ཨ་མ་ཞེས་པའི་ཐ་སྙད་འདི་ཇི་ལྟར་བྱུང་བ་ཡིན་ནམ།

རྩོམ་འབྲི་བ།  སྤྱང་ཚ།
          བོད་སྐད་ཀྱི་ཨ་མ་ཞེས་པར་“མ་”ཡིག་གི་གདངས་ཡོད་པ་བཞིན་མི་རིགས་དུ་མའི་སྐད་ཡིག་ཐོག་ཨ་མའི་སྐད་དོད་ལ་“མ་”ཡི་སྐད་གདངས་ཡོད་དེ།   དཔེར་ན་ཡོ་རོབ་གླིང་ལྟ་བུ་ལ་མཚོན་ན་1 དབྱིན་ཇི་སྐད་དུ། motherཞེས་དང་། 2 ཧྥ་རན་སིའི་སྐད་དུ།Maman 3འཇར་མན་སྐད་དུ།Mutter  4ཨུ་རུ་སུའི་སྐད་དུ།мама 5ཨེ་སི་ཐོ་ཉི་ཡའི་སྐད་དུ།ema ma 6ཕོར་ཐུ་གལ་སྐད་དུ།mãe  7ཨི་ཐ་ལིའི་སྐད་དུ།mamma  8ཏེན་མག་སྐད་དུ། Mor  9ཨལ་པ་ཉི་ཡའི་སྐད་དུ།mami أ   10པུར་ག་རི་ཡའི་སྐད་དུ།мама   11ཕོ་ལན་སྐད་དུ། mamo  12ཧྥིན་ལན་སྐད་དུ།äiti minä   13 ཧོ་ལན་སྐད་དུ།Mam  14ཆེ་ཁིའི་སྐད་དུ།mami 15ཁ་རོ་ཤེ་ཡའི་སྐད་དུ།mami 16ལེད་ཝི་ཡའི་སྐད་དུ། Mom 17ལི་ཐུ་ཉི་ཡའི་སྐད་དུ།mama 18རོམ་ཉི་ཡའི་སྐད་དུ། mama 19མོལ་ཐའི་སྐད་དུ།omm20ནོར་ཝེའི་སྐད་དུ།mamma21སི་ཝེས་དན་སྐད་དུ། mamma 22སི་ལོ་ཝེ་ཉི་ཡའི་སྐད་དུ།mama 23སི་ལོ་ཝ་ཁི་ཡའི་སྐད་དུ།mami 24ཡུག་རན་སྐད་དུ།мамаཞེས་པ་ལྟ་བུ་དང་།   དེ་བཞིན་ཡ་གླིང་དུའང་25རྒྱ་གར་སྐད་དུ།माँ मैं 26རྒྱ་ནག་སྐད་དུ།妈妈 27ལྷོ་བྱང་གི་ཁོ་རེ་ཡའི་སྐད་དུ།엄마28ཝེད་ནམ་སྐད་དུ། Mom 29ཧིན་ཉིའི་སྐད་དུ། Mo  30ཧྥི་ལི་ཕིན་སྐད་དུ།Mom ཞེས་པ་ལྟ་བུའོ།  །①   འདི་དག་ཐམས་ཅད་ལ་མ་ཡིག་གདངས་ཡོད་པ་མ་ཟད། ད་དུང་སྐད་རིགས་མང་པོའི་ཐོག་གི་ཨ་མའི་སྐད་དོད་ལའང་“མ་”ཡིག་གི་གདངས་ཡོད་པར་མངོན།   འོ་ན་མི་རིགས་དུ་མའི་སྐད་ཡིག་ཐོག་ཨ་མའི་སྐད་དོད་ལ་“མ་”ཡིག་གི་གདངས་ཡོང་དོན་གང་ཡིན་ཞེ་ན།   བོད་ཀྱི་ཁ་དཔེར།  “ཨ་མ་དང་མ་ཎི་མཉམ་ཤེས་”ཞེས་ཤེས་སླ་བའི་ཚད་དུ་བཞག་ཡོད་པ་བཞིན་སྒྲ་ཡང་བའི་ཡི་གེ་སྟེ་ཡ་མཆུ་དང་མ་མཆུ་བསྡེབས་མི་དགོས་པའི་ཡི་གེ་ནི་བྱིས་པ་ཆུང་ངུས་སྒྲ་གསལ་བོར་སྨྲ་རུ་མི་བཏུབ་ཅིང་། སྒྲ་ལྕི་བ་སྟེ་ཡ་མཆུ་དང་མ་མཆུ་བསྡེབས་དགོས་པའི་ཡི་གེ་ནི་བྱིས་པ་ཆུང་ངུས་ཐོག་མར་སྨྲ་བའི་སྐབས་སུའང་གསལ་བོར་སྨྲ་རུ་བཏུབ།  དེ་བས་ནར་སོན་པའི་གོ་རིམ་ཁྲོད་སྒྲ་ལྕི་བའི་ངག་ནི་བརྗོད་དོན་སྟོན་ནུས་པའི་ངག་གི་ཐོག་མར་གྱུར་ཅིང་།   སྒྲ་ལྕི་བའི་ངག་ལའང་དུ་མ་ཞིག་ཡོད་པ་ལས་བརྗོད་སླ་ཤོས་ནི་“མ་”སྒྲ་ཡིན།    དེ་བས་བྱིས་པས་བརྗོད་དོན་སྟོན་ནུས་པའི་ངག་ཐོག་མར་སྨྲ་སྐབས་ཁ་ནང་ནས་རང་བཞིན་གྱིས་ཡོང་བ་ནི་“མ་”སྒྲ་ཡིན་ཞིང་ཨ་མ་ནི་བྱིས་པ་དང་འབྲེལ་བ་ཟབ་ཤོས་ཀྱི་མི་དེ་ཡིན་པས་བྱིས་པས་ཐོག་མར་སྨྲས་པའི་བརྗོད་དོན་སྟོན་ནུས་པའི་ངག་དེ་ཨ་མའི་མིང་དུ་ཆགས་པས་ན་མི་རིགས་མང་པོའི་ཨ་མའི་སྐད་དོད་ལ་“མ་”ཡིག་གི་གདངས་ཡོད་པ་རེད།
        འོ་ན་མི་རིགས་གཞན་གྱི་ཨ་མའི་སྐད་དོད་ལ་“ཨ་”ཡིག་གི་གདངས་མེད་མོད།  བོད་སྐད་ཐོག་ཨ་མའི་སྐད་དོད་ལ་“ཨ་”ཡིག་གི་གདངས་ཡོང་དོན་གང་ཡིན་ཞེ་ན།  ཨ་ཡིག་ནི་བོད་ཀྱི་ཡི་གེ་ཐམས་ཅད་ཀྱི་སྲོག་ཏུ་ཞུགས་པའི་ཕྱིར་བོད་ཡིག་ཐམས་ཅད་ལ་ཨ་ཡིག་གི་གདངས་རང་ཤུགས་ཀྱིས་འབྱུང་བ་ཡིན་ཞིང་།   ལྷག་པར་དུ་བྱིས་པའི་ངག་ནས་ཨ་སྒྲ་གསལ་བར་འབྱུང་བ་ཡིན་ཏེ།   ཨ་ཕ།  ཨ་མྱེ།    ཨ་ཕྱི།   ཨ་ཅེ།  ཨ་ཞང་ཞེས་པ་སོགས་བྱིས་པས་བཏགས་པའི་མིང་ཐམས་ཅད་ལ་ཨ་སྒྲ་གསལ་བར་འབྱུང་བ་ལྟ་བུའོ།  །དོན་འདི་དག་ལ་དགོངས་ནས་ཨ་ལག་ཤ་བསྟན་དར་གྱི་སུམ་རྟགས་འགྲེལ་བ་ལས། ཨ་ཡིག་ཀུན་གྱི་སྲོག་ཏུ་ཞུགས།    །ཅེས་དང་། ②  དེ་ཉིད་ཀྱི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས།    ཡི་གེའི་མ་ནི་ཨ་ཡིན་ཏེ།  བུ་ཡིག་རྣམས་ཀྱི་འབྱུང་གནས་ཡིན་པས་སོ།   །ཞེས་དང་།③ ཡི་གེའི་བཤད་པ་རིག་པའི་སྒོ་འབྱེད་ལས། ཡི་གེའི་མ་ནི་ཨ་ཡིན་ནོ།   །ཨ་ནི་རང་ཉིད་བརྗོད་རུང་བས།  །སེང་གེ་ལྟ་བུ་ཨ་ཞེས་བྱ།   །ཞེས་དང་།    མ་ལས་སྐྱེས་དུས་ཀྱང་ཐོག་མར་ཨ་ཞེས་པའི་སྒྲ་འབྱིན་པར་བྱེད་ཅིང་།   དོན་ནི་ཆོས་སྐུ་སྐྱེ་བ་མེད་པའི་དོན་ཡིན་པས་ན།  ཨ་ནི་ཡི་གེའི་མ་ཡིན་ནོ།  །ཞེས་དང་།   ཞྭ་ལུ་ལོ་ཆེན་གྱི་དག་ཡིག་ཟ་མ་ཏོག་ལས།   ཕྱོགས་སུ་ལྷུང་བ་ཉི་ཤུ་དགུ།   །སུམ་ཅུ་པ་ལ་ཕྱོགས་ལྷུང་མེད།   །ཅེས་གསུངས་སོ།   །
         སྟོང་ཉིད་ཀྱི་ལྟ་བ་དང་སྦྱར་ནས་ཨ་ཡིག་གི་བཤད་པ་ངོ་མཚར་བ་ཞིག་བྱེད་རྒྱུ་འདུག་མོད་སྐབས་འདིས་མ་སྤྲོས་སོ།   །
                                                                  2020/4/17ལ་སྤྱང་ཚས།
①  རྒྱལ་ཁབ་འདི་དག་གི་མིང་ནི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་ལྟར་བཀོད་ཡོད།
② བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་ཨ་ལག་ཤ་བསྟན་དར་གྱི་གསུང་འབུམ་ཤོག་ངོས་554
③    བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་ཨ་ལག་ཤ་བསྟན་དར་གྱི་གསུང་འབུམ་ཤོག་ངོས་576

        བརྡ་འགྲེལ་མཐོང་བ་འཛུམ་ཤོར།

ཤེས།—>ཡིག་འབྲུ་སོ་སོར་ཕྲལ་ན་“ཤེ་”ཞེས་པ་ནི་སྐད་ཆ་སོགས་འདྲི་བའི་དོན་ཏེ་“ཤེ་ན་”ཞེས་པ་དང་དོན་གཅིག  རྗེས་འཇུག་གི་ས་སྒྲ་ནི་གནས་སམ་ཡུལ་གྱི་དོན་སྟེ།  དྲི་བ་དྲི་ཡུལ་ལ་གོ།  དེས་ན་ཅུང་ཟད་ཤེས་མཁན་ལའང་ཅུང་ཟད་དྲི་བར་བྱའོ།  །ཅུང་ཟད་ཤེས་མཁན་གྱིས་ཀྱང་ཅུང་ཟད་བཤད་པར་བྱའོ།  །
བུམ་པ།—>ལྟོ་ལྡིར་བའི་དོན་སྟེ། དེ་ཡང་བུ་ནི་བུ་ཆུང་ངོ་།  །རྗེས་འཇུག་གི་མ་ནི་ཨ་མ་སྟེ་ཨ་མའི་མངལ་དུ་བུ་ཆུང་སྦྲུམ་པ་ན་ལྟོ་ལྡིར་བའོ།  །སྦྲུམ་པ་ཞེས་པའི་སྟེང་གི་ས་མགོ་དོར། འོག་གི་ར་བཏགས་དོར་བས་བུམ་པ་ཞེས་གྲུབ་བོ།  །
ཁྱིམ། —>ཁི་ཡ་མ་སྟེ་ཁེར་རྐྱང་མ་ཡིན་པའི་དོན་ནོ།  །ངའི་ཕ་ཡུལ་གྱི་ཁ་སྐད་ལྟར་ན་ཁེར་རྐྱང་ལ་“ཁི་རུ་མ་”ཞེས་ཟེར་ཞིང་། མདོ་སྨད་ཕྱོགས་ཀྱི་འབྲོག་སྐད་འགའ་ལ་གཞིག་སྟེ་ཡི་གེར་ཕབ་ན་“ཁྲིམ་”ཞེས་འབྲི་དགོས་པར་སྣང་། དེ་ནི་མགོ་ལོག་པ་དག་གིས་གྲི་ལ་གྱི་དང་།  གྲོ་མ་ལ་གྱོ་མ་ཟེར་བ་སོགས་དང་ཨ་ན་མ་ན་རེད། དེས་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་པའང་ཁེར་རྐྱང་དུ་འཚོ་བའི་དོན་ནོ།  །
བསྟན།—>སི་ཏ་ན་སྟེ་ཕྱིར་བསྟན་པའམ་ཕྱི་རུ་མངོན་པའི་དོན་ནོ།  །དེ་ཡང་ས་དང་ཕྱ་ཡི་གདངས་ཧ་ཅང་ཉེ་བས་ན་ས་མགོ་བྲིས་པའོ།  །ཕྱ་ཡི་ཀློག་སྟངས་ཀྱང་དབུས་དང་ཨ་མདོ་ལྟར་མ་ཡིན་པར་ཁམས་ལྟར་ཡིན་པ་འདི་ཡིས་ཤེས་ནུས་སོ།  །
བྱེད།—>བེ་ད་ཡ་སྟེ་བྲེལ་བའི་དོན་ནོ།  །ངའི་ཕ་ཡུལ་གྱི་ཁ་སྐད་དུའང་“བྲེལ་བ་”ལ་“བེད་ཡ་”ཟེར། དེས་ན་བྱ་བ་བྱེད་ཅེས་པའང་རྣམ་གཡེང་མེད་པའི་སྒོ་ནས་ལས་དོན་ཞིག་སྒྲུབ་པའི་དོན་ནོ།  །
རྒྱལ་ཁབ།——>རྒྱ་ནི་དགྲ་ཡི་དོན་ལ་འཇུག་པར་དགེ་ཆོས་བཞེད་ལ། རྗེས་འཇུག་གི་ལ་ནི་གཡུལ་གྱི་དོན་དང་ཁབ་ནི་ཚོ་ཁག་གི་དོན་སྟེ།  དགྲ་དང་གཡུལ་འགྱེད་པའི་ཚོ་ཁག་ལ་གོ།  རྒྱལ་ཁབ་ཀྱི་ཆེས་ཐོག་མའི་རྣམ་པའང་གཞན་དང་གཡུལ་འགྱེད་པའི་ཚོ་ཁག་ཙམ་དུ་སྣང་བས་ན་མིང་དེ་སྐད་དུ་བཏགས་སོ།  །
མེ་ཏོག—>ཁ་དོག་སྣ་ཚོགས་ཀྱི་འོད་འཚེར་བས་ན་མེ་དང་། མེ་རྐང་ངམ་མེ་ཏོག་གི་སྡོང་པོའི་སྟེང་དུ་ཞྭ་ལྟར་འགྱིང་བས་ན་ཏོག་ཅེས་བྱའོ།  །
                              སྤྱང་ཚས་2020/2/11ལ་བྲིས་སོ།

    ཕྱག་དབང་གི་འབྱུང་ཁུངས་དང་ཕན་ཡོན།

      ཨ་མས་རང་གི་བུ་ཕྲུག་ཆུང་ཆུང་དག་ལ་མཆུ་ཡིས་འོ་བྱ་བ།   ལག་པས་བྱིལ་བྱིལ་བྱེད་པ།  བུ་ཕྲུག་གི་འགུལ་བསྐྱོད་ལ་བལྟས་ཏེ་འཛུམ་མདངས་སྟོན་པ།  བྱིས་པ་དང་ལྷན་དུ་བཞད་མོ་དང་བཅས་ཏེ་ཀུ་ཅོ་འདོན་པ་སོགས་རྣམ་འགྱུར་སྣ་ཚོགས་སྟོན་པར་བྱེད་ལ།  རྣམ་འགྱུར་དེ་དག་ཀྱང་ནང་གི་བརྩེ་སེམས་དྭངས་མ་ཕྱི་རོལ་གྱི་ལུས་ངག་ཏུ་འཕོས་པ་ཡིན་ཞིང་།  དོན་འདི་ལ་སྲོལ་རྒྱུན་སྙན་ངག་གི་གཞུང་ལུགས་ལྟར་ན་“ཉམས་འགྱུར་”ཞེས་ཟེར།    དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཀྱང་སེམས་ཅན་ཐམས་ཅད་ལ་བརྩེ་བ་མཐར་ཕྱིན་པའི་སྐྱེས་བུ་ཞིག་ཡིན་པས་ཁོང་གིས་སྐྱེ་བོ་ཉམ་ཐག་དང་བྱིས་པ་ཉམ་ཆུང་སོགས་མཐོང་སྐབས།   དེ་དག་གི་མགོ་བོར་བརྩེ་བའི་ཕྱག་གིས་བྱིལ་བྱིལ་བྱེད་བཞིན་ཡོད་དེ།      སངས་རྒྱས་བཅོམ་ལྡན་འདས་ལྗོངས་རྒྱུར་ཕེབས་ནས་ཕྱིར་རྒྱལ་པོའི་ཁབ་ཏུ་ལོག་པའི་ལམ་བར་ནས་ཁྱེའུ་བཀྲིས་དང་རུ་པཱག་གཉིས་ཀྱི་མགོ་བོར་ཕྱག་གིས་བྱིལ་བྱིལ་གནང་བ།①བཅོམ་ལྡན་འདས་ལྟེང་རྒྱས་དང་གྱེས་སྐབས་ཁྱེའུ་བཀྲིས་ཀྱི་ཁྱིམ་དུ་ཕེབས་ནས་ཁྱེའུ་བཀྲིས་ཀྱི་མིང་སྲིང་དག་གི་མགོ་བོར་ཕྱག་གིས་བྱིལ་བྱིལ་གནང་བ།②  གྲགས་འཛིན་མ་རྨི་ལམ་འཁྲུགས་ཏེ་གཉིད་ལས་སད་པ་ན་རྒྱལ་བུ་དོན་འགྲུབ་ཀྱིས་གྲགས་འཛིན་མའི་མགོ་བོར་ཕྱག་གིས་བྱིལ་བྱིལ་གནང་བ།③བཅོམ་ལྡན་འདས་སངས་རྒྱས་པའི་ཉིན་དེར་ཁྱེའུ་བཀྲ་ཤིས་ཀྱིས་བཅོམ་ལྡན་འདས་མཇལ་སྐབས་བཅོམ་ལྡན་འདས་ཀྱིས་ཁྱེའུ་བཀྲིས་ཀྱི་མགོ་ལ་ཕྱག་གིས་བྱིལ་བྱིལ་གནང་བ།④ བཅོན་ལྡན་འདས་སངས་རྒྱས་པའི་རྗེས་སུ་ཕ་ཡུལ་དུ་ཕེབས་ཏེ་ནང་མི་ལྷན་འཛོམས་བྱུང་སྐབས་སྲས་དགྲ་གཅན་འཛིན་གྱི་མགོ་བོར་ཕྱག་གིས་བྱིལ་བྱིལ་གནང་བ། ⑤  ཡུལ་རཀྐི་ཏའི་ནགས་ཁྲོད་ནས་བཅོམ་ལྡན་འདས་ཀྱིས་གླང་ཕྲུག་དག་གི་མགོ་བོར་ཕྱག་གིས་བྱིལ་བྱིལ་གནང་བ།⑥ དབུལ་ཕུང་གི་བྱིས་པ་འགས་ས་ལ་འབྲས་ཉིད་དུ་འདུ་ཤེས་པའི་སྒོ་ནས་བཅོམ་ལྡན་འདས་ལ་ཕུལ་བས་བཅོམ་ལྡན་འདས་ཀྱིས་ཁོང་ཅག་གི་མགོ་ལ་ཕྱག་གིས་བྱིལ་བྱིལ་གནང་བ་ལྟ་བུའོ།⑦།བོད་ཀྱི་ཕྱག་དབང་གི་ལུགས་སྲོལ་ཡང་སྟོན་པ་སངས་རྒྱས་དང་། དེའི་རྗེས་འཇུག་བརྩེ་བས་ཕྱུག་པའི་སྐྱེས་བུ་ཆེན་པོ་དག་གི་མཛད་ཚུལ་ལ་བླ་མིང་ཐོག་ཚད་ཀྱིས་ལད་མོ་བྱས་ཏེ་བྱུང་བར་མངོན།  མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཀྱང་ཕྱི་ལོ་ཉིས་སྟོང་བཅུ་བདུན་ལོར་བླ་མ་རུང་ནས་བྱང་སེམས་སྒོམ་ཁྲིད་གནང་སྐབས།  བོད་ཀྱི་བླ་མ་རྣམས་ཀྱིས་ཕྱག་དབང་གནང་བ་ནི་སངས་རྒྱས་ཤཀྱཱ་ཐུབ་པའི་ལད་མོ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་སོང་།
        འོ་ན་གཞན་གྱི་མགོ་བོར་ལག་པས་བྱིལ་བྱིལ་བྱས་པས་ཅི་ཞིག་ཕན་ཞེ་ན།   ཕྱི་གླིང་བའི་དཔེ་ཆ་ཞིག་གི་ནང་དུ་འདི་ལྟར་བཤད་དེ།   སྲོག་ཆགས་ར་བ་ཞིག་གི་སེང་ཕྲུག་གི་མིད་པར་ཉ་ཁྲབ་ཟུག  སྲོག་ཆགས་ར་བའི་སྨན་པས་ཐབས་སྣ་ཚོགས་སྤྱད་ཀྱང་དྲག་སྐྱེད་མ་བྱུང་།   ཆེད་མཁས་པ་དུ་མ་གདན་དྲངས་ཤིང་སྨན་བཅོས་བྱས་རུང་མ་ཕན།    དེ་ནས་སྨན་པ་འུ་ཐུག་ནས་གནས་ཚུལ་དེ་ཉིད་དྲྭ་ལམ་དུ་སྤེལ་སྟེ་བཅོས་ཐབས་ཅི་འདྲ་དགོས་པར་དྲི་བ་ཞིག་བཀོད།   ལོ་ན་བཅུ་གཉིས་ལོན་པའི་བུ་མོ་ཞིག་གིས།  རྒྱུན་དུ་སེང་ཕྲུག་གི་མགོ་ལ་ལག་པས་བྱིལ་བྱིལ་གྱིས་དང་དྲག་སྐྱེད་འགྲོ་ངེས་རེད་ཅེས་དྲྭ་མཆན་ཞིག་བཏབ།  སྨན་པས་དྲྭ་མཆན་དེ་མཐོང་བས་ཚོད་ལྟ་ཞིག་བྱ་རྒྱུའི་ཐག་བཅད་དེ།   རྒྱུན་དུ་སེང་ཕྲུག་གི་མགོ་ལ་ལག་པས་བྱིལ་བྱིལ་བྱས་པས་སེང་ཕྲུག་ནི་དངོས་གནས་དྲག་སྐྱེད་བྱུང་སོང་།   རྗེས་སུ་བུ་མོ་ཆུང་ཆུང་དེར་ཁྱོད་ཀྱིས་ཅིའི་ཕྱིར་ཐབས་དེ་འདྲ་ཤེས་པ་ཡིན་ཞེས་དྲིས་སྐབས།  བུ་མོ་ཆུང་ཆུང་ན་རེ།   སྔོན་ཆད་ངེད་ཚང་གི་ཁྱི་ལའང་དེ་འདྲའི་ནད་བྱུང་།  སྐབས་དེར་ངས་རྒྱུན་དུ་ཁྱི་ཡི་མགོ་བོར་ལག་པས་བྱིལ་བྱིལ་བྱས་པས་དྲག་སྐྱེད་བྱུང་སོང་ཞེས་བཤད་པ་རེད།   དེ་བཞིན་ཚན་རིག་པ་དག་གིས་འཐམ་འཁྱུད་བྱས་པས་བདེ་ཐང་ལ་ཕན་པ་དང་།  འོ་བྱས་པས་བདེ་ཐང་ལ་ཕན་པར་བཤད་པ་སོགས་ཀྱང་བརྩེ་སེམས་དང་འབྲེལ་བ་ཆེན་པོ་ཡོད་པར་མངོན་ཏེ།   ཕྱི་གླིང་གི་དྭ་ཕྲུག་གླིང་ཞིག་ལ་ནད་ཁྱད་མཚར་ཞིག་ཕོག་སྐབས་བྱམས་བརྩེའི་ཕྱག་གིས་བྱིལ་བྱིལ་བྱས་པས་དྭ་ཕྲུག་རྣམས་ནད་ལས་ཐར་ཚུལ་《སྤྲོ་སྣང་སློབ་གསོའི་མན་ངག》ཏུ་བཀོད་པ་⑧ལྟ་བུའོ།  །ལྷག་ཏུ་མགོ་བོར་བྱིལ་བྱིལ་བྱེད་པ་འདི་ལ་བརྩེ་སེམས་ཀྱི་མཚོན་དོན་ཁྱད་པར་བ་ཞིག་ཡོད་པར་སྣང་།  དེས་ན་ཕྱག་དབང་གི་ཐོག་མའི་བྱུང་སྟངས་དང་ཕན་ཡོན་སོགས་ཐམས་ཅད་ནས་ཐམས་ཅད་བརྩེ་བ་དང་འབྲེལ་བ་ཡོད་པས།   བྱམས་བརྩེ་སོགས་ནང་གི་ཉམས་རྟོགས་ཀྱི་དབང་གིས་མ་ཡིན་པར་ལུགས་སྲོལ་ཙམ་གྱི་རྗེས་སུ་འབྲངས་ཏེ་མགོ་བོར་ལག་པ་བཞག་པ་ལས་ཀྱང་བརྩེ་མདངས་ཅན་གྱི་དགའ་རོགས་གིས་འོ་ཐེངས་གཅིག་བྱས་པ་བྱིན་རླབས་མི་ཆེ་བའི་ངེས་པ་མེད་དོ།  །
                                                              སྤྱང་ཚས་2020/2/17ལ་བྲིས།
①སྤྲིན་དཀར་ལམ་རྙིང་དེབ་དང་པོའི་ཤོག་ངོས་5པར་གསལ།
②སྤྲིན་དཀར་ལམ་རྙིང་དེབ་དང་པོའི་ཤོག་ངོས་254པར་གསལ་།
③སྤྲིན་དཀར་ལམ་རྙིང་དེབ་དང་པོའི་ཤོག་ངོས་141པརགསལ།
④ སྤྲིན་དཀར་ལམ་རྙིང་དེབ་དང་པོའི་ཤོག་ངོས་221པར་གསལ།
⑤སྤྲིན་དཀར་ལམ་རྙིང་དེབ་གཉིས་པའི་ཤོག་ངོས་64པར་གསལ།
⑥སྤྲིན་དཀར་ལམ་རྙིང་དེབ་གཉིས་པའི་ཤོག་ངོས་219པར་གསལ།
⑦སྤྲིན་དཀར་ལམ་རྙིང་དེབ་གསུམ་པའི་ཤོག་ངོས་28པར་གསལ།
⑧སྤྲོ་སྣང་སློབ་གསོའི་མན་ངག་སྟོད་ཆའི་ཤོག་ངོས་9པར་གསལ།

  ཕྲེང་བ་ལག་པ་གཡོན་པས་འཛིན་དོན་ག་རེ་ཡིན་ནམ།

         ཁ་དཔེར། བོད་ཕྲེང་བ་ཅན་དང་གོང་བ་ཅན་ཟེར་བ་བཞིན་བོད་མི་རྣམས་ལ་རྒྱུན་དུ་ཕྲེང་བ་འཛིན་པའི་སྲོལ་ཞིག་ཡོད་ལ།  ཕྲེང་བ་འཛིན་སྐབས་ལག་པ་གཡོན་པས་འཛིན་པ་མ་གཏོགས་གཡས་པས་འཛིན་པའི་སྲོལ་མེད།  འོ་ན་ཕྲེང་བ་ལག་པ་གཡོན་པ་ཁོ་ནས་འཛིན་དོན་གང་ཡིན་ཞེ་ན།    འདི་ལ་རྒྱུ་མཚན་གཉིས་ཡོད།
      རྒྱུ་མཚན་དང་པོ་ནི། ལག་པ་གཡས་གཡོན་གྱི་བྱེད་ནུས་འདོན་སྟངས་ནི་སྙིང་རྩ་གཡས་གཡོན་གྱི་བྱེད་ནུས་འདོན་སྟངས་དང་མཐུན་པས་ཡིན་སྟེ།  དེ་ཡང་“སྙིང་ནི་རྩ་ཕྲན་དུ་མ་འདུས་པའི་རྩའི་ཆུན་བུ་ལྟ་བུ་ཞིག་ཡིན་ལ།   ཟུངས་ཁྲག་ལུས་ལ་འགྲེམས་བྱེད་Arteryཞེས་པའི་རྩའི་སྡོང་པོ་དམར་པོ་ཡལ་ག་དང་བཅས་པ་སྙིང་གི་གཡས་ངོས་སུ་ཡོད་པ་དང་།      ངན་ཁྲག་རྣམས་ཕྱིར་འབྱིན་བྱེད་Veinཞེས་པའི་རྩའི་སྡོང་པོ་སྔོན་པོ་ཡལ་ག་དང་བཅས་པ་སྙིང་གི་གཡོན་ངོས་སུ་ཡོད།” ①  དེས་ན་ལག་པ་གཡོན་པས་ཕྲེང་བ་བཟུང་སྟེ་སྡིག་སྒྲིབ་གཙང་སེལ་བྱ་བ་ནི་སྙིང་རྩ་གཡོན་པས་ཁྲག་གི་སྙིགས་རོ་ཕྱིར་འབྱིན་པ་དང་མཐུན་པ་ཡིན་ལ།  ལག་པ་གཡས་པས་ཟ་མ་ཁ་རུ་ལེན་པ་སོགས་ནི་སྙིང་རྩ་གཡས་པས་ཟུངས་ཁྲག་ལུས་ལ་འགྲེམས་པ་དང་བྱེད་ལས་འདོན་སྟངས་མཐུན་པ་ཡིན།
         རྒྱུ་མཚན་གཉིས་པ་ནི།  ལག་པ་གཡོན་པས་ཕྲེང་བ་འཛིན་པ་ནི་དགེ་བ་སྒྲུབ་ཆེད་ཡིན་ལ།  དེ་ནི་དགེ་བའི་རྣམ་རྟོག་ལུས་ཀྱི་གཡོན་ཕྱོགས་ལ་བརྟེན་ནས་སྐྱེ་བར་བཤད་པ་དང་མཐུན།  དེ་ཡང་གསང་སྔགས་ཀྱི་གཞུང་དག་ལས།  མི་དགེ་བའི་རྣམ་རྟོག་ནི་ལུས་ཀྱི་གཡས་ཕྱོགས་ལ་བརྟེན་ནས་སྐྱེ་ཞིང་དགེ་བའི་རྣམ་རྟོག་ནི་ལུས་ཀྱི་གཡོན་ཕྱོགས་ལ་བརྟེན་ནས་སྐྱེ།  དེ་བས་མཚན་མོ་ཉལ་སྐབས་ལུས་གཡས་པ་ས་རུ་བཙུགས་ནས་ཉལ་ན་མཚན་མོར་མི་དགེ་བའི་རྣམ་རྟོག་འགོག་ནུས་པར་བཤད།   དོན་འདི་ནི་ཚན་རིག་དང་ཡང་མཐུན་སྟེ།  དེང་གི་ཀླད་ཁམས་ཚན་རིག་པ་དག་གིས།“ཀླད་པ་གཡོན་པས་ལུས་ཕྱེད་གཡས་པའི་འགུལ་བསྐྱོད་ལ་སྟངས་འཛིན་བྱེད་ཅིང་ཀླད་པ་གཡས་པས་ལུས་ཕྱེད་གཡོན་པའི་འགུལ་བསྐྱོད་ལ་སྟངས་འཛིན་བྱེད། ཀླད་པ་གཡས་པ་ནི་ཀླད་པ་གཡོན་པ་ལས་ནུས་ཤུགས་ལྡབ་ཁྲི་ཕྲག་གིས་ཆེ་མོད།  དེང་རབས་ཀྱི་འཆར་ཅན་སློབ་གསོ་ནི་ཀླད་པ་གཡོན་པའི་བྱེད་ལས་ཀྱི་ཕྱོགས་སུ་ལྷུང་ཡོད་པས་ཀླད་པ་གཡས་པའི་མི་མངོན་པའི་ནུས་ཤུགས་ནི་ད་དུང་བསྔོགས་འདོན་ཐུབ་མེད་པར་བཤད།”②  དེས་ན་ནང་པའི་གཞུང་ལས།    མི་དགེ་བའི་རྣམ་རྟོག་ནི་ལུས་ཀྱི་གཡས་ཕྱོགས་ལ་བརྟེན་ནས་སྐྱེ་ཞིང་དགེ་བའི་རྣམ་རྟོག་ནི་ལུས་ཀྱི་གཡོན་ཕྱོགས་ལ་བརྟེན་ནས་སྐྱེ་ལ།  མི་དགེ་བའི་ནུས་པ་ནི་མཐའ་ཅན་དང་དགེ་བའི་ནུས་པ་ནི་མཐའ་མེད་དུ་བཤད་པ་དང་།   ཚན་རིག་པ་དག་གིས།  ཀླད་པ་གཡོན་པས་ལུས་ཕྱེད་གཡས་པའི་འགུལ་བསྐྱོད་དང་ཀླད་པ་གཡས་པས་ལུས་ཕྱེད་གཡོན་པའི་འགུལ་བསྐྱོད་ལ་སྟངས་འཛིན་བྱེད་ཅིང་། ཀླད་པ་གཡས་པ་ནི་ཀླད་པ་གཡོན་པ་ལས་ནུས་ཤུགས་ལྡབ་ཁྲི་ཕྲག་གིས་ཆེ་བར་བཤད་པ་གཉིས་ཁྲིགས་ཀྱིས་འགྲིག
     འོ་ན་དེང་རབས་སློབ་གསོ་ཀླད་པ་གཡོན་པའི་བྱེད་ལས་ཀྱི་ཕྱོགས་སུ་ལྷུང་ཚུལ་ཇི་ལྟར་ཡིན་ཞེ་ན།  མི་སྒེར་གྱི་ཁེ་ཕན་སྲོག་སྙིང་དུ་བལྟ་བའི་དེང་རབས་སློབ་གསོས་ནི་རང་གི་ཐོན་རྫས་སོགས་གཞན་གྱི་ཆགས་སེམས་དང་འཕྲོད་ཐབས་ཁོ་ན་ལ་འབད་དེ།  ཚོང་ལས་ཀྱི་འགྲིམ་བརྡ།  བརྙན་ཆས་གསར་གཏོད་སོགས་ཐམས་ཅད་ནས་ཐམས་ཅད་གཞན་གྱི་ཆགས་སེམས་དང་ཇི་ལྟར་མཐུན་ན་རང་གི་ཁེ་ཕན་ཀྱང་དེ་ལྟར་ཆེ།   གཞན་གྱི་ཆགས་སེམས་དང་ཇི་ལྟར་མ་མཐུན་ན་རང་གི་ཁེ་ཕན་ཀྱང་དེ་ལྟར་ཆུང་།  དེ་བས་བརྙན་ཆས་གསར་གཏོད་སོགས་ཀྱི་སྐབས་སུ་གཞན་གྱི་ཆགས་སེམས་དང་མཐུན་མིན་ལ་བལྟ་བ་ལས་སྐྱེ་འགྲོ་ལེགས་ལམ་དུ་དཀྲི་ཐབས་ཡིན་མིན་ལ་མི་ལྟ་ཞིང་།  ཀུ་ཤུའི་ཐོན་རིམ་གསར་རྙིང་གི་རིམ་པ་སོགས་ཀྱང་མི་རྣམས་ཀྱི་བརྣབ་སེམས་གོང་མཐོར་གཏོང་ཐབས་ཤ་སྟག་ཡིན་ནོ།   །
                                                                          2020/3/4ལ་སྤྱང་ཚས་བྲིས།
①རྣམ་རྒྱལ་དབང་ཆེན་གྱི་ཚན་རིག་དེབ་ཀྱི་ཤོག་ངོས་79པར་གསལ།
②རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་པོད་ཁ་པའི་ཤོག་ངོས་335-336ལ་གསལ།