐྱེས་དངོས་དང་སྲོག་ཆགས་ཀྱི་རིགས་ས་ཡ་གཅིག་རྩ་སྟོངས་སུ་འགྲོ་ཉེན་ཡོད”པ་བཤད་ཡོད། དེའི་ནང་ལ་རྩི་ཤིང་འདྲ་མིན་དང་སྲོག་ཆགས་འདྲ་མིན་གཉིས་ཀ་ཚུད་ཡོད།

འགྲོ་བ་མིའི་བྱ་སྤྱོད་ངན་པའི་རྐྱེན་གྱིས་ཕྱི་སྣོད་རྩི་ཤིང་གི་རིགས་དང་། ནང་གི་བཅུད་སྲོག་ཆགས་ཀྱི་རིགས་ལ་འགྲོ་བ་མིའི་གནོད་སྐྱོན་ཇི་ཙམ་བཏང་ཡོད་མེད་ཞིབ་འཇུག་བྱས་ཡོད།

བཟོ་གྲྭའི་ཐོན་རྫས་ནས་འཕྱུར་བའི་རླུང་གཙོག་པ་ནམ་མཁར་བཏང་བ་དང་། ས་སྟེང་ནས་ཤིང་ནགས་བཅད་དེ་གྲོང་ཁྱེར་འཛུགས་སྐྲུན་རྒྱ་ཆེ་རུ་གཏོང་བ། ཞིང་ཁའི་ལོ་ཐོག་ལ་འབུ་སྨན་བཏབ་པའི་རྐྱེན་གྱིས་མེ་ཏོག་གཅིག་ནས་གཅིག་ལ་ཟེག་མའི་རྡུལ་འཁྱེར་མཁན་གྱི་འབུ་བསད་པ། རྒྱ་མཚོའི་ནས་ཉ་སོགས་འཛིན་རྒྱུ་མང་དྲགས་པ་སོགས་ཀྱིས་རྒྱ་མཚོ་བཙོག་པ་ཆགས་ཏེ་བྱུ་རུའི་སྡོང་པོ་སྐམ་པ་དང་སྲོག་ཆགས་དང་རྩི་ཤིང་ས་ཡ་གཅིག་ཙམ་རྩ་སྟོངས་སུ་འགྲོ་ཉེན་ཡོད་པ་བཤད།

འཛམ་གླིང་གི་རྩི་ཤིང་དང་སྲོག་ཆགས་འཚོ་གནས་ཀྱི་གནད་དོན་དེ་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལས་གལ་ཆེན་དུ་བརྩི་འོས་པ་རེད།

 

ལྔ། ནོར་ལུག་བཤས་ར་ལ་བཙོང་བ་ནི་ནོར་ལུག་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་དེ་བས་ཆེ། 

 སྲོག་ཆགས་འདྲ་མིན་གྱི་ཚེ་སྲོག་ལ་གཅེས་སྲུང་མེད་པ་ཤ་རུས་པགས་གསུམ་གྱི་ཚོང་ལས་ཤུགས་ཆེར་གཉེར་བ་དང་། དེར་མ་ཚད་བོད་ཤར་རྒྱུད་དང་ལྷོ་རྒྱུད་དུ་རྒྱ་བོད་ལག་འབྲེལ་གྱིས་ཚོང་པ་མང་པོས་དེང་རབས་འཕྲུལ་ཆས་ཅན་གྱི་ནོར་ལུག་བཤས་ལ་ཕབ་སའི་བཤས་ར་མང་དུ་བཙུགས་ཏེ། ནོར་ལུག་རྣམས་ཀྱི་ཤ་ཁྲོམ་རར་འཚོང་བའི་ལུགས་སྲོལ་དར་ཁྱབ་ཆེས་ཆེ་བས། བོད་ཀྱི་ས་ཁུལ་ལ་མ་གཏོགས་མེད་པའི་འབྲི་གཡག་དང་ར་ལུག་རྣམས་ནམ་ཞིག་ལ་རྩ་སྟོངས་སུ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ། སྔོན་མ་བཞིན་དུ་ནོར་ནག་འདི་དག་བཤས་རར་ཚོད་མེད་དུ་བཙོངས་ན་ཡུན་རིང་མི་འགོར་བར་རྩ་སྟོངས་སུ་འགྲོ་བ་ལ་ཐེ་ཚོམ་ཙམ་ཡང་མི་དགོས་ཏེ། བོད་ཁུལ་ཁྱོན་ཡོངས་ལ་ནོར་གནག་གི་གྲངས་ཀ་ས་ཡ་བཅུ་གསུམ་ཡས་མས་ཙམ་ལས་མེད་པ་དེ། མི་གྲངས་དུང་ཕྱུར་བཅུ་གསུམ་ལྡན་པའི་རྒྱ་ནང་གི་མི་རིགས་ཡོངས་ཀྱིས་ཁ་ཟས་སུ་ལོ་བསྟར་རྒྱུན་མར་ཚོངས་དང་། ལོ་མང་པོ་མི་དགོས་པར་རྩ་མེད་དུ་འགྲོ་བར་ཤེས་སླ། བཤས་ཉོ་བཤས་འཚོང་བྱེད་མཁན་གྱི་སྒེར་སུ་ཡིན་ནའང་ཉོ་ཚོང་འདི་ཁོ་ནས་ཕྱུག་འབྱོར་གྱི་ལམ་བུར་སྐྱོད་མི་ཐུབ་པ་རེད། དེས་ན་སྐྱེས་བུ་དམ་པ་འགས་དེའི་ཐད་དུ་ཚེ་སྲོག་གཅེས་སྲུང་དགོས་པའི་ལམ་སྟོན་སྩལ་ཡོད།

དེ་ཡིག་རྨོངས་བའི་སྣེ་ཁྲིད་པ་བླ་གྲྭ་འགས་སྐྱེས་བུ་དམ་པ་དག་གིས་དགོངས་དོན་ཧ་མ་གོ་ཞིང་། ཞིབ་འཇུག་མེད་པའི་ལོང་གཏམ་གྱིས་དཀར་ཟས་དང་དམར་ཟས་ཀྱི་དགེ་སྐྱོན་གླེང་ཁུལ་གྱིས་ནོར་ལུག་བདག་སྐྱོང་ཐད་དུ་བར་ཆད་ཆེན་པོ་གཏོང་བཞིན་ཡོད་པས། མི་ནག་མདུང་ཐུང་ཅན་སྲོག་བསྐྱབ་ཕྱིར་དུ་ཚོང་པ་ལྔ་བརྒྱའི་ཚེ་སྲོག་མ་ཤེས་བཞིན་དུ་སྣང་མེད་གཏོང་བ་དང་མི་མཚུངས་པའི་ངེས་པར་མེད། ནོར་ལུག་གི་ཐོན་ཁུངས་ལ་བརྟེན་དུ་མ་འཇུག་ན་དེ་དག་བདག་སྐྱོང་བྱེད་མཁན་མེད་ཅིང་། དེ་དག་བདག་སྐྱོང་མ་བྱས་ན་རིམ་བཞིན་རྩ་མེད་དུ་སོང་སྟེ་དེ་དག་ལ་བརྟེན་པའི་སྲོག་ཆགས་ཁྲག་ཁྲིག་མང་པོའི་རིགས་རྒྱུན་ཆད་དེ་མཐའ་མར་སྲོག་ལྡན་ཡོངས་ཀྱི་འཚོ་གནས་ལ་ཉེན་ཁ་འཕྲད་ངེས་རེད། དེའི་ཕྱིར་གཡུང་དྭགས་ར་ལུག་བཤས་ར་ནང་དུ་མི་བཙོངས་བར་འཚོ་རྟེན་ཙམ་དུ་བེད་སྤྱད་དེ་བདག་ཉར་བྱས་ན་སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་ཀྱི་གཞི་རྟེན་སྲུང་སྐྱོབ་ཆེད་དང་། སྟོང་ལ་ཉེ་བའི་སྲོག་ཆགས་དག་གི་ཚེ་སྲོག་ལ་གཅེས་སྲུང་བྱེད་པ་ལྟ་བུ་ཡིན་པས་འདི་ཕྱིའི་དགེ་བ་རླབས་ཆེན་ཞིག་ཡིན།

ར་ལུག་མེད་པ་ཆགས་ན་སྡིག་རྒྱུན་ཆད་འགྲོ་བས་སྐྱོན་མི་འདུག་བསམ་ན། གོང་ནས་བཤད་པ་ལྟར་ར་ལུག་མེད་པ་ཆགས་ན་ཐང་རྒོད་དང་ས་རྒོད་ཐམས་ཅད་ས་འཇམ་པོ་དང་ས་སྙི་མོར་བཟོ་མཁན་མེད་སྟབས་ས་ཐམས་ཅད་བྱེ་ཐང་ཆགས་ནས་རྩྭ་སྔོ་དེ་དག་ལ་གནས་འཆར་བའི་སྲོག་ཆགས་དུང་ཕྱུར་མང་པོའི་རྒྱུན་ཆད་བཞིན་ཡོད། སྐྱེས་དངོས་སྲོག་ཆགས་རིག་པའི་སྐོར་ནས་ལྟོས་གྲུབ་དང་འབྲེལ་ཏེ་བཤད་ན་། རི་དྭགས་ཟ་མཁན་གཅན་གཟན་མེད་ན་རི་དྭགས་ཀྱང་རྒྱུན་ཆད་འགྲོ་བའི་སྐོར་ནས་ཤོད་ཀྱིན་ཡོད། དཔེར་ན་ཤིང་འབྲས་ཟ་མཁན་མེད་ན་ཤིང་སྡོང་སྐམ་འགྲོ་བ་ལྟ་བུ་རེད། དེ་ཚན་རིག་གིས་གྲུབ་དོན་རེད་མ་གཏོགས་ཞིབ་འཇུག་མེད་པའི་མི་ཡིས་རྟོག་བཟོ་མ་རེད། དེ་དག་གདོན་མའི་སྲོག་ཆགས་རྣམས་རིགས་རྒྱུན་ཆད་སྟངས་ལ་ཞིབ་འཇུག་བྱས་ན་རགས་ཙམ་ཤེས་ཐུབ།

དེས་ན་དཀར་ཟས་དེ་གྲོང་ཁྱེར་ནང་ལ་སྡོད་མཁན་གྱིས་ཟ་ཐུབ་ན་བཟང་ཞིང་། མི་ཚོགས་མང་སྡོད་བྱ་ཁུལ་དང་ཡུལ་ལུང་གཞན་ལ་དཀར་ཟས་འདི་བཟང་པོ་རུ་བརྩིས་འོས་ཀྱང་། འུ་ཅག་བོད་རོང་འབྲོག་རྣམས་ལ་མཚོན་ན་འཕྲལ་ཕུགས་ལ་ཁེ་ཉེན་གང་ཆེ་ལ་ཞིབ་འཇུག་དགོས་པའི་དུས་རེད་འདུག་དྲན།

དྲུག བོད་ཀྱི་སྒོ་ཕྱུགས་ནོར་ལུག་གི་སྤུ་རིགས་ཆས་གོས་ཡོ་བྱད་ལ་བེད་སྤྱད་ན་ཁོར་ཡུག་སྲུང་སྐྱོབ་དང་མིའི་བདེ་ཐང་ལ་ཕན་ཐོགས་རྒྱ་ཆེར་འབྱུང་། 

 

བོད་ལ་ཤ་ཚ་ཞིང་སེམས་དཀར་བའི་ཞིབ་འཇུག་པ་དག་གིས་བསླབ་བྱ་རུ་བོད་ཀྱི་ནོར་ལུག་ནི་ནོར་བུ་རིན་པོ་ཆེ་དང་མཚུངས་ཤིང་། དེ་ཉིད་དགོས་འདོད་འབྱུང་བའི་དངོས་པོ་ཉིད་དུ་བེད་སྤྱོད་དགོས་པ་ལས་དེ་མེད་པ་གཏོང་མི་རུང་བ་ཤོད་བཞིན་ཡོད། ནོར་ལུག་ནི་ཐོན་ཁུངས་ཤིག་ཡིན་པར་ཤེས་དགོས་པ་ལས་ཁྲོམ་རའི་ཐོན་རྫས་ལྟ་བུའི་འདུ་ཤེས་ཀྱིས་བཤས་ར་ནང་དུ་བཙོང་པ་ནི་སྨན་གྱི་སྡོང་པོ་བཀོག་སྟེ་བཙོང་པ་དང་གཉིས་སུ་མེད། ནོར་ལུག་སྨན་གྱི་སྡོང་པོ་ལྟ་བུ་དེ་ཉིད་གཞན་ལ་མི་བཙོང་བར་གཅེས་སྲུང་ཡང་དག་བྱས་ན་དེ་ལས་བྱུང་བའི་སྤུ་རིགས་དང་ལྤགས་པའི་རིགས་དགོས་མཁོ་ཡོ་བྱད་དང་ཆས་གོས་ལ་བེད་སྤྱད་ན་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་དང་། གྱོན་ཆས་ལ་བརྟེན་ནས་ནད་ངན་སྣ་ཚོགས་འགོས་ཀྱིན་ཡོད་པ་དེ་དག་རྩ་ནས་ཡོང་གི་མེད། དེང་སང་ཕྱི་ལོགས་སུ་བལྟས་ན་མིག་ལ་མཛེས་པ་ལྟར་དུ་སྣང་བའི་གྲོང་གསེབ་ཏུ་བཙོང་བཞིན་པའི་གྱོན་ཆས་འདི་དག་ཕལ་ཆེ་བ་འགྱིག་ཤོག་གི་རིགས་ཡིན་ཞིང་། དེ་དག་གིས་མི་ཡི་ལུས་ལ་གནོད་པ་མ་ཟད་། ཁོར་ཡུག་གང་དུ་གཡུག་ནའང་ལོ་སྟོང་ཕྲག་གི་རིང་ལ་རུལ་མི་ནུས་པ་དང་མེ་ལ་བསྲེག་ན་དུ་བ་དེའི་མཁའ་རླུང་བཙོག་པ་བཟོ་བ་དང་། འགྱིག་རིགས་ཀྱི་གད་སྙིགས་དེ་དག་ལ་ཉི་འོད་ཕོག་ན་དེའི་དྲོད་རླངས་མཁའ་ལ་སོང་ནས་ཆར་པ་དང་འདྲེས་ཏེ་མིའི་ལུས་ལ་ཕོག་པས་པགས་ནད་འདྲ་མིན་འབྱུང་བ་སོགས་རང་བྱུང་ཁོར་ཡུག་དང་མིའི་བདེ་ཐང་གཉིས་ཀ་ལ་གནོད་པ་ཚབས་ཆེན་འབྱུང་གི་ཡོད། ཁོར་ཡུག་བཙོག་པ་བཟོས་པ་མ་ཟད། སེམས་ཅན་ཕྱུགས་རིགས་དང་ཆུ་གནས་ཀྱི་སེམས་ཅན་ཉ་སྲིན། བྱ་བྱེའུ་ལ་སོགས་པས་འགྱིག་རིགས་གད་སྙིགས་དེ་དག་ཟོས་ཏེ་སེམས་ཅན་མང་པོའི་སྲོག་ཤོར་གྱིན་ཡོད།

གལ་སྲིད་རིན་གོང་དམའ་བའི་གྱོན་པ་དེ་དག་འགྱིག་རིགས་མིན་པའི་དབང་དུ་བཏང་ནའང་དེ་དག་ནི་གྲོང་ཁྱེར་ནང་གི་གྱོན་གོས་རྙིང་པ་མ་མཁོ་བར་དོར་བ་རྣམས་དང་། ཉེན་ཁ་ཆེ་བའི་ནད་ཀྱིས་སྨན་ཁང་ནས་མི་ཤི་བའི་རོ་གོས། ནད་ཅན་མིའི་གོས་རྙིང་སྨན་ཁང་གི་ཆེད་དུ་དོར་ཡོད་ས་ནས་བླངས་ཏེ། བཀྲུ་བ་སོགས་བཟོ་བཅོས་ཡག་ཙམ་བརྒྱབ་ནས་གསར་བ་ཡིན་པའི་རྣམ་པ་བསྟན་ནས། རྟགས་རྫུན་མ་རེ་བརྒྱབ་སྟེ་འཚོང་གིན་ཡོད། གྱོན་ཆས་དེ་ལས་ནད་ངན་སྣ་ཚོགས་འགོས་པ་དང་། དབང་པོ་ལ་སྐྱོན་ཞུགས་པ། པགས་ནད་སྣ་ཚོགས་འགོས་པ་ཤེས་རྟོགས་བྱུང་ཡོད། ཞིབ་འཇུག་པས་བརྟགས་དཔྱད་ལས་ཤེས་གསལ་ལྟར་ན། གོས་རྙིང་དེ་དག་གི་ཕྱིའི་རྣམ་པ་ཙམ་ལ་བལྟས་ན་གཙང་མ་ཞིག་བཀྲུས་ནས་གསར་བ་ལྟར་བཟོས་ཡོད་ཀྱང་། ད་དུང་ནང་ན་ནད་འབུ་ཕྲ་མོ་གསོད་ཐུབ་མེད་པར་ཤེས་ཡོད།

དེའི་ཕྱིར་ལུག་གཡང་དཀར་གྱི་བལ་དང་པགས་པ་ལས་བཟོས་པའི་གྱོན་པ་ནི་རིན་པོ་ཆེའི་གོས་ལྟར་ཧ་ཅང་རིན་ཐང་ལྡན་པ་ཞིག་རེད། ལུག་གཡང་དཀར་ལས་ཐོན་པའི་མཁོ་ཆས་ལ་ཕྱིང་ཞྭ་དང་། ཕྲུག ལྭ་བ། བལ་གྱིས་བཏགས་པའི་སྣམ་བུའི་སྟོད་གོས་དང་སྨད་གོས། ལྷམ་གྱི་ཡུ་བ། ལྤགས་རྩག སྒྱེ། ཕྱིང་བའི་གྱོན་པ། སྟན། ཕྱིང་བ་དང་ཐགས་ཀྱི་ཤུབས་སྣ་ཚོགས། དེ་མིན་གྱོན་པ་སྣ་ཚོགས་དང་། བལ་ལས་བཟོས་པའི་ཉལ་སྟན། ཉལ་གོས། ཕྱིང་བའི་ཕྱི་ཐུམ་མམ་ཤུབས་འདྲ་མིན་ཕོར་ཤུབས་དང་། རྔ་ཤུབས། དྲིལ་བུ་དང་མདའ་རུའི་ཤུབས་སོགས་མཁོ་ཆས་སྣ་ཚོགས་བཟོ་ཆོག་པ་དང་། དེང་དུས་དང་མཐུན་པའི་འཁྲུལ་ཆས་ཀྱིས་ཁུ་ལུ་དང་བལ་ལས་སྟོད་གོས་དང་སྨད་གོས་བཟོས་ན་རིན་གོང་ཧ་ཅང་ཆེན་པོ་ཡིན། དཔེར་ན་ཉེ་བའི་ཆར་ལ་ཨ་རི་ནས་བོད་ཀྱི་ནོར་ནག་གི་ཁུ་ལུའི་བཟོས་པའི་སྟོད་ཐུང་གཅིག་ལ་ཨ་སྒོར་ ༣༥༠༠ སུམ་སྟོང་ལྔ་བརྒྱ་བྱས་ནས་བཙོང་གི་ཡོད། དེ་མི་དམངས་ཤོག་སྒོར་ལ་ཕབ་ན་ཉིས་ཁྲི་ལྔ་སྟོང་ཙམ་ཟིན་ཡོད། དེ་བཞིན་དེ་དུས་འཁྲུལ་ཆས་བཀོལ་ཏེ་བལ་གོས་འདྲ་མིན་བཟོས་ན་རིན་གོང་དེ་དང་གཅིག་མཚུངས་ཡིན། བལ་གྱི་གོས་རིགས་བཟོ་སྟངས་སྦྱོང་བརྡར་ཏོག་ཙམ་བྱས་ན་ལས་སླ་བོའི་ངང་ནས་ཤེས་ནུས། བལ་ལས་བཟོས་པའི་གོས་དང་སྟན་ཉལ་ཆས་སོགས་ནི་མིའི་འཕྲོད་བསྟེན་ལ་ཧ་ཅང་ཕན་པ་དང་། བལ་རས་སོགས་རྙིང་པ་གཡུག་ན་མགྱོགས་པོ་རུལ་ཐུབ་པས་འགྱིག་རིགས་བེད་སྤྱོད་གཏོང་བའི་ཚབ་ཏུ་ཤོག་བུ་དང་བལ་རྣམས་བེད་སྤྱོད་བྱས་ཚེ་ཁོར་ཡུག་སྲུང་སྐྱོབ་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་བཞིན་ཡོད། འགྱིག་ཤོག་རིགས་བེད་སྤྱོད་བྱས་རྗེས་ཁོར་ཡུལ་སྦགས་བཙོག་ཚབས་ཆེན་དང་མིའི་བདེ་ཐང་ལ་གནོད་ཚུལ་འདི་ལ་བསམས་ནའང་ར་ལུག་མེད་པ་ཆགས་པ་ནི་ཧ་ཅང་གྱོང་གུན་ཆེན་པོ་ཞིག་ཡིན་པར་ཤེས་ནུས།

 

བདུན། འབྲོག་པ་སྲུང་སྐྱོབ་ཆེད་དུ་གཡང་དྭགས་ར་ལུག་འཚོ་སྐྱོང་བྱེད་དགོས། 

  མགོ་ནག་བོད་དང་གཡང་ར་བ་སྒོ་བཞི་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ལོ་ངོ་སྟོང་ཕྲག་མང་པོ་བརྒྱུད་དེ་ཡོང་པས། ནོར་ལུག་གི་ཐོན་ཁུངས་དེ་དག་མེད་པ་ཆགས་ཉིན་མོར་བོད་ཀྱི་འབྲོག་པ་ཡང་གནས་མི་ཐུབ་པ་ཟུར་བལྟས་ལེབ་མཐོང་རེད། མཐོ་སྒང་གི་འབྲོག་པ་དག་མེད་སོང་ན་དེ་ལ་བརྟེན་པའི་ཆོས་ལུགས་དད་མོས་དང་། ཡུལ་སྲོལ་གོམ་གཤིས། སྒྱུ་རྩལ་རྩོམ་རིག ཟས་གོས་གནས་མལ། གླུ་བྲོ་གར་གསུམ། སྐད་བརྡ་རིག་པ་སོགས་བོད་ཀྱི་ཐུན་མིན་གྱི་རིག་གཞུང་རྣམས་ས་ཐིམ་རྡོ་ཐིམ་དུ་འགྱུར་བར་ཐེ་ཚོམ་མི་དགོས་པ་རེད། དེ་ནི་འཛམ་གླིང་གི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། ཨ་རི་ད་ལྟ་ཡོད་སའི་ས་ཐོག་དེ་ལ་ཨ་རིའི་གདོད་མའི་མི་རིགས་སམ་ཨེ་ཌིའི་མི་རིགས་དེ་ཉིད་གནས་ཡོད་ཅིང་། ཁོང་ཚོའི་འཚོ་རྟེན་ལ་ཨ་རིའི་མ་ཧེ་ས་ཡ་དྲུག་བཅུ་ལྷག་ཙམ་ཡོད་ཀྱང་། དེ་ནས་རིམ་བཞིན་ཡོ་རོབ་ནས་གནས་སྤོས་པའི་མགོ་སེར་དག་གིས་ཨ་རིའི་གདོད་མའི་མི་རིགས་ཀྱི་འཚོ་གནས་ཕྲོགས་ཏེ་འཚོ་རྟེན་མ་ཧེ་ཕལ་མོ་ཆེར་བསད་པས་ཨེ་ཌིའི་མི་རིགས་ལ་འཚོ་རྟེན་མེད་པ་ཆགས་པས་ཨེ་ཌིའི་མི་རིགས་མང་ཤོས་མེད་པ་ཆགས་པ་དང་། ཁ་ཤས་ལུས་པ་རྣམས་ཀྱང་འཚོ་རྟེན་མ་ཧེ་དང་ཁ་བྲལ་དུ་བཅུག་ནས་ལུང་པ་ཁུག་ཀྱོག་བེད་སྤྱོད་མེད་ས་རུ་གནས་སྤོ་བཅུག་པས་ཆང་རག་འཐུང་མཁན་དང་དུ་བ་འཐེན་མཁན་གྱི་མི་ཚོགས་ཤིག་ཏུ་གྱུར་སོང་བ་རེད།

དེས་ན་བོད་གདོང་དམར་བ་རྣམས་སོ་སོའི་རང་བྱུང་ཁོར་ཡུག་དང་མཉམ་དུ་ཡུན་རིང་གནས་ཏེ་ཡར་རྒྱས་ཀྱི་ཕྱོགས་སུ་མི་ཚེ་སྐྱེལ་དགོས་བསམ་ན་ངེས་པར་དུ་ར་ལུག་དང་ནོར་ནག་གཅེས་སྲུང་བྱ་དགོས། བོད་པའི་འབྲོག་པ་དག་གིས་ནོར་ཕྱུགས་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་བསྐྱལ་བ་ནི་རྗེས་ལུས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པར་བསམ་བཞིན་ཡོད་ནའང་། བོད་ནས་སྤྱི་ལེ་ཆིག་ཁྲི་ལྷག་གི་མཚམས་སུ་ཡོད་པའི་ཚན་རྩལ་དང་རིག་གནས་གོ་ལའི་རྩེ་མོར་སོན་པའི་སྟོབས་ཆེན་ཨ་རིའི་རྒྱལ་ནང་དུའང་བོད་ཡུལ་གྱི་སྒོ་ཟོག་རྣམས་ཕར་ཁྱེར་ཏེ་དེ་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ཨ་རིའི་དུད་ཚང་ཉིས་བརྒྱ་ལྷག་ཙམ་ཉེ་བའི་ཆ་ལ་ཟིན་ཡོད། དེ་རྣམས་ཀྱང་བོད་ཀྱི་སྒོ་ཟོག་གི་ཐོན་ཁུངས་གཅིག་པུ་ཙམ་མ་ཡིན་པར་སྒེར་ལ་གནམ་གྲུ་ཡོད་མཁན་དང་། ཁ་ཤས་ནི་སློབ་གྲྭ་ཆེན་པོའི་མ་རྩའི་སྦྱིན་བདག་ནུས་མཁན་ཨ་སྒོར་ཐེར་འབུམ་བདག་པོའི་འབྱོར་ལྡན་འགས་ཀྱང་བོད་ཀྱི་སྒོ་ཟོག་འཚོ་སྐྱོང་བྱེད་བཞིན་མི་ཚེའི་འཚོ་བ་སྐྱེལ་གྱིན་ཡོད།

ཁོང་ཚོས་བོད་ཀྱི་སྒོ་ཟོག་གཤིས་ཀ་བཟང་བས་དེ་ཚོ་དང་མཉམ་དུ་སྡོད་དུས་སྐྱིད་པོ་འདུག་ཟེར་བ་དང་། ནོར་ནག་གི་ཤ་ནི་གླང་ཤ་ལས་ཞག་རྩི་བརྒྱ་ཆ་བཞི་ལས་ཉུང་བ་དང་། ལུས་ལ་ཧ་ཅང་འཕྲོད་པའི་བྱ་ཏི་ཁའི་ཤ་དང་གཅིག་མཚུངས་ཡིན་པ་ཞིབ་འཇུག་གི་གྲུབ་དོན་རྙེད་པ་དང་། ཟོག་གི་ཁུ་ལུས་བཟོས་པའི་སྟོད་ཐུང་གཅིག་གིས་ཨ་སྒོར་སུམ་སྟོང་ལྔ་བརྒྱ་ཙམ་ཁུག་པ་སོགས་ལ་བརྟེན་ནས་ནོར་ནག་ཉར་འདོད་ཆེན་པོ་བྱེད་ཀྱིན་ཡོད།

ཁོང་ཚོས་ད་དུང་ནོར་གྱི་ཤ་ཀོ་དང་ཁུ་རྩིད་ཙམ་ལས། ཞོ་དང་། འོ་མ། དར་བ། མར། ཐུད། ཆུར་བ་སོགས་འཚོ་བའི་ཁ་ཟས་སུ་བེད་སྤྱོད་གཏོང་ཤེས་ཀྱི་མེད་ཀྱང་ནོར་ནག་གི་ལུས་ལ་བེད་སྤྱོད་མེད་པ་གཅིག་ཀྱང་མེད་པའི་རིན་པོ་ཆེ་རྩ་ཆེན་ཞིག་རེད་ཅེས་ཟེར་བཞིན་ཡོད།  ཨ་རིའི་ཆེད་ལས་ཞིབ་འཇུག་པས་རྒྱུས་ལོན་པ་ལྟར་ན། མི་ལ་འཁྲི་བའི་དུད་འགྲོ་གཅེས་གསོ་བྱས་ན་མིའི་ལུས་སེམས་ཀྱི་བདེ་ཐང་ལ་ཧ་ཅང་ཕན་ཐོགས་འབྱུང་བ་བཤད་པས། གཤིས་ཀ་བཟང་བའི་བོད་ཀྱི་སྒོ་ཕྱུགས་ནི་ཆེས་མི་ལུས་ལ་བདེ་ཐང་སྐྲུན་མཁན་དེ་ཡིན་པ་རེད།

“དེ་བཞིན་འཇར་པན་གྱི་ཚན་རིག་པས་ཞིབ་འཇུག་འབྲས་བུ་ལྟར་ན། བོད་སོགས་ས་གཙང་བའི་ཡུལ་གྱི་ནོར་གནག་གི་ལྕི་བའི་དུ་བས་ནད་དུག་ ༣༠༠ སུམ་བརྒྱ་ལྷག་གསོད་པའི་ནུས་པ་ལྡན་པར་ར་སྤྲོད་བྱུང་ཡོད།

རྒྱ་གར་གྱི་སྨན་པ་དང་འབུམ་རམས་པ་ཤཱར་མ་ཞེས་པས་ལྕི་བའི་ཕན་ནུས་དེ་ཤེས་རྗེས་ལྕི་བ་རྒྱ་གར་དུ་ཁྱེར་ཞིང་། ལྕི་བའི་དུ་བ་ཡིས་གློ་གཅོང་ནད་བཅོས་བྱས་པར་ཕན་འབྲས་ཐོན་ཞིང་ནད་པ་དྲག་ཡོད་པའི་གནས་ཚུལ་བྱུང་ཡོད།

ཚན་རིག་པས་ལྕི་བའི་དུ་བ་བདུག་རྒྱུ་མང་དྲགས་ན་དེ་ཡང་མི་བཟང་བ་དང་། ལྷག་པར་དུ་སྒྱེད་པུ་ལྟ་བུ་དུ་བ་ཡོངས་རྫོགས་ཕྱི་རུ་འཕྱུར་བའི་ཐབ་ཀའི་ཁར་ཡུན་རིང་བསྡད་ན་ནད་རྙིང་སོགས་སློང་བའི་ཉེན་ཁའང་ཡོད་པ་ཡང་བསྟན།”

དེས་ན་གླང་པོ་ཆེ་ཤི་ན་གསེར་སྲང་བརྒྱ། མ་ཤི་ན་གསེར་སྲང་བརྒྱ་ཟེར་བ་ལྟར་བོད་ཀྱི་སྒོ་ཕྱུགས་ནི་རིན་པོ་ཆེའི་རིན་ཐང་ལྡན་པ་ཞིག་ཡིན་པར་མང་པོས་ཤེས་ཀྱི་ཡོད།

དེང་སང་བོད་ཀྱི་ས་གནས་ཁ་ཤས་ནས་འབྲོག་པ་དག་གིས་དབྱར་རྩྭ་དགུན་འབུའི་རིན་དངུལ་ཅུང་ཟད་ཡོད་པ་དེ་འཚོ་རྟེན་ལ་རེ་ནས་ཟོག་ལུག་མེད་པ་བྱེད་བཞིན་ཡོད་པས་དེ་ཧ་ཅང་ཉེན་ཁ་ཅན་ཞིག་རེད། དེང་སང་དཔལ་ཡོན་སྔར་ལས་འཕེལ་རྒྱས་སུ་སོང་ཡོད་པས་འབྲོག་ལས་ཐོན་སྐྱེད་མེད་ཀྱང་ཟས་གོས་རྙེད་རྒྱུ་རེད་བསམ་ངེས་ཀྱང་དེ་འདྲ་ལར་ནས་མིན།

འཛམ་གླིང་སྤྱི་ཡོངས་ནས་འབྲུ་རིགས་གཙོ་བོ་གྱུར་པའི་མིའི་འཚོ་རྟེན་གྱི་ཐོན་ཁུངས་ལོ་རེ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། མི་འབོར་འཕེལ་རྒྱས་ཆེས་མགྱོགས་པའི་དབང་གིས་མི་རབས་རྗེས་མ་དག་ལ་ཟས་གོས་འདང་མིན་ལ་འཇིགས་དངང་སྐྱེ་གཞི་ཞིག་ཆགས་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྲི་ཞུ་ཁང་གིས་སྤྱི་ལོ་ ༢༠༡༣ ལོར་བཏོན་པའི་སྙན་ཐོ་དེའི་ནང་འཁོད་པ་ལྟར་ན། སྤྱི་ལོ་ ༢༠༢༥ བར་འཛམ་གླིང་གི་ད་ལྟའི་མི་འབོར་དུང་ཕྱུར་ ༧༠ ལྷག་ཙམ་ཡོད་པ་ནས་དུང་ཕྱུར་ ༨༡ བར་འཕར་རྒྱུ་ཡིན་པ་དང་། སྤྱི་ལོ་ ༢༠༥༠ སླེབས་སྐབས་དུང་ཕྱུར་ ༩༡ འཕར་རྒྱུ་ཡིན་པ་རེད། ཉེ་བའི་ལོ་འདི་དག་གི་ནང་དུ་ལོ་རེར་མི་འབོར་ས་ཡ་ ༩༤ ཡས་མས་འཕར་གྱི་ཡོད། དེས་ན་མ་འོངས་པར་བཟའ་བཏུང་གིས་མི་འདང་བའི་དཀའ་ངལ་གྱིས་མི་ཕལ་མོ་ཆེ་བཀྲེས་ལྟོགས་ཀྱིས་མནར་བའི་ཚོད་དཔག་བྱེད་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་ནང་དུའང་ཨ་ཧྥི་རི་ཀའི་མི་སེར་ཕལ་མོ་ཆེས་མཚོན་འཛམ་གླིང་འདིར་བཀྲེས་ལྟོགས་ཀྱིས་མནར་བཞིན་པའི་མི་འབོར་དུང་ཕྱུར་བཅོ་ལྔ་ཙམ་བརྒལ་ཡོད་པ་མ་ཟད། མི་འབོར་ཐེར་འབུམ་གཅིག་ལྷག་ལ་འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ་ནང་ལྷུང་ཡོད།

དེ་ལྟ་བུ་མུ་གེའི་དུས་ཚོད་ཚེས་སྐབས་བོད་ཀྱི་འབྲོག་ལས་དོར་མཁན་དག་ལ་ཁེ་ལས་ནི་མེད། གཞུང་གི་ལས་ཀ་ནི་མེད། ཚོང་ཁང་ནི་མེད། མགྲོན་ཁང་ནི་མེད། ཟ་ཁང་ནི་མེད། ཐོན་ཁུངས་དང་ཐོན་རྫས་ཀྱི་འཚོ་རྟེན་གང་ཡང་མེད་པས་ལག་མགོ་ཁ་ནང་ལ་བཅུག་དགོས་པ་ཞིག་ཆགས་མི་སྲིད་པ་མིན་པས་དུས་ད་ལྟ་ནས་ཕྱུགས་ལས་ངེས་པར་དུ་གཉེར་དགོས། ཨ་རིའི་སློབ་ཆེན་ཚད་ལྡན་ནས་སློབ་མཐར་ཕྱིན་པའི་སྔོན་ཐོན་གྱི་མི་རིགས་དེ་ཚོས་ཀྱང་དེང་སང་བོད་ཀྱི་སྒོ་ཟོག་འཚོ་སྐྱོང་གི་ཕྱུགས་ལས་གཉེར་བཞིན་ཡོད་ན། འུ་ཅག་གངས་ཅན་པས་ཡབ་མེས་གོང་མ་ནས་བརྒྱུད་ཡོང་བའི་ཕྱུགས་ལས་ཀྱི་འཚོ་རྟེན་དེ་གདེང་སྤོབས་དང་ལྡན་པའི་སྒོ་ནས་ཅིས་ཀྱང་གཅེས་འཛིན་བྱ་རིགས་སོ།།

དེ་སྐད་སྨྲས་པ་ནི་འཛམ་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ཞིབ་འཇུག་ཆེད་ལས་མི་སྣ་དང་ལྷན་དུ་བགྲོ་གླེང་ཟབ་སྦྱོང་དུ་བཅར་མྱོང་བ་དང་། འབྲོག་ཕྲུག་ཅིག་ཡིན་པའི་ཆ་ནས་འབྲོག་པའི་འཚོ་བ་ལ་རྒྱུས་མངའ་ཟབ་པས། བསམ་བློ་ནར་མ་སོན་པའི་ཡིག་རྨོངས་པའི་སྣེ་ཁྲིད་པ་འགའ་ཡི་གཡག་ཞར་གྱིས་རྩྭ་ཟ་བ་ལྟ་བུའི་སློབ་གསོ་དག་ནོར་བར་ཤེས་ཏེ་དེ་རྣམས་ནོར་འཁྲུལ་ཡོ་བསྲང་གི་ཆེད་དང་། རིགས་གཅིག་པའི་སྤུན་ཟླ་རྣམས་ཀྱི་འཕྲལ་ཕུགས་འཚོ་བའི་མདུན་ལམ་ལ་ཕན་དུ་རེ་བའི་ཀུན་སློང་བཅས་ ༢༠༢༠། ༦། ༡༤། ཉིན་དེད་དཔོན་གྱིས་མཇུག་གྲུབ་པར་བྱས་སོ།།