སྒྲུབ་བརྒྱུད་དྲི་མ་མེད་པའི་བླ་མ་དམ་པ་ས་སྟེང་ན་འགྲན་ཟླ་དང་བྲལ་བ་མཁན་ཆེན་ཁྲོ་ཕུ་བ་ཆེན་པོ་བསོད་ནམས་སེང་གེའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ།   

 

རྩོམ་འབྲི་བ། གནམ་སྲས་དར་རྒྱལ།

 

གུས་པས་ཐོག་མར་གསལ་བཤད་དང་རེ་འདུན་འདི་ལྟར་ཞིག་ཞུ་འདོད་བྱུང་སྟེ།  དེ་ཡང་སྙིང་གཏམ་སུམ་ཅུ་པ་རྩོམ་པོ་གང་ཡིན་གྱི་དོགས་གནས་ནི་བདག་ལ་སྔ་མོ་ནས་བྱུང་སྟེ།   སྤྱན་སྔ་པ་བློ་གྲོས་རྒྱལ་མཚན(༡༤༠༢-༡༤༧༢)གྱིས་ལུང་ཁུངས་སུ་བསོད་ནམས་སེང་གེ་ཞེས་སྨོས་ཏེ  །སྙིང་གཏམ་སུམ་ཅུ་པའི་ལུང་དྲངས་འདུག་པ་སྔ་མོ་ནས་མཇལ་ཞིང་། ཡང་སྙིང་སུ་ཞིག་གིས་མཛད་པའི་དོགས་པ་ཡང་སྐབས་དེ་ནས་བྱུང་བས།  སྔར་མ་ཚོར་བའི་གཏམ་གསར་ཐོས་པའི་ཚོར་རླབས་ཀྱིས་དེད་པའི་ཀུན་རྟོག་གི་རི་མོ་ཞིག་ཀྱང་མ་ཡིན་ལ།  གང་ཡིན་གྱི་དོགས་གནས་སུ་གྱུར་པའི་སྐྱེས་ཆེན་གཉིས་ཀ་ལ་དད་ཅིང་། བཀའ་གདམས་པའི་ལམ་རིམ་ནས་བརྒྱུད་པའི་ལྟ་སྤྱོད་ཟུང་དུ་འབྲེལ་བའི་སྙིང་གཏམ་གྱི་མཛད་པ་ནི་རྙིང་མའི་གང་ཟག་དང་བསྟན་བཅོས་ཀུན་ལ་ཞུགས་དང་ཞུགས་བཞིན་པའི་ཕྲིན་ལས་སུ་ལགས་ན།  དགྲ་ལག་གི་བྲོ་དང་གཉེན་མཛོད་ཀྱི་ནོར་བཞིན་དུ་ཐོབ་ཤོར་གྱི་རེ་དོགས་ཀྱིས་ཅི་ཞིག་བྱ། འོན་ཀྱང་ཡིན་མིན་ཤན་འབྱེད་ཀྱི་གླེང་སློང་བྱུང་ཞིང་།  གནའ་དཔེ་གཤིབ་བསྡུར་རིག་པའི་ལམ་ནས་དོགས་སློང་བྱུང་དུས་ནམ་རྒྱུན་རིག་གཞུང་གི་དཔྱད་གླེང་ནང་དུ་བྱུང་ནའང་བསྡུས་གྲྭའི་རིག་པ་ཞེས་སྣ་གཉེར་བྱེད་པའི་ཐ་སྙད་དེ།  མ་ཁྱབ་པའི་ལན་གྱིས་རང་སྲུང་རྔ་བྱའི་བརྟུལ་ཞུགས་ལྷུར་ལེན་པ་དང་།  ཀུན་མཁྱེན་ཆེན་པོའི་ཡིན་པ་ལ་ལུང་གི་སྒྲུབ་བྱེད་ཀྱང་འཇིགས་མེད་གླིང་པས་ཡིན་པར་བཞེད་པའི་ལུང་ནི་ཁུངས་བཙན་ཞིང་། ཀུན་མཁྱེན་ཆེན་པོའི་ཡེ་ཤེས་སྒྱུ་མའི་སྐུ་ཡིས་རྗེས་སུ་བཟུང་བ་དེ་ཚང་གིས་འཐད་ཕྱོགས་སུ་བཞེད་པ་ཡིན་ན་རྙིང་མའི་ཤོག་ལ་དེ་བས་ལྷག་པའི་སྒྲུབ་བྱེད་ཅིག་དགོས་རྒྱུ་མ་རེད་ཅེས་རང་ལྟ་མཆོག་འཛིན་གྱིས་ཨུ་ཚུགས་མཐར་སྐྱེལ་བྱེད་པ།

སེམས་དཔའ་ཆེན་པོ་གཤེགས་ཤིང་ཀློང་ཆེན་པའི་འཁྲུངས་ལོའི་བར་དུ་ལོ་བཅུ་ཙམ་གྱིས་ཆོད་ཡོད་པའི་སྐབས་དེའི་ནང་དུ།  སེམས་དཔའ་ཆེན་པོའི་ཡིན་པར་བཞེད་པའི་སྒྲུབ་བྱེད་རྙེད་མིན་གྱིས་ཤན་འབྱེད་པ་ལས་གཞན་དུ་མིན་ཞེས།  རང་གིས་ཀློང་ཆེན་པ་གཤེགས་ནས་མི་ལོ་སུམ་བརྒྱ་ཙམ་གྱི་ནང་དུའང་ཀློང་ཆེན་པའི་ཡིན་པར་བཞེད་པའི་སྒྲུབ་བྱེད་གཅིག་ཀྱང་འདྲེན་རྒྱུ་མ་རྙེད་བཞིན་དུ་གཞན་ལ་དུས་ཐུང་ནང་དུ་ང་རྒྱལ་གྱིས་བཙན་ཁྲལ་འཇོག་པའི་ཁྲམ་ལས།

ཡང་རྙིང་ཕྱོགས་ཀྱི་མཁས་པ་ཁ་ཅིག་གིས།  འདི་ངེས་པར་དུ་ཀུན་མཁྱེན་ཆེན་པོའི་ཡིན་དགོས་ཏེ།  དགོས་པའི་ཀྱི་རྒྱུ་མཚན་ཡང་། སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །ཞེས་དང་། གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང༌། །ཞེས་གསུངས་པའི་ཕྱིར་ཞེས་པའི་སྒྲུབ་བྱེད་འདྲེན་པ་དང་། དེ་བཞིན་དུ་བྱར་མེད་དང་།  ཡེངས་མེད་ཅེས་པའི་ཐ་སྙད་ཀྱིས་ཀྱང་ཀུན་མཁྱེན་གྱི་ཡིན་པ་བསྙོན་མེད་དུ་བསྒྲུབ་ནུས་སོ་ཞེས།  ཕྱོགས་སྔའི་འདོད་པ་ལ་རྒྱུས་མེད་པ་དང་ཀློང་ཆེན་པའི་རྣམ་ཐར་ཐང་གའི་ལམ་ནས་མ་གཏོགས་མཇལ་མ་མྱོང་བ་དག་གིས་གད་མོ་འཆོར་བའི་གླེང་སློང་མང་དུ་བྱུང་བ་འདི་དག་ལ།  རེ་ཞིག་རྣམ་ཐར་དང་རིག་གཞུང་ལ་ལྟ་ཀློག་སྐུལ་མའི་ཆེད་དུ་གཏམ་དུ་བརྗོད་པར་བྱ་བ་ནི།  སྙིང་གཏམ་སུམ་ཅུ་པ་ལས་ཅི་ཞིག་གསུང་པ་དང་ཇི་ལྟར་གསུང་པའི་དྲི་བ་གཉིས་ཁུར་ནས་ཞལ་གདམས་རང་དང་མཇལ་བའི་དཔེ་ཀློག་གི་ཟིན་བྲིས་ཙམ་ཞིག་ཡིན།

ད་དུང་གསལ་བཤད་ཞུ་རྒྱུ་གཅིག་ལ།  ཕྱོགས་སྔ་འདི་དང་དེ་ཞེས་མཚན་ནས་བཟུང་སྟེ་འདོད་པ་ཇི་བཞིན་དཔེ་གཅོད་ཡིག་འབེབས་སོགས་ཀྱིས་ངལ་བ་མ་བྱས་པ་ནི།  གཅིག་ནས་ཡིག་ཚོགས་མང་བར་དོགས་པ་དང་། གཉིས་ནས་ཀློང་ཆེན་པའི་ཕྱོགས་འཛིན་མི་བྱེད་པའི་སྙིང་གཏམ་གྱི་དཔྱད་གླེང་པ་ཀུན་པོར་རྒྱུག་པས་ལེབ་འདུར་བྱས་ཏེ།  ཕྱོགས་རིས་ཅིག་ཅིག་དང་འདུ་ཤེས་མིག་མིག་ཅེས་པའི་ཁུག་མའི་ནང་དུ་བཅུག་ཅི་ཐུབ་བྱེད་པའི་བར་གསེང་འདི་ནས།  བློ་ལ་མི་འབབ་པའི་སྐྱོན་དུ་འགྱུར་བར་མ་ཟད་བརྗོད་བྱའི་དོན་ལ་སྒྲིབ་པའི་བགེགས་སུ་དོགས་པ།  ལྷག་པར་དུ་མཚན་ནས་བཟུང་སྟེ་སྔ་རྒོལ་དུ་བླང་པ་ཡིན་ན།  མཁས་གྲུབ་ཀྱི་སྐྱེས་ཆེན་འདི་ཚོ་ལ་ཁ་གཏོང་བའི་མི་བུ་ཁྱོད་འདྲ་བ་རྣམས་ཨ་ཁ་ཁ་ཞེས་གཞན་བརྙས་དང་།  ཐ་ན་རང་གི་དགེ་རྒན་དུ་བརྟེན་མྱོང་བའི་གང་ཟག་ཁ་ཅིག་ཀྱང་འདི་འདྲ་ལམ་ནས་ཁ་གྲག་ཆད་སོང་བའི་དོན་བཞིན་མི་འབྱུང་བའི་ངེས་པ་མེད་ཅིང་། དེ་འདྲའི་གནས་ཚུལ་བྱུང་དུས་བཤད་ལུགས་ཡག་བཙོག་ཇི་ལྟར་བྱས་ཀྱང་ཁེར་རྐྱང་གི་ཚོར་བ་དང་།  གཞན་གྱི་ཡི་མ་རངས་པའི་རྣམ་པ་ནི་མཐོང་འདོད་མེད་པ་ཀུན་ཀྱང་མཚུངས་སོ། །དེ་བས་གསལ་ལ་མ་གསལ་བའི་ལམ་ནས་གོ་བའི་བུ་ལ་བརྡ་བཞིན་སྦྱར་བར་བྱ་བའོ། །

དེ་ལ་དངོས་གཞིའི་ཡན་ལན་དུ་ཐོག་མར་ཚན་པ་ཁ་ཤས་གསལ་བར་བྱ་སྟེ།

༡༽ དང་པོ་སེམས་དཔའ་ཆེན་པོའི་འཁྲུངས་འདས་ལོ་ཚིགས།

ཁྲོ་ཕུ་སེམས་དཔའ་ཆེན་པོའི་འཁྲུངས་ལོ་ལ་བཞེད་ཚུལ་མི་འདྲ་བ་ཁག་གཅིག་བྱུང་བ་ནི།  མཉམ་མེད་ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་ལས།  ས་མོ་ཡོས་བུའི་ལོ་བཞི་བཅུ་རྩ་བརྒྱད་ལོན་པའི་དུས་ཁྲོ་ཕུ་གཉན་ཀར་གྱི་བྲག་སེང་གེ་རྫོང་དུ་ཡོད་པ་ལ།  གངས་ཀྱི་ལོ་ལ་སངས་ཕོད་སྐྱོན།  ཞེས་བྱ་བའི་ལྟས་ཤར་བ་ན་རྡོ་རྗེ་བདུད་འདུལ་བྱ་བའི་ནུ་བོ་གཅིག་གིས་བླ་མའི་ཀེག་ཚབ་ཏུ་སྨོན་ལམ་བཏབ་ནས།  དེའི་སང་ཕོད་ནམ་ཐོ་རངས་ཀྱི་ཟླ་བའི་ཉི་ཤུ་དགུ་ལ་སྐུ་འདས་སོ། ། ཞེས་གསུངས་པ་དེ་ལ་འཁྲུལ་གཞི་བྱས་ཏེ་ལྷོ་རོང་ཆོས་འབྱུང་དུ་ལོ་དེ་ཉིད་ལ་འདས་ཤིང་སྲས་སེམས་དཔའ་ཆེན་པོ་ལྷུམས་སུ་ཞུགས་པ་དུས་མཉམ་ལྟ་བུར་བཞེད་ཅིང་།  དེ་ལ་བརྟེན་ནས་ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་ཁྲོ་ལོ་ཆེན་པོ་གཤེགས་པ་དང་སྲས་འཁྲུངས་པ་གཉིས། རབ་བྱུང་བཞི་པའི་ས་ཡོས་དང་ལྕགས་འབྲུག་ཏུ་བཞེད་དོ།  །དེ་བཞིན་དུ་དགུང་ལོ་ཆེན་པོར་མ་བཞུགས་པ་འདོད་པའི་མཁན་པོའི་དཔྱད་པ་རྣམས་ནི་དོན་ལ་མི་འབྱོར་ཏེ།  ཁྲོ་ལོ་ཆེན་པོའི་རང་རྣམ་ཁ་བསྐང་མ་མཉམ་མེད་ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར། གནུབས་སྟོན་ཆོས་རྒྱལ་གྱིས་མཛད་པའི་མཉམ་མེད་སེམས་དཔའ་ཆེན་པོ་ཁྲོ་ཕུ་བའི་རྣམ་ཐར།  བྱ་བྲལ་མགོན་པོ་དཔལ་གྱིས་མཛད་པའི་ཆོས་རྗེའི་རྣམ་ཐར་རིན་ཆེན་ཕྲེང་བ་དང་།  འགོས་ལོའི་དེབ་སྔོན་སོགས་དང་མི་མཐུན་པ་ཡིན་ནོ། །

ཁྲོ་ཕུ་སེམས་དཔའ་ཆེན་པོ་ནི། ཡབ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དང་ཡུམ་མ་གཅིག་བདེ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ས་ཕོ་བྱི་བར་ལྷུམས་སུ་ཞུགས་ཤིང་ས་མོ་གླང་གི་ལོ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་འཁྲུངས།  རབ་བྱུང་ལྔ་པའི་ས་ཕོ་ཁྱིའི་ལོ་རྒྱལ་ཟླ་བའི་ཚེས་གཉིས་ཀྱི་ཐོ་རངས་སུ་དགོངས་པ་མྱ་ངན་ལས་འདས་སོ། །(༡༢༢༩-༡༢༩༨)

༢༽ གཉིས་པ་ཁོང་ལོ་ཙཱ་བ་ཡིན་པའི་འཐད་ཕྱོགས།

དགུང་ལོ་བཅུ་གཅིག་གི་ཐོག་ཏུ་གློ་བོ་ལོ་ཙཱ་བའི་མདུན་ནས་རྒྱ་ཡིག་འབྲི་ཀློག་དང་སྒྲའི་བསྟན་བཅོས་བསླབས་པའི་ལོ་རྒྱུས་ཡོད་པ་ཙམ་དུ་མ་ཟད་སྡེ་དགེའི་བསྟན་འགྱུར་ནང་དུ་ཡང་། འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་སློབ་དཔོན་དཔལ་འཛིན་ཞབས་ཀྱིས་མཛད་པ་རྫོགས་སོ།།      །།པཎྜི་ཏ་དཱ་ན་ཤཱི་ལ་དང་།  བོད་ཀྱི་ལོ་ཙཱ་བ་བསོད་ནམས་སེང་གེས་བསྒྱུར་བའོ།། ཞེས་བསྟན་བཅོས་ཀྱི་འགྱུར་བྱང་དུ་འཁོད་ཡོད་ལ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་འཁོར་གྱི་པཎ་ཆུང་དགུའི་ནང་ཚན་དཱ་ན་ཤཱི་ལ་དང་དུས་མཉམ་པའི་མཁས་པ་བསོད་ནམས་སེང་གེ་ཞེས་པའི་མཚན་ཅན་གཞན་ནི་མེད་པར་སེམས།

༣༽ གསུམ་པ་ཞལ་གདམས་ཀྱི་མཚན་ཁོང་གིས་གསོལ་བའི་འཐད་ཕྱོགས།

དཔེ་རྙིང་གི་ཞལ་བྱང་དུ་བལྟས་ན་ཁྲོ་ཕུ་བསོད་ནམས་སེང་གེ་རང་ཉིད་ཀྱིས་མཚན་དེ་གསོལ་བ་མ་ཡིན་པར་སློབ་མ་ཞིག་གིས་བཏགས་པར་གྲུབ་སྟེ།  ཁྲོ་ཕུ་ཟངས་ལུང་གི་ལྡུམ་བུ་བ་བསོད་ནམས་སེང་གེའི་ཞལ་གདམས་སྙིང་གཏམ་སུམ་ཅུ་པ་བཞུགས་སོ།  །ཞེས་རང་གི་བསླབ་བྱའམ་སློབ་སྟོན་གྱི་ཞེ་ཚིག་ལ་ཞལ་གདམས་ཀྱི་ཐ་སྙད་སྦྱར་བར་མི་འོས་སོ་ཞེས་རང་ཕྱོགས་ལ་དད་པའི་གཟིགས་སྟངས་གཙོ་བོར་བྱས་ནས་གསུངས་པ་འདི་ལ།  རང་གཞན་གོ་བསྣོལ་བའི་ལམ་ནས་ལན་ཞིག་ཕུལ་ན། ཞལ་བྱང་ལ་གོང་བཞིན་དུ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞལ་གདམས་ཞེས་འཁོད་པ་ལ་དཔྱད་པ་དེ་ལྟར་བྱུང་བ་ཡིན་ན། ལན་འདི་འདྲ་ཞི་འདེབས་པར་ངེས་ཏེ།  དེ་ལ་སྐྱོན་མེད་དེ།  ཀུན་མཁྱེན་ཆེན་པོས་རང་གི་མཚན་དུ་ཡང་ཐེག་པ་མཆོག་གི་རྣལ་འབྱོར་པའམ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་སོགས་ཀྱི་ཆེ་བ་བརྗོད་པའི་སྲོལ་ཡོད་པ་གང་ཞིག་ལ།  བླ་མ་རྣམས་ཀྱི་གདམས་ངག་བསྟན་བཅོས་ཀུན་གྱི་བརྗོད་བྱ་དག་རང་གི་སྐུ་ཚེའི་འདུན་མ་ཐུགས་དམ་དུ་དྲིལ་བའི་བསྟན་བཅོས་ཤིག་ཡིན་གཤིས། ཞལ་གདམས་སུ་མཚན་གསོལ་བ་ཡིན་ན་ཧ་ཅང་ལེགས་ཏེ། ཇི་སྐད་དུ།  ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །ཞེས་པའི་དོན་ལ་སོམས་ཤིག་ཅེས་བཀའ་བཀྱོན་ཡང་འབྱུང་བར་ངེས།  ད་དུང་རང་ཕྱོགས་སུ་མཇུག་བྱང་སྤྱི་འགྲོས་དང་མཐུན་པའི་ངེས་པར་འབྱུང་བའི་བློ་ཅུང་ཟད་ཀྱིས་བསྐུལ་བ་ཞེས་པའི་ཚིག་ཀྱང་སློབ་མས་སྦྱར་མི་འོས་པ་ལ་མི་སྲིད་པའི་ལྟ་ཚུལ་གྱི་འོག་ནས།  གཞན་གྱི་ཞལ་བྱང་གི་བླ་མའི་མཚན་གྱི་དབུ་ལའང་ལྡུམ་བུ་བ་སོགས་གང་འདོད་དུ་སྦྱོར་ཆོག་པར་འདོད་པ་འདི་ནི།  རང་ཕྱོགས་ཁ་འཛིན་གྱི་ཆེད་དུ་གནས་ལུགས་སོགས་གང་ལའང་བཟུར་ཏེ་ཕྱོགས་གཅིག་ལ་གནས་ཐུབ་པའི་གཟུར་གནས་ཀྱི་དོན་དུ་སོང་བས། དེ་དག་ལ་མང་དུ་བརྗོད་པ་ངལ་བའི་གནས་སུ་ལུས།   འོན་ཀྱང་དེ་དག་ལ་དད་ཞེན་ཕྱོགས་གཅིག་པའི་འགག་སྒོ་གཏོར་བའི་ཆེད་དུ། སེམས་དཔའ་ཆེན་པོའི་སློབ་རྒྱུད་རྣམས་ཀྱིས་ཁོང་གི་མཚན་ནས་ཇི་ལྟར་འབོད་ཚུལ་ནི།   བྱ་བྲལ་མགོན་པོ་དཔལ་གྱིས་མཛད་པའི་ཆོས་རྗེའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས།  དེའང་དགུང་ལོ་དྲུག་བདུན་བཞེས་པའི་དུས་སུ།  སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་སྟོབས་ཀྱིས།  ས་སྟེང་ན་འགྲན་ཟླ་དང་བྲལ་བ་མཁན་ཆེན་ཁྲོ་ཕུ་བ་ཆེན་པོ་བསོད་ནམས་སེང་གེའི་དྲུང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་ལན་འགའི་བར་དུ་ཞུས་ཤིང་། ཞེས་གསུངས་པ་དག་ལ་ཅུང་ཟད་གཟིགས་པར་གནང་ན་བློ་རྒྱ་གུ་ཇེ་ཡངས་སུ་འགྲོ་སྲིད་པའི་ཕྱིར་རོ།   །

༤༽ བཞི་པ་སྙིང་གཏམ་ཁོང་གི་ཡིན་པ་བརྩམ་པར་དམ་བཅའ་དང་མཛད་བྱང་གིས་གྲུབ་པ།

རྙིང་མའི་མཁས་དབང་ཁ་ཅིག་གིས། ཁྲོ་ཕུ་ལོ་ཙཱ་བར་དེ་འདྲའི་སྙིང་གཏམ་སུམ་ཅུ་པ་ཡོད་མེད་ཀྱང་བཤད་དཀའ་སྟེ། རྩོམ་པར་དམ་བཅའི་ནང་།  དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། ། ཅེས་རང་གིས་རང་ལ་བསྐུལ་བའི་ཕྱིར་དུ་བྲིས་པར་གསལ་བར་གསུངས་འདུག་པ་འདི་དང་།

ཁྲོ་ཕུའི་མཛད་པར་གྲགས་པའི་མཛད་བྱང་ནང་དུ།    རྗེས་འཇུག་རྣམས་ལ་གདམས་པ།   ཞེས་བཀོད་འདུག་པ་གཉིས་གཞི་ནས་མི་འདྲ་ཞིང་། བརྩམ་པར་དམ་བཅའ་བ་དང་མཛད་བྱང་ལ་ནང་འགལ་ཡོད་པ་ལྟ་བུས་ཀྱང་ཁྲོ་ཕུས་མཛད་པ་མིན་པར་ཕྱིས་སུ་གང་བྱུང་དུ་བྲིས་པའམ་ཡང་ན་ཁྲོ་ཕུའི་སྙིང་གཏམ་གྱི་ཡིག་ཆ་བོར་བརླག་ཤོར་བས་ཀློང་ཆེན་པའི་སྙིང་གཏམ་སུམ་ཅུ་པའི་མཛད་བྱང་བཟོ་བཅོས་བྱས་པ་ཞིག་ཡིན་པར་གོར་མ་ཆག་གོ། ཞེས་ཧ་ཅང་རིས་གཅོད་ཆེན་པོའི་སྒོ་ནས་ཐོབ་ཤོར་གྱི་ངོ་ཚ་རྩོད་པའི་གཏམ་འདི་ལ་དྲང་མོར་བཤད་ན་དཔྱད་རིན་མེད་ཀྱང་།  ངན་པ་ལང་ཤོར་དུ་མི་གཏང་བའི་རྩ་དོན་ཡིད་ལ་བཅངས་ཏེ་ཅུང་ཟད་བརྗོད་ན།  སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དམ་པས་རྗེས་བཟུང་ཡང༌། །རང་ཉིད་མི་བརྩོན་དོན་མེད་དུས་འདས་ཚེ་འདི་གྲིབ་སོར་གཏུགས། །དྲང་སྲོང་སྤྱོད་བསམ་རང་ལ་ཡི་མུག་དེ་འདྲ་གཞན་ཡང་མཐོང༌། །དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །ཅེས་སྔོན་གྱི་སྨོན་ལམ་གྱི་ལས་འཕྲོ་སད་ཅིང་བཀའ་བརྒྱུད་ཀྱི་བླ་མས་རྗེས་སུ་བཟུང་ཡང་། རང་ཉིད་ཀྱིས་སྒྲུབ་བརྒྱུད་ཀྱི་བརྒྱུད་པ་མི་འཛིན་ཅིང་དོན་མེད་ཀྱི་ངང་ནས་དུས་འདས་པ་རང་ཉིད་ལ་ཡི་མུག་ཅིང་།  དེ་དང་འདྲ་བ་གཞན་ཡང་མང་པོ་མཐོང་བའི་ཕྱིར་ན། བདག་དང་བདག་འདྲའི་གང་ཟག་རྣམས་ཀྱི་རང་བློ་ངེས་འབྱུང་ལ་བསྐུར་བའི་ཕྱིར་དུ་སྙིང་གཏམ་གྱི་རྣམ་གྲངས་ཤོ་ལོ་ཀ་སུམ་ཅུའི་ལམ་ནས་བསྟན་པར་བྱའོ།  །ཞེས་ཀློང་ཆེན་པའི་གསུང་དུ་དཔེ་བཤུས་བྱས་པའི་བུ་དཔེ་ནང་དུ་མེད་པའི“བསྟན”གྱི་ཚིག་གིས་སྙིང་གཏམ་ཡི་གེའི་རིས་སུ་བཀོད་པ་ནི་གཙོ་བོ་སློབ་མ་རྣམས་ལ་ཞལ་གདམས་སུ་བསྩལ་བ་གསལ་བར་བསྟན་པས།  མཛད་བྱང་ནི་བརྩམ་པར་དམ་བཅའི་སྒྲུབ་བྱེད་དུ་གྲུབ་པ་ཡིན། དེ་མིན་མཁན་ཆེན་གྱིས་ཚིག་རྐང་གཅོད་གཏུབ་ཀྱི་ལམ་ནས་རྡོ་རྗེ་སྐེད་འཇུ་བྱས་ཏེ། རང་བློ་ཞེས་པའི་ཚིག་ཟུར་གྱི་རང་སྒྲ་དེ་སྐབས་བབ་ཀྱི་རྩོམ་པ་པོ་རང་ཉིད་ལས་གཞན་དུ་འཇུག་མི་ཆོག་པ་བཀས་བཅད་ནས།  བརྩམ་པར་དམ་བཅའ་དང་མཛད་བྱང་གཉིས་ནང་འགལ་བ་ཅན་ཞིག་ཆེད་དུ་ཕྱོགས་སྔའི་འབེན་དུ་བཟོས་ཡོད་པའི་རྣམ་གཞག་ལྟར་ན།  སྙིང་གཏམ་གྱི་མཇུག་རྩོམ་དུ། བདག་དང་བདག་འདྲའི་ཚུལ་ལ་སྙིང་གཏམ་སུམ་ཅུ་བཤད། །ཅེས་གསུངས་པ་འདི་ཡང་བརྩམ་པར་དམ་བཅའ་དང་ནང་འགལ་དུ་སོང་བའི་སྟོབས་ཀྱིས་ཞལ་གདམས་འདི་ནི་མཁས་པ་སུས་ཀྱང་མ་བརྩམས་པར་ཐལ་ལོ། །

དེ་བཞིན་དུ་ཁྱེད་ཀྱིས་གསར་དུ་བརྩམས་པའི་སྒྲོམ་གཞིའི་ནང་དུ་ཀུན་མཁྱེན་ཆེན་པོ་ཞེས་པའི་མཁས་པ་གཞན་ཞིག་བཞག་ནས། དེ་ཡིས་རང་ཁོ་ན་ལ་ལ་སྙིང་གཏམ་དུ་བརྗོད་པ་ཡིན་ཞེས་བཤད་པ་ཡིན་ན་ནི་དེར་ཟད་ལ། དེ་མིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་སྔགས་འཆང་རྒྱལ་བ་ཀློང་ཆེན་རབ་འབྱམས་དེའི་ནང་དུ་བཙན་གྱིས་བཅུག་ཅིང་རང་གི་བློས་བྱས་ཀྱི་རྣམ་ཐར་ལ་ཕྱོགས་འཛིན་ཙམ་དུ་མཛད་པ་ཡིན་ན་ནི།  དོན་ལ་རྫོགས་ཆེན་གྱི་རྣལ་འབྱོར་པ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་ཐུན་མོང་མིན་པའི་ལྟ་སྤྱོད་ཟབ་མོ་ལ་མ་དད་པའི་རྣམ་འགྱུར་བསྟན་སྟངས་ཙམ་དུ་སོང་བས།  མཐར་གཏུགས་ན་དབུ་རུལ་བ་ཤངས་ཀྱིས་མ་ཚོལ་བའི་ལམ་ནས་མཁན་པོས་བབ་ཅོལ་དུ་སྨྲས་པའི་གཏམ་ཙམ་དུ་ཟད་དོ། །

ད་ནི་མཁན་པོས་འགལ་མེད་འགལ་བར་བསྙད་འགལ་བ་ཁོང་དུ་སྦས་པའི་གསང་གཏོར་བར་བྱ་སྟེ།དེ་ཡང་ཀློང་ཆེན་པའི་གསུང་དུ་གྲགས་པའི་སྙིང་གཏམ་སུམ་ཅུ་པའི་བུ་དཔེའི་ནང་དུ།  དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །ཅེས་བརྩམ་པར་དམ་བཅའི་ནང་དུ་སྙིང་གཏམ་གྱི་རྣམས་གྲངས་ཤོ་ལོ་ཀ་སུམ་ཅུའི་ལམ་ནས་བརྗོད་པར་དམ་བཅས་པ་དང་།  དངོས་གཞི་ལ་སྙིང་གཏམ་ཉེར་དགུ་ལས་མེད་པ་གཉིས་ནི་དཔྱད་མི་གཟོད་པའི་འགལ་བ་སྟེ།  གཅིག་སུམ་ཅུའི་གྲངས་ཙམ་ལའང་རྨོངས་པའི་རྩོམ་པ་པོ་རུ་ཐལ་བའམ།  གཉིས་རྩོམ་པ་པོ་དམ་པ་མིན་པའི་ངང་ཚུལ་ཏེ།  ཇི་སྐད་དུ།  དམ་པ་མང་པོ་ཁས་འཆེས་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པའི་གསུང་དང་རྒྱབ་འགལ་དུ་གྱུར་པས་སོ། །དེས་ན་མ་དཔེ་ལས་ཀློང་ཆེན་པའི་གསུང་དུ་དཔེ་གཅོད་བྱེད་དུས།  ཤོ་ལོ་ཀ་གཅིག་ཆད་པའམ་ཆེད་དུ་ཕྲི་བ་གང་ཡིན་ཆ་མ་འཚལ་ཡང་།  མཛད་བྱང་གསར་སྣོན་བྱས་ཏེ་ཀློང་ཆེན་པའི་གསུང་དུ་བཙུད་པ་ནི་གདོན་མི་བྱ་བར་མངོན་ནོ། །

གཞན་ཡང་མཁན་ཆེན་གྱིས་ཀློང་ཆེན་པའི་སྙིང་གཏམ་སུམ་ཅུའི་མཛད་བྱང་བཟོ་བཅོས་བྱས་པ་ཞིག་ཡིན་པར་གོར་མ་ཆག་གོ།  ཞེས་ཚིག་ཐག་བཅད་པའི་གཞུག་ཏུ་སླར་ཡང་མཐོ་སའི་སྐྲ་མ་ཟིན་ན་དམའ་སའི་ཉྭ་ནས་མི་མི་གཏང་སྙམ་པའི་གཡོ་སྒྱུའི་ཁུག་འགོ་གཅིག་བཀུག་པ་ནི།  རང་ཕྱོགས་ཁ་འཛིན་བྱས་ཏེ་རང་ལུགས་བཤིག་པའི་རྣམ་གཞག་ཅིག་གསར་དུ་མཛད་པ་ཡིན་ཏེ།  འབྲི་གུང་དཔལ་འཛིན་གྱིས། བུདྡྷདྷརྨསངྒའི་སྒྲ་བཤད་ལོག་པ་རྙིང་རྒྱུད་དུ་ཡོད་པར་བཤད་པ་ལ། སོག་ཟློག་པས་དེ་འདྲ་ཡོད་ན་བླུན་ཚིག་ལས་འོས་ཅི་ཡོད་དེ།  འོན་ཀྱང་གང་ན་འདུག་སྟོན་ཅིག་ཅེས་ངར་བྱས་ཏེ་མེད་ཁུལ་མཛད་པའི་དགག་ལན་གནང་བ་ལ།  དགེ་ཆོས་ཀྱིས།  སྒྲ་ཐལ་འགྱུར་ནང་གི་སམཡའི་སྒྲ་བཤད་ལོག་པ་དཔེ་མཚོན་དུ་དྲངས་ཏེ་འཁྲུལ་ངོ་སྤྲད་ཅིང་།  དེ་འདྲའི་མ་དག་པའི་ཆ་ཤས་དང་། དོན་འདྲ་བ་ལ་ཚིག་གི་འཕྲི་སྣོན་ཆེད་དུ་བཟོས་པ་ལྟ་བུར་ཡོད་པ་ཡིན་ན། རྒྱུད་དེ་དག་གི་རྩོམ་པ་པོ་བོད་རང་དུ་ཐལ་བར་འདོད་པའི་སོག་ཟློག་པའི་དམ་བཅའ་དེ་ནི་ཡང་དག་པ་མ་ཡིན་ཏེ།  གཅིག་བརྒྱུད་པའི་དུས་ཡུན་རིང་དུ་ཐལ་ཞིང་།  གཉིས་བླུན་པོའི་ལག་པ་མང་དུ་འགྲིམ་པའི་ངང་ཚུལ་ལ་གཞིགས་པ་ཡིན་ན། དེ་ཙམ་གྱི་བཅོས་ལྷད་མི་སྲིད་པ་ཞིག་ག་ལ་ཡིན་ཞེས་བཤད་པའི་རྣམ་གཞག་གཏོར་བ་ཡིན་པས།  དོན་ལ་ལས་ངན་ཚབས་ཆེན་བསགས་པ་ཡིན།  དེ་བཞིན་དུ་ཀློང་ཆེན་པས་ཁྲོ་ཕུའི་སྙིང་གཏམ་དཔེ་བཤུས་མཛད་པའི་ཞོར་དུ་དོན་འདྲའི་ཚིག་གི་འཕྲི་སྣོན་རེ་ཟུང་བྱས་པའི་གཞུག་ཏུ་རང་གིས་ཆེད་དུ་བརྩམས་པའི་གསལ་བཤད་ཀྱི་མཛད་བྱང་སྦྱར་བར་མཛད་པའི་དབང་དུ་བཏང་བ་ཡིན་ན།  ཁོང་ལ་ཀུན་མཁྱེན་གྱི་མཚན་དེ་འབྱོར་མིན་དཔྱད་གཞིའི་གནས་སུ་འགྲོ་བ་ཡིན།  འདི་ནི་སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བསྒྱུར་བའི་མཚན་གཞིའོ། །

༥༽ ལྔ་པ་སྙིང་གཏམ་སུམ་ཅུ་པ་ལས་ལོགས་སུ་སུམ་ཅུ་བདུན་མ་ཞེས་པའི་སྙིང་གཏམ་ཞིག་ཡོད་དམ།

དོགས་པ་འདི་ནི་གཙོ་བོ་མཁན་ཆེན་ཁང་གིས་སྒྲའི་གཅོད་མཚམས་ཉམས་ཏེ། ཕོ་བྲང་པོ། ཏ་ལར་སོང་ནས་མགོ་འཁོར་བའི་སྐྱོན་དུ་ལགས་པ་ལས།  ཁུངས་གཞན་ཞིག་ལ་བརྟེན་པའི་དོགས་པ་ཞིག་མ་ཡིན།གལ་ཏེ་སོ་བདུན་གྱི་གྲངས་རྒྱུ་མཚན་དུ་བྱས་པའི་མཚན་ཞིག་ཡིན་ན།  སེམས་དཔའ་ཆེན་པོའི་ཡང་སློབ་རྒྱལ་སྲས་ཐོགས་མེད་བཟང་པོའི་རྒྱལ་སྲས་ལག་ལེན་གྱི་ཞལ་བྱང་དུ། སོ་བདུན་མ་དང་ཡང་ན་སུམ་ཅུ་སོ་བདུན་མ་ཞེས་འཁོད་པ་ལྟར་དུ་སྦྱར་འོས་པ་གང་ཞིག་ལ།  སྡེབ་སྦྱོར་གྱི་འགྲོས་དང་མི་མཐུན་ཞིང་ཁར་བཟའ་བ་ལ་ལྟག་པར་བསྐོར་བའི་ངང་ཚུལ་དང་མཚུངས་པའི་མིང་ཞིག་ཅི་ལ་སྦྱར་བར་འོས།  འདི་ལ་ཁྱེད་ཀྱིས་འདང་རྒྱག་ཨེ་མྱོང་། དོན་འདི་ནི་དངོས་གཞི་རུ་འཆད་པར་འགྱུར་བས་དེ་ལས་མ་སྤྲོས་སོ། །

༦༽ དྲུག་པ་སྙིང་གཏམ་བརྩམ་པའི་དུས་ཚིག་གང་ཡིན།

བརྩམ་པའི་དུས་ཚིགས་གསལ་བོར་བཤད་དཀའ་ན་ཡང་།  ཁོང་གི་སྐུ་ཚེའི་ནང་དུ་བརྩམ་པའི་དུས་ལ་ཉེ་བའི་འགྱུར་བ་ཆེན་པོ་གཉིས་བྱུང་བ་ཡིན་ཏེ། དེ་ལ་གཅིག་ནི།  དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་རིམ་གྱིས་མནོས་པ་ནས་བཟུང་སྟེ་མདོར་ན།  ཉན་ཐོས་ཀྱི་ངེས་འབྱུང་། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་རྣམས་ནི་སྒྲུབ་བརྒྱུད་ཀྱི་བླ་མ་དམ་པ་དྲི་མ་མེད་པ་དག་གི་རྣམ་ཐར་ཚུལ་བཞིན་དུ་བསྐྱངས་ཤིང་། ཐོས་བསམ་གྱི་མཐའ་རྒྱ་བཅད་ཅིང་། བྱང་ཆུབ་ཀྱི་སེམས་ལ་དབང་འབྱོར་བ་དང་།  ཐ་མལ་བདེན་ཞེན་གྱི་འཛིན་པའི་བྲེང་ཐག་ཆོད་པའི་དུས་ཚིགས་ཁྱད་པར་ཅན་ཏེ་དགུང་ལོ་ཉེར་གཉིས་བཞེས་པའི་སྐབས་དེར།  མན་ངག་ལ་བརྟེན་ནས་རྟོགས་པའི་ཉམས་མྱོང་དང་བསྡུར་བ་ཡིན་ན་ཐོས་བསམ་གྱི་ཆོས་ནི་སྦུན་སྐོགས་སུ་སོང་བར་གཟིགས་ཏེ། གཙོ་བོ་སྒྲུབ་པ་གལ་ཆེ་བར་དགོངས་ནས་ཁོང་གིས། ད་ནི་མི་ཚེ་ལོང་མེད་འདི་ལ་ཆོས་ལ་བརྟེན་པའི་རྣམ་གཡེང་གིས་དུས་འདའ་བར་ཕངས་པས། ཀུན་ལྡན་རིན་པོ་ཆེའི་རྣམ་ཐར་བཟུང་ལ།  ལོ་སུམ་ཅུ་ཙམ་མི་དང་ཡེ་མི་འཕྲད་པའི་སྒྲུབ་པ་ཆིག་ཚུགས་གཅིག་བྱ་དགོངས་ནས།  བྲག་རམ་དུ་ཆོས་རྗེ་རིན་པོ་ཆེ་ལ་མཇལ་དུ་བྱོན་ནས།  དབེན་པ་བྱེད་པའི་ལོ་རྒྱུས་ཞུས་པས་བཀའ་བཀྱོན་བྱུང་སྟེ།  ང་ལ་སེམས་དགའ་བའི་བུ་ཞིག་སྐྱེ་པ་དེ་ད་བུ་མོར་འགྱུར་འགྲོ་འདུག་ཅེས་ཉིན་དེར་གནང་བ་མ་ཐོབ་ཅིང་།  ཁོང་གིས་ཀྱང་བཀའ་བཅག་ནས་སོང་།  ཕྱི་ཉིན་ནང་མོར་སླར་ཡང་བླ་མ་མཇལ་བས།  བླ་མའི་ཞལ་ནས་ཁྱེད་ལ་བསྟན་པའི་སྲོག་ཤིང་དང་འགྲོ་བའི་མགོན་སྐྱབས་གཅིག་ཏུ་རེ་བ་ཡིན་པས། ཕུགས་སུ་མ་ཡིབ་པར་བསྟན་འགྲོའི་དོན་ལ་བརྩོན་དགོས་པའི་སྐུལ་མ་ཡང་ཡང་གནང་བ་ལ་བརྟེན་ནས།  ཁོང་གིས་ཀྱང་དེ་ལྟར་དུ་བརྩོན་པའི་ཐུགས་འདུན་གྱི་ཞེ་ཐག་བཅད་དེ།  དེ་ཕྱིན་ཆད་རང་དོན་ལྷུར་མ་བྱས་པར། ལུས་ངག་ཡིད་གསུམ་གཞན་དོན་དུ་ཕྱད་ཀྱིས་བཏང་ནས།  སེམས་ཅན་ལ་ཕན་ཅི་ཐོགས་རྟག་ཏུ་བྱས་པ་ཡིན་ནོ་ཞེས་རྣམ་ཐར་ལས་གསུངས་པ་ལྟར་དུ་ལགས་ཤིང་།  སྙིང་གཏམ་སུམ་ཅུ་པ་ཡང་ཁོང་གིས་ཐུགས་དམ་གྱི་འདུན་མར་ཐག་བཅད་པའི་སྐུ་ཚེའི་རྣམ་ཐར་གྱི་རྟོགས་བརྗོད་ལྟ་བུར་འཁུམས་པས་དུས་སྐབས་དེ་ཤེད་དུ་བརྩམས་པར་བྱས་ན་ཡང་འགལ་བ་མེད་དོ། །

དེ་ལ་རྟོག་ལྡན་འགའ་ཞིག་གིས་སྐབས་དེར་བརྩམས་པར་བཤད་པ་ཡིན་ན། མཛད་བྱང་དུ་སློབ་མ་རྣམས་ལ་གདམས་པ་ཞེས་པའི་དོན་དང་འགལ་ལོ་སྙམ་ན།  དེ་ནི་མ་ཡིན་ཏེ། ཁོང་དགུང་ལོ་ཉི་ཤུར་ཕྱིན་པའི་ས་སྤྲེལ(༡༢༤༨)ལོའི་དབྱར་ཁར་ཚད་མ་རྣམ་ངེས་སོགས་འཆད་པའི་དུས་སུ།  སྟོན་པ་ཁ་ཅིག་གིས་བསྟོད་པ་བརྩམས་ཏེ། ཡང་དག་རིག་ཚུལ་རྣམ་པར་ངེས་པའི་གཞུང་། །ཆོས་ཀྱི་གྲགས་པའི་དགོངས་དོན་ཇི་ལྟར་བར། །བློ་གྲོས་གསལ་བའི་སྤྱན་གྱིས་ལེགས་གཟིགས་ནས། །བརྩེ་བས་འགྲོ་ལ་སྟོན་མཛད་ཁྱེད་ཕྱག་འཚལ། ། ཞེས་པ་ལ་སོགས་པས་བསྟོད་ཅིང་ཐམས་ཅད་ཀྱིས་སྙན་པའི་བ་དན་དགུང་དུ་བསྒྲེངས་པའི་ལོ་རྒྱུས་རང་དུ་བལྟས་པ་ཡིན་ན་ཡང་།  རྣམ་དཔྱོད་དང་སྙན་གྲགས་ཀྱིས་བསྡུས་པའི་སློབ་མ་མང་པོར་ཡོད་པ་ནི་གོར་མ་ཆག་གོ།

གཉིས་པ་ནི།  རང་དོན་གྱི་འཁྲི་བ་གཏན་ནས་སྤངས་ཤིང་ཐུགས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ངང་ནས་ཉིན་མོ་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་མཐུན་པའི་སྒོ་སྣ་ཚོགས་ནས་ཆོས་བསྟན་ཅིང་།  སྐལ་ལྡན་གྲངས་མེད་སོ་སོར་ཐར་པ་དང་།  བྱང་ཆུབ་ཀྱི་སེམས།  རྡོ་རྗེ་ཐེག་པ་ལ་བཀོད་པར་མཛད་པ་སོགས་ཀྱིས་ཕྲིན་ལས་བསྐྱངས་པ་དང་། མཚན་མོ་དབུ་སྔས་ལ་མི་འཇོག་པར་ཕྱག་རྒྱ་ཆེན་པོའི་ཐུགས་དམ་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་ཅིང་།

མདོར་ན་ཚོགས་གཉིས་དབྱེར་མེད་ཀྱི་ལམ་ནས་འཁོར་ལོ་གསུམ་གྱི་མཛད་ཕྲིན་ཉ་ཟླའི་དཔལ་བཞིན་ཆ་སྙོམས་སུ་རྒྱས་པར་མཛད་ནས་རེ་ཞིག་ལོན་པའི་དགུང་གྲངས་རེ་གཅིག་སྟེ། རབ་བྱུང་ལྔ་པའི་ས་མོ་གླང་གི(༡༢༨༩)ལོ་ལ།  རིན་པོ་ཆེ་ཀུན་ལྡན་གྱིས་ནས་ཀྱི་ཆར་ཕབ་པའི་གདན་ས་ཡང་རྩེའི་དབེན་གནས་སུ།

སྐྱེ་བོ་དམན་པ་རྣམས་ཐར་པ་ལ་བློ་དཀྲི་བའི་ཕྱིར་དུ་སྐུ་མཚམས་དམ་པོར་བཅད་དེ་ལོ་ཧྲིལ་པོ་གཅིག་ལ་བཞུགས་པའི་དགོས་ཆེད་གཙོ་བོ་ནི།  རྣམ་ཐར་གྱི་གདུལ་བྱར་གྱུར་པ་དག་ལ་སྒྲུབ་པ་ཉམས་བཞེས་ནི་མཛད་པའི་རྣམ་གྲངས་གཞན་ཀུན་ལས་ལྷག་པའི་སྙིང་ཁུ་ཡིན་ཞེས་འདོམས་པའི་ཞལ་གདམས་ཤིག་ཏུ་འཆད་པའི་ལོ་རྒྱུས་དང་སྦྱར་བ་ཡིན་ན།  གཅིག་བརྩམ་པར་དམ་བཅའ་དང་མཐུན་ཆེ་བ།  གཉིས་དངོས་གཞི་སྐབས་སུ་གསུང་པའི་བྱ་བ་ཕལ་མོ་ཆེ་ནི་སྐུ་ཚེའི་ཉམས་མྱོང་དང་འབྲེལ་བ།  གསུམ་ཕྱག་ཆེན་ཉམས་ལེན་གྱི་སྤྱི་སྡོམ་རྣམ་གསུམ་སྙིང་གཏམ་སུམ་ཅུ་པར་བསྡུས་ཏེ་སློབ་མ་རྣམས་ལ་ཞལ་གདམས་ཡི་གེའི་རིས་སུ་བཀོད་པ་འདི་ཡང་གོང་གི་ལོ་རྒྱུས་ཀྱི་བབས་དང་བསྟུན་པ་ཡིན་ན་དུས་ཚིགས་འདི་དང་ཧ་ཅང་འགྲིག་པར་སེམས།

ད་ནི་དངོས་གཞི་ལ་འཇུག་པར་བྱ་སྟེ།  དེ་ཡང་ཅི་ཞིག་བསྟན་པ་དང་ཇི་ལྟར་བསྟན་པའི་དོན་ནི་སྤྱི་བབ་ནས་བཤད་ན།  མདོ་རྒྱུད་བསྟན་བཅོས་ཀུན་གྱི་བརྗོད་བྱའི་དོན་དེ་རྣམས་ནི་མོས་གུས་སྒོམ་གྱི་མགོ་བོ། ཞེན་ལོག་སྒོམ་གྱི་རྐང་པ། ཡེངས་མེད་སྒོམ་གྱི་དངོས་གཞི་གསུམ་དུ་བསྡུས་ཏེ་མན་ངག་གོ་སླའི་ལམ་ནས་གསུངས་པ་ཡིན་གཤིས།  ཐུན་མོང་གི་ཐ་སྙད་དང་ཐུན་མོང་གི་ལམ་རིམ་སྤྱི་དང་མཚུངས་པའི་སྟོབས་ཀྱིས་ཐུན་མིན་གྱི་རང་བཞེད།  སྒྲོམ་གཞིའི་སྤྱི་ཆིངས། རྩོམ་པ་པོའི་ཡོན་ཏན་རྣམས་ནི་ཚིག་འགྲེལ་ཤེས་པ་ཙམ་གྱིས་མངོན་མི་ཐུབ་པའི་དཔེ་མཚོན་ནི། མདོ་དབུས་ཁམས་གསུམ་ཀུན་གྱིས་མཁྱེན་གསལ་ལྟར་དུ་ལགས་ཤིང་། དེ་ལྟས་གལ་ཆེ་བའི་ཤོ་ལོ་ཀ་རྣམས་དམིགས་སུ་བསལ་ཏེ་ཚན་པ་གསུམ་དུ་བགོས་ནས་ཅུང་ཟད་བརྗོད་ན།

དང་པོ་དྭགས་བརྒྱུད་པའི་གྲུབ་མཐའ་དང་སྦྱར་བ།

༡༽ གྲུབ་མཐའི་ལུགས་སྲོལ་དང་འབྲེལ་བའི་བླ་མའི་མཆོད་བརྗོད།

ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་སྨོན་ལམ་སྤྲིན་ཆེན་ལས། །ཐུགས་རྗེའི་གསུང་ཟེར་བདུད་རྩི་ཡི་ནི་ཆུ་རྒྱུན་ལེགས་ཕབ་ནས། །གདུལ་བྱའི་ཞིང་དུ་སྐུ་གསུམ་མྱུ་གུ་སྨིན་མཛད་པའི། །སྐྱབས་ཀྱི་མཆོག་གྱུར་སྐྱོབ་མཛད་བླ་མའི་ཞབས་ལ་འདུད། །

ཅེས་ཐོག་མར་ལྷག་པའི་ལྷ་སོགས་ལ་མཆོད་པར་མ་བརྗོད་ཅིང་བླ་མ་ལ་མཆོད་པར་བརྗོད་པའི་ལུགས་འདི་ནི།  དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོའི་ནང་དུ།  རྟོགས་པ་སྐྱེ་ཐབས་མོས་གུས་ཁོ་ན་ཟབ། །ཅེས་བྱུང་བ་ལྟར་དུ་ཉམས་མགུར་དང་བསྟན་བཅོས་བྱེད་པའི་ཐོག་མར་བླ་མ་ལ་གུས་ཕྱག་མཛད་པར་དགོས་པ་དང་རྒྱུ་མཚན་གཉིས་མངའ་བར་བཤད་དེ། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །

སྲོག་ཆགས་བྱེ་བའི་ཚེ་སྐྱབས་པས། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །

ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །

མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ངེས་པར་ཐོབ། །

ཅེས་འབྱུང་ལ། དེ་ནས་བསོད་ཚོགས་ལ་བླ་མའི་མོས་གུས་ལས་ཆེ་བ་མེད་པས་དེ་གདུལ་བྱ་རྣམས་ཀྱི་བསགས་ཆེད་རྫོགས་པའི་སངས་རྒྱས་ཉིད་ཀྱིས་ཀྱང་རང་གི་སྔར་དང་པོའི་རྡོ་རྗེ་ཐེག་པར་འཇུག་བྱེད་ཀྱི་རྡོ་རྡོ་སློབ་དཔོན་ལ་བཀའ་དྲིན་དྲན་པའི་ཕྱག་མཛད་པ་ཡིན་ཏེ།  ཞེས་དགོངས་གཅིག་ཀར་ཊཱིཀ་ནང་ནས་གསུངས་པ་ལྟར་དུ་ཡིན་ལ།  དེ་བཞིན་དུ་མོས་གུས་དཀར་པོ་ཆིག་ཐུབ།  དུས་མཐའི་མོས་གུས།  བྱིན་རླབས་འཕོ་བའི་དབང་།  མོས་གུས་སྒོམ་གྱི་མགོ་བོ་སོགས་ཀྱི་རྣམ་གཞག་མང་དུ་བྱུང་བ་ལ་བརྟེན་ནས།  ཆོས་བརྒྱུད་གཞན་གྱིས་ཁ་ཡིས་ཟ་བཞིན་སྣ་ཡིས་ཁྲེལ་བའི་དགག་པ་ཡང་མང་དུ་བྱུང་མྱོང་ལ།  སྔ་འགྱུར་རྙིང་མ་བས་ཀྱང་ཆོས་བརྒྱུད་གཞན་ལས་ཁྱད་པར་འབྱེད་པའི་ཆོས་སུ།  མོས་གུས་གཙོར་འཛིན་འགྲོ་མགོན་བཀའ་རྒྱུད་པ། །བརྒྱུད་པའི་བྱིན་རླབས་ཞུགས་པས་གོ་ཆོད་མང་། །ཞེས་བཞེད་པ་སོགས་ཀྱིས་ཐོག་མར་སྐྱབས་ཀྱི་མཆོག་གྱུར་སྐྱོབ་མཛད་བླ་མ་ལ་གུས་ཕྱག་མཛད་པ་འདི་ནི་སྒྲུབ་བརྒྱུད་པའི་ལུགས་སྲོལ་ཞིག་ཏུ་མངོན་ནོ། །

༢༽  བཀའ་བརྒྱུད་པའི་མཚན་དུ་སྒྲུབ་བརྒྱུད་ཀྱི་འབོད་སྲོལ།

སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དམ་པས་རྗེས་བཟུང་ཡང༌། །རང་ཉིད་མི་བརྩོན་དོན་མེད་དུས་འདས་ཚེ་འདི་གྲིབ་སོར་གཏུགས། །དྲང་སྲོང་སྤྱོད་བསམ་རང་ལ་ཡི་མུག་དེ་འདྲ་གཞན་ཡང་མཐོང༌། །དེ་ཕྱིར་རང་བློ་ངེས་འབྱུང་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །

ཅེས་གསུངས་པའི་ནང་དུ་སྒྲུབ་བརྒྱུད་བླ་མ་དམ་པ་ལ་གོང་དུ་བཀའ་བརྒྱུད་ཀྱི་བླ་མར་བསྙད་པ་ནི་རང་བཟོའི་དཀྱོག་འགྲེལ་ཞིག་མ་ཡིན་ཏེ།  བཀའ་བརྒྱུད་དང་སྒྲུབ་བརྒྱུད་ཀྱི་མཚན་གཉིས་གཅིག་ཚབ་གཅིག་གིས་བྱས་པ་ཧ་ཅང་མང་ཞིང་།  ཆོས་བརྒྱུད་འདི་ལ་ཐོག་མར་ཕྱག་རྒྱ་བ་དང་སྒྲུབ་བརྒྱུད་པ་ཞེས་འབོད་ལ།  ཕྱིས་ཡོངས་གྲགས་སུ་བཀའ་བརྒྱུད་པ་ཞེས་མཚན་དུ་ཆགས་པ་ཞིག་ཡིན།   དེ་ཡང་མར་པའི་རྨི་ལམ་བརྡ་གྲོལ་གྱི་མགུར་སོགས་ཀྱི་མ་ཕྱིའི་ནང་དུ་སྒྲུབ་བརྒྱུད་པ་ཞེས་འབྱུང་ཞིང་། རྗེས་སུ་དེའི་ཚབ་ཏུ་བཀའ་བརྒྱུད་ཀྱི་ཐ་སྙད་སྦྱར་བ་མང་དུ་ཡོད་ལ།   མཉམ་མེད་དྭགས་པོ་ལྷ་རྗེའི་ལམ་མཆོག་རིན་ཆེན་ཕྲེང་བ་དང་ཏཻ་ལོ་ནཱ་རོའི་རྣམ་ཐར་གྱི་མཆོད་བརྗོད་དང་བརྩམ་པར་དམ་བཅའི་ནང་དུའང་དེ་བཞིན་དུ་བྱུང་ཞིང་།  ཀུན་མཁྱེན་མི་བསྐྱོད་པས།  བཀའ་བརྒྱུད་རིན་པོ་ཆེའི་ཞལ་ནས།  ཕྱག་རྒྱ་ཆེན་པོ་རྟོགས་པ་ཡི། །ཐབས་ལ་མོས་གུས་ལས་གཞན་མེད། །ཅེས་དང་།  སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱིས།  སྒྲུབ་བརྒྱུད་པའི་གསུང་ལས།  ཞི་མ་གནས་ན་ལྷག་མི་མཐོང་།  །ཞེས་སྒྲུབ་བརྒྱུད་པས་དང་སྒྲུབ་བརྒྱུད་ཀྱི་མན་ངག་ཏུ་ཞེས་སོགས་ཀྱིས་ཐ་སྙད་མང་དུ་སྦྱོར་བ་འདིས་ནི།  ཆོས་བརྒྱུད་ཅིག་ལ་བཀའ་བརྒྱུད་དང་སྒྲུབ་བརྒྱུད་ཀྱི་མཚན་གཉིས་མིང་གི་རྣམ་གྲངས་སུ་ཆགས་པར་མཚོན་པ་ཡིན།  དེ་ལ་མཚན་ཉིད་ཀྱི་རིགས་འགྲེ་སྦྱར་ཏེ་ཁྱབ་མཐའི་ལམ་ནས་བྱ་རོག་ཁུ་འཕྲིག་གི་བརྟུལ་ཞུགས་མི་འཛིན་པ་འཚལ།

གཞན་ཡང་ཆོས་རྗེ་ཁྲོ་ལོའི་ཞལ་ཆེམས་གཏད་རྒྱ་ལས།  དེ་འདྲའི་སྐྱེས་བུ་ཕྱིན་ཆད་འབྱུང་དཀའ་མོད། །སྐབས་སུ་དམ་པ་འགའ་ཞིག་འབྱོན་འགྱུར་ཏེ། །དེ་ཡིས་ཁོ་བོའི་ཕྲིན་ལས་ལྷག་མ་རྣམས། །བདེ་ལེགས་མཐར་ཕྱིན་བྱེད་པར་གདོན་མི་ཟ། །ཞེས་གསུངས་པ་ལྟར་གདུལ་བྱ་ལྷག་མའི་ཕྲིན་ལས་པ་ཆོས་རྗེ་ཁྲོ་ལོ་རང་གི་སྨོན་ལམ་གྱི་སྟོབས་ལས་གྲུབ་པའི་རིགས་སྲས་སེམས་དཔའ་ཆེན་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སྐབས་དེ་ག་རང་དུ།   དད་གུས་ཅན་གྱི་སློབ་མ་གཡས་རུ་ལྟོ་འཕྱད་ཀྱི་ཇོ་སྲས་ར་སྐྱེས་ལ་ཡུམ་སྲས་ཀྱི་སྐྱིད་སྡུག་གཏན་བཅོལ་བྱས་ཏེ།  ངའི་སྨོན་ལམ་གྱི་མཐུ་ཡིན་པས།  མིང་ཡང་སྨོན་ལམ་དུ་གདགས་དགོས་ཞེས་པའི་ཞལ་ཏ་ལྐོག་ཏུ་གནང་ཞིང་།  ཁོང་མྱ་ངན་ལས་འདའ་ཁ་ཡང་གཟིམ་གཡོག་དགེ་སློང་ཤེས་རབ་དཔལ་ལ་གསུང་བྱོན་ཏེ།  ཇོ་སྲས་ར་སྐྱེས་ས་ལ་སྨོན་ལམ་བྱ་བའི་བྱིས་པ་ཞིག་ཡོད།  དེ་བླ་ཆེན་བསོད་དབང་ལ་གཏོད་ལ་མགོ་ཐོན་པར་གྱིས།  ཕྱིས་སེམས་ཅན་ལ་ཕན་ཐོགས་པའི་སྐྱེས་བུ་ཞིག་འབྱུང་བར་ལུང་བསྟན་པ་ལྟར་དུ་བསྒྲུབས་ཏེ།  དངོས་བསྟན་དུ་སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དམ་པས་རྗེས་སུ་བཟུང་བའི་རྣམ་ཐར་དེ་འདྲ་ཞིག་བྱུང་བ་ཡིན་ལ།  ཤུགས་བསྟན་དུ།  བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་སྲིད་པར་སྐྱེས་བ་བཞེས་པའི་བར་སྲིད་ཞིག་གདུང་སྲས་སུ་སྤྱན་དྲངས་པའི་ལོ་རྒྱུས་ལྟར་དུ་མི་ཡི་སྐྱེས་བ་བཞེས་ཤིང་།  སྨོན་ལམ་གྱིས་རྐྱེན་པས་བྱིས་པའི་དུས་ནས་ཀྱང་སོ་སྐྱེའི་རང་གཤིས་ལས་འགོངས་པའི་བྱང་སེམས་ཀྱི་སྤྱོད་པར་རིགས་སད་པའི་སྟོབས་ཀྱིས་ཆོས་རྗེ་ཁྲོ་ལོའི་ལུང་བསྟན་གྱི་སྐྱེས་བུར་ཐག་ཆོད་ཅིང་།  རིམ་གྱིས་བླ་ཆེན་དབང་གཙོས་པའི་སྒྲུབ་བརྒྱུད་ཀྱི་བླ་མ་མང་པོས་རྗེས་སུ་བཟུང་བའི་རྣམ་ཐར་དུ་ལགས་ན།  རང་བཟོའི་དཀྱོག་འགྲེལ་དུ་འགྱུར་བར་འོས་མེད་ལ།  སྒྲུབ་བརྒྱུད་གོང་མ་སྤྱི་དང་བྱེ་བྲག་ཏུ་ཀུན་ལྡན་རིན་པོ་ཆེའི་རྣམ་ཐར་གྱི་རྗེས་སུ་བསྙེགས་ཏེ་གཏད་ས་ཆེན་པོ་བཞིའི་ལམ་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་དྲང་སྲོང་གི་སྤྱོད་པ་བསྐྱང་བར་འདོད་ཀྱང་།  དེ་བཞིན་མ་བྱུང་བའི་བདག་རང་ལ་ཡིད་མུག་ཅེས་ཁེངས་བསྐྱུང་གི་ཚིག་འདི་དག་ནི།  གླུ་བརྒྱ་ངག་གཅིག་གིས་གང་འདོད་དུ་ཚིག་འགྲེལ་ཙམ་གྱིས་ཆོག་ཤེས་བསྟེན་པའི་ལུགས་ལས་བརྒལ་ཏེ།  རྩོམ་པ་པོ་རང་དང་འབྲེལ་བའི་བརྩམ་པར་དམ་བཅའ་ཞིག་ཏུ་འདོད་པའི་སྒོ་ནས་འགྲེལ་བ་གནང་དགོས་པ་ཡིན་ན་གལ་འགངས་ཆེ་བའི་གནས་སུ་མཐོང་།

༣༽  སྒྲུབ་བརྒྱུད་གོང་མས་དགག་སྒྲུབ་ཀྱི་ཐལ་ཕྲེང་མི་སྤྲོ་བའི་གསང་བ།

རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པ་ཡི། །བགྲོ་གླེང་ཆོས་ཀྱི་གད་བདར་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་ཁོང་ཁྲོ་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང༌། །རང་བསྟོད་གཞན་སྨོད་ཆགས་སྡང་སྐྱེ་བའི་རྒྱུ། །ཐམས་ཅད་བཀུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཐོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། །གཞན་སྐྱོན་སྟོན་པ་ཤེས་རབ་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་རང་ལས་གསོག་པའི་རྒྱུ། །རང་སྐྱོན་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །

ཞེས་སོགས་གསུངས་པ་འདི་དག་དོན་གཉིས་ཀྱིས་བཤད་ན།  དབྱིན་ཇིའི་མཚན་ཉིད་རིག་པའི་མཁས་དབང་ར་སལ་གྱིས།  གལ་ཏེ་མི་ཞིག་གིས༢ཐོག་ཏུ༢བསྣན་ཚེ༥ཡིན་ཞེས་ཨུ་ཚུགས་ཀྱིས་སྨྲ་བའམ།  འཁྱགས་གླིང་ནི་ཐིག་དམར་ལ་ཁེལ་ཡོད་ཅེས་སྨྲས་ན།  རང་ཉིད་རྩིས་རིག་དང་ས་བབ་ལ་རྨོངས་པ་ཞིག་ཡིན་ན་མ་གཏོགས། སྙིང་རྗེ་སྙམ་པ་ཙམ་ལས་ཁོང་ཁྲོ་སྐྱེ་མི་སྲིད།  ཅེས་བཤད་པའི་འཇིག་རྟེན་སྤྱིའི་འགྲོ་སྟངས་ཀྱང་དེ་ལྟར་ལགས་ན།  ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ཞིང་གནས་ལུགས་མངོན་སུམ་དུ་གཟིགས་པའི་སྒྲུབ་བརྒྱུད་གོང་མས་རྣམས་ཀྱིས་དགག་སྒྲུབ་ཀྱི་སྨྲ་བཅད་མཛད་པའི་དོན་ལ་ངོ་མཚར་མེད་ཀྱང་ངོ་མཚར་བའི་གནས་སུ་གྱུར།  དེའི་དོན་ཡང་གཙུག་ལག་ཆོས་ཀྱི་ཕྲེང་བས།

མདོར་ན་བརྒྱུད་པ་འདི་ནི་གསང་སྔགས་བོན་དུ་མི་གྱེར་ཞིང་དམ་ཆོས་ཚེ་འདིའི་ཞར་ལ་མི་གཏོང་ལ་ཟབ་གནད་ལ་ཚོགས་བཤད་དང་རྩོད་ཆོས་སུ་མི་མཛད་པས།  རྡོ་རྗེ་ཐེག་པའི་ཐོས་པ་མི་སྒྲོག་པའི་ཕྱིར་ཟབ་གནད་ཀྱི་ས་བོན་ཙམ་ལས་ཡི་གེར་མི་འགོད་ལ།  དེ་ཉིད་བླ་མ་དམ་པ་ཉམས་རྟོགས་ཅན་གྱིས་སློབ་མ་སྣོད་ལྡན་ལ་དབང་པོའི་རིམ་པས་བསྟན་ཏེ།  རྒྱུད་ལ་ཉམས་རྟོག་སྐྱེད་པ་ཁོ་ན་ལ་ཕྱག་བཞེས་མཛད་ཀྱི།  རྣམ་བཤད་དང་སྤྱི་དོན་དང་དགག་སྒྲུབ་ཀྱི་ཐལ་ཕྲེང་མཛད་པའི་སྲོལ་མེད་དེ།  བཅོམ་ལྡན་འདས་མི་བསྐྱོད་ཞབས་ཀྱིས་བཀའ་བརྒྱུད་སྔ་རབས་པ་རྣམས་ལ་མན་ངག་གི་ཡི་གེར་མ་འཕེལ་སློབ་མ་གྲུབ་ཐོབ་ཏུ་སྨིན་པས་གང་ཟག་གིས་གདམས་ངག་གི་སྣོད་ཐུབ་པ་བྱ་བ་དེ་བྱུང་བ་ཡིན་ཞེས་བཀའ་བསྩལ་པ་དངོས་སུ་ཐོས་པ་ལྟར་ཡིན་ཡང་།  དེང་སང་ནི་སྒྲུབ་བརྒྱུད་ཉམས་པ་ལས་ཀྱང་ཆེས་ཉམས་ལ་ཐུག་པས།  ཉམས་སུ་མི་ལེན་ཡི་གེ་གང་མང་འགྲན།  ཞེས་རང་བྱུང་ཞབས་ཀྱིས་བཀའ་བརྒྱུད་ཆོས་ཀྱི་དཀར་ཆག་ཏུ་གསུངས་པ་དེ་ཉིད་ཐོབ་ཏུ་བབ་སྟེ།  སྒྲུབ་བརྒྱུད་པ་རྣམས་ཀྱང་རང་ལུགས་ཀྱི་མན་ངག་གི་གནད་ཟབ་མོ་མཐའ་ཡས་པ་རྣམས་ལ་ཇི་མི་སྙམ་པར་བརྙས་ཐབས་ཀྱིས་དོར་ནས།   ཚམ་ཚོམ་མེད་པར་གཞན་གཞུང་གི་གླེགས་བམ་ཆེན་པོ་འཇིག་ལྟ་དང་མཐར་ལྟའི་སྙིང་པོ་ཅན་རྣམས་ལ་སྐྱབས་སུ་འཛིན་པར་ཉེ་བར་སྣང་བས་ཐར་འདོད་ངལ་བར་བྱས་ཀྱིས་དོགས་ཤིང་།  ད་ནི་བཀའ་བརྒྱུད་ཀྱི་བསྟན་པ་ལུང་གི་དུས་སུ་སླེབ་སཔ་ཡིན་ཡིན་ཞེས་བཅོམ་ལྡན་འདས་མི་བསྐྱོད་ཞབས་ཀྱི་བཀའ་དངོས་སུ་ཐོས།  ཞེས་གསུངས་པ་བཞིན་དུ་ལགས་ཤིང་།

ཡབ་སྲས་གཉིས་ཀྱི་རྣམ་ཐར་ལྟར་ན་ཡང་།  སྒྲུབ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་མདུན་ནས་ཡབ་ཆོས་རྗེ་བྱམས་པའི་དཔལ་གྱིས་སྒྲོ་འདོགས་ནང་ནས་ཆོད་དེ་ཕྱིས་པཎ་གྲུབ་གསུམ་དང་མཇལ་ཡང་རྟོགས་པ་ལ་སྐྱེད་འདོན་མ་དགོས་པའི་ལོ་རྒྱུས་དང་།  སྲས་སེམས་དཔའ་ཆེན་པོས་ཀྱང་བླ་ཆེན་བསོད་དབང་གི་མདུན་ནས་ལྟ་བའི་སྒྲོ་འདོགས་བཅད་དེ།  ཁོང་གི་སྤྱན་ཡིག་ལོགས་སུ་འབྲི་བའི་ངལ་བ་རྣམ་ཐར་རྩོམ་པ་པོས་ཀྱང་འདེགས་པར་མ་ནུས་པའི་སྔར་ཐོས་བསམ་གྱི་ཆོས་དེ་རྣམས་སྦུན་སྐོགས་སུ་སོང་བར་གཟིགས་པའི་ལོ་རྒྱུས་དག་ནི་ངོ་མཚར་གྱི་གནས་སུ་འཁུམས།

གཉིས་པ་ནི།  བཟོ་རྩིས་སྨན་དང་ཡིག་སྣ་དཔག་མེད་པའི། །རྟེན་འབྲེལ་ཐབས་ཀུན་གཞན་ཕན་ཡིན་སྙམ་ཡང་། །སྣ་ཚོགས་མང་པོས་བསམ་གཏན་ཆག་པའི་རྒྱུ། །ཆོས་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །གང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་དང༌། །དབེན་པའི་ཁོང་ནས་ཕུན་ཚོགས་སྒྲུབ་པ་ཡང༌། །དོན་ཆུང་ངང་ལ་མི་ཚེ་འཛད་པའི་རྒྱུ། །བྱ་བ་གཏོང་བ་ཁོ་བོའི་སྙིང་གཏམ་ཡིན། །མཁས་དང་བཙུན་དང་སྒྲུབ་ལ་བརྩོན་པ་སོགས། །ཕྱོགས་རིས་ཡོན་ཏན་ཕུལ་ཏུ་ཕྱིན་གྱུར་ཀྱང༌། །གང་ལ་ཞེན་པ་དེ་དག་འཆིང་བའི་རྒྱུ། །ཕྱོགས་མེད་ཁྲོལ་ཤེས་ཁོ་བོའི་སྙིང་གཏམ་ཡིན། །ཞེས་སོགས་གསུངས་པའི་ཞལ་གདམས་རྣམས་ཡིན་ཏེ། དེ་ཡང་སྐུ་ཞབས་ར་སལ་གྱིས། རྩོད་པ་ཛ་དྲག་ཆེ་ཤོས་དག་ནི།  ཕྱོགས་གཉིས་ཀར་རྒྱུ་མཚན་འཐད་ལྡན་འདྲེན་རྒྱུ་མེད་པའི་གནད་དོན་དག་ཡིན།  ཞེས་བཤད་པ་ལྟར།  དགག་སྒྲུབ་ཀྱི་རིགས་པ་ཕལ་ཆེར་བ་ནི་རྣམ་རྟོག་གི་སྤྲོས་པ་ཡིན་ཞིང་།  རྣམ་རྟོག་གི་སྤྲོས་པ་ལ་མཐའ་མེད་པས་ནང་པ་གཅིག་པུ་ལའང་།  སྡེ་བ་བཅོ་བརྒྱད་དང་གྲུབ་མཐའ་རྣམ་པ་བཞི་རུ་གྱེས་པ་ཙམ་དུ་མ་ཟད།  དབུ་མ་པའི་གྲུབ་མཐའ་གཅིག་ལ་ཡང་རྒྱ་བོད་གཉིས་སུ་ཐ་དད་ལ་མི་འདྲ་བ་གཉིས་གཉིས་སུ་གྱེས་པ་དེ་ཁོ་ནས་ཀྱང་ཅུང་ཟད་གོ་བར་ནུས་ལ།  དེ་ཡང་གཙུག་ལག་ཆོས་ཀྱི་ཕྲེང་བས།  སྤྱིར་ཡང་ཞིང་དང་ས་བོན་དང་དུས་དང་རྐྱེན་འཛོམས་པ་ལས་ལོ་ཏོག་འབྱུང་བར་འཆད་དགོས་ཀྱི།  འཇོར་དང་གཤོལ་དང་ལོ་ཏོག་གི་བསྟན་བཅོས་ཀྱིས་ལོ་ཏོག་འབྱུང་ངོ་ཞེས་སྨྲས་ན་བཞད་གད་ཀྱི་གནས་སུ་འགྱུར་བ་ལྟར།  ལྷན་ཅིག་སྐྱེས་པ་གཉུག་མའི་དོན་བླ་མ་མཚན་ལྡན་གྱི་བྱིན་རླབས་སློབ་མ་སྐལ་ལྡན་ལ་དུས་སུ་ཐེབས་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ནང་ནས་འཆར་བ་ཡིན་པ་ལ།   ལུང་དང་རིགས་པ་མན་ངག་ལས་རྙེད་པར་བྱའོ་ཞེས་འཆད་པས་ཀྱང་དཔྱོད་ལྡན་དགའ་བ་སྐྱེད་མི་ནུས་ཏེ།  ལུང་རིགས་མན་ངག་ནི་ཀླ་ཀློ་ནས་རྡོ་རྗེ་ཐེག་པའི་བར་ཐམས་ཅད་ལ་ཡང་སོ་སོར་ཡོད་ཅིང་།  དེ་བཞིན་གཤེགས་པས་གསུངས་པའི་སྡེ་སྣོད་གསུམ་གྱི་ལུང་རྟེན་འབྲེལ་བཅུ་གཉིས་དང་རྒྱུ་འབྲས་ཀྱི་རིགས་པ་བསླབ་པ་གསུམ་གྱི་མན་ངག་སྟེ་བསྟན་པ་གཅིག་ཁོ་ན་ཡང་གནས་མ་བུ་པའི་སློབ་དཔོན་རྣམས་ནས་དབུ་མའི་བར་ལྟ་བ་དང་གྲུབ་པའི་རིགས་པ་འདི་ཙམ་ཞིག་ཏུ་གྱེས་ཏེ།  ལུང་རིགས་མན་ངག་གཅིག་ཁོ་ན་གང་ཟག་དབང་པོ་ཐ་དད་པ་བཅུ་གཉིས་ཀྱིས་ཅིག་ཅར་ཉན་ཞིང་བསམས་ནས་ཤེས་ཏེ་གཞན་ལ་སྟོན་པ་ན།  སོ་སོའི་དབང་པོའི་རིམ་པས་ལྟ་བ་མི་འདྲ་བ་བཅུ་གཉིས་སུ་འགྱུར་བ་ཡིན་ལ།  བླ་མ་མཚན་ལྡན་རྙེད་ན་དེས་ཚོང་དང་སོ་ནམ་གྱི་ཐ་སྙད་ཀྱིས་ཀྱང་དེ་ཁོ་ན་ཉིད་ལ་སྦྱོར་བར་ནུས་ན་ལམ་རྣམས་ཀྱིས་ལྟ་ཅི་སྨོས།  དེས་ན་བླ་མ་མཚན་ལྡན་བཙལ་བར་བྱའི།  ལུང་རིགས་མན་ངག་ཙམ་བཙལ་བར་མི་བྱ་ལ།  ལྟ་བ་འཁོར་འདས་དབྱེར་མེད་ཀྱང་ཤོག་བུའི་ལོགས་ལས་རྙེད་པ་དེས་ནི་དགོས་པ་སྦྱིན་པར་མི་ནུས་སོ། །  ཞེས་སྙིང་པོའི་དོན་འཚོལ་བའི་གང་ཟག་རྣམས་གྲུབ་མཐའི་ཞེ་འདོད་སོགས་ལས་འདའ་དགོས་པའི་གདམས་པ་འདི་ནི། དཔལ་ཏཻ་ལོ་པའི་ཞལ་ནས།  སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ཀྱང་། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེས་སོགས་གསུངས་པའི་གནས་ལུགས་དེ་དག་ཏུ་ངེས་སོ། །

འོ་ན་རྣམ་བཤད་དང་སྤྱི་དོན་དང་དགག་སྒྲུབ་ཀྱི་ཐལ་ཕྲེང་དག་ནི་སྙིང་པོ་མེད་པ་ཞིག་ཡིན་ནམ་ཞེ་ན།  དེ་ནི་མ་ཡིན་ཏེ་བསྟན་ལ་འཕེལ་འགྱུར་ཡོད་པའི་དབང་གིས་བསྟན་པ་ལུང་གི་དུས་ལ་སླེབས་དུས་གཙོ་བོ་བཤད་པའི་ལམ་ནས་འཛིན་སྐྱོང་གནང་དགོས་པ་ཡིན་ཏེ།  དཔེར་ན་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱིས་རྙིང་མའི་བསྟན་པ་དེ་འདྲའི་ལམ་ནས་འཛིན་སྐྱོང་གནང་བའི་མཛད་པ་དང་།   འཇམ་མགོན་བླ་མས།  གཞུང་ཆེན་བཀའ་བཞི་མི་བསྐྱོད་རྒྱལ་ལ་བབས།  །སྲས་བཅས་ལེགས་བཤད་ཉི་འོད་བརྡལ་བའི་རྒྱུན།  །དེང་སང་ན་ཡང་དོན་གྱིས་མ་ཆད་བཞུགས།  །ཞེས་གསུང་པ་ལྟར་དུ་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་མཛད་ཕྲིན་ཡང་གཙོ་བོ་དེ་འདྲའི་ལམ་ནས་རྒྱས་པར་མངོན་ནོ། །

༤༽  དཀང་ནག་ཟང་ཐལ་གྱི་ལྟ་བའི་ཚོགས་གཉིས་ཟུང་འཇུག

སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང༌། །ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད། །ཟུང་འཇུག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས། །གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང༌། །ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང༌། །གྲོལ་ལམ་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྐལ་མེད་དག་ལ་དབང་བསྐུར་བྱེད་པ་དང༌། །སྐྱེ་བོའི་དབུས་སུ་དམ་རྫས་བསྟེན་ལ་སོགས། །གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ། །བཙུན་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །སྐྱེ་བོའི་དབུས་སུ་གཅེར་བུར་རྒྱུག་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང༌། །འཇིག་རྟེན་པ་རྣམས་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང།  སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང་།  །བྱར་མེད་རྟོགས་ཀྱང་སྡོམ་གསུམ་བསྲུང་བ་དང་།  །དམིགས་མེད་སྙིང་རྗེས་འགྲོ་ལ་ཅི་ཕན་བརྩོན།  །ཚོགས་གཉིས་དབྱེར་མེད་ཁོ་བོའི་སྙིང་གཏམ་ཡིན།  །

ཞེས་དཀར་ནག་ཟང་ཐལ་གྱི་ལྟ་བའི་ཚོགས་གཉིས་ཟུང་འཇུག་གི་གདམས་པ་འདིའི་རྒྱབ་རྟེན་ནི།

རྗེ་བཙུན་མི་ལ་རས་པས་ཆོས་རྗེ་དྭགས་པོ་ལྷ་རྗེ་ལ་ཐ་མའི་ཞལ་གདམས་ཀྱི་ཚུལ་དུ།  རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤང་།  བསགས་སྦྱང་རང་སར་དག་ཀྱང་ཚོགས་ཆུང་ངུ་ནས་གསོག  ལས་འབྲས་མཁའ་ལྟར་རྟོགས་ཀྱང་སྡིག་པ་ཆུང་ངུ་ལ་འཛེམ།  མཉམ་བཞག་རྗེས་ཐུབ་མེད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་མི་འཆད་པར་ཉམས་སུ་བླང་།  བདག་གཞན་མཉམ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་བ་མི་གདབ།  ཅེས་སྟོང་པ་རྟེན་འབྱུང་དུ་ཤར་བའི་རྟོགས་པ་ནང་ནས་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོས་གཞུང་གི་བཤད་ཚུལ་ཙམ་དུ་གདམས་པ་མ་ཡིན་པར། སྲས་ཀྱི་ཐུ་བོ་དང་ཞལ་གྱེས་ཁར་ཐུགས་དམ་གྱི་བསླབ་བྱ་སྙིང་གཏམ་དུ་གསུངས་པ་དེ་དག་དང་།

རྗེ་སྒམ་པོ་པས་ཀྱང་།  ཁོ་བོ་ལ་བླ་མ་གོང་མ་རྣམས་ལས་ལྷག་པའི་ཡོན་ཏན་ཅི་ཡང་མེད་མོད།  རྟེན་དགེ་སློང་དུ་ཡོད་པ་འདིའི་མཐུ་ལས་ཕྲིན་ལས་ཆེ་བ་བྱུང་ཞེས་ཚུལ་ཁྲིམས་ལ་གཅེས་སྤྲས་བླ་ལྷག་ཏུ་མཛད་པའི་ལུགས་སྲོལ་དེ་དག་ལ་བརྟེན་ནས།  དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོའི་ནང་དུ།  དགེ་བའི་ངོ་བོས་ཕྱག་ཆེན་སྒྲིབ་མི་སྲིད།  །ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་ཁྱད་པར་ཆོས།  །རྟོག་ཉིད་རྟོགས་ན་རྒྱུ་འབྲས་ཉིད་དུ་ལྡང་།  །རྒྱུ་ནི་མ་བསྒྲུབས་ཡོན་ཏན་འབྱུང་མི་སྲིད། །སྡོམ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ། །གསང་སྔགས་ལ་ནི་ཚུལ་ཁྲིམས་མེད་ཀ་མེད།  །སྤྱོད་པ་བླང་དོར་བྲལ་བ་ཚུལ་ཁྲིམས་བཞེད། །རིག་སྤྱོད་ཁྱད་དུ་འཕགས་པ་ཚུལ་ཁྲིམས་ཡིན།  །ཞེས་མདོ་རྒྱུད་བསྟན་བཅོས་ཀུན་ལས་བཏུས་པའི་སྟོང་ཉིད་རྟེན་འབྱུང་གི་ཕྲ་གསང་བསྡུས་པའི་སྡོམ་ཚིག་མང་དུ་བྱུང་བ་དེ་དག་གི་དགོངས་དོན་ནི་ཚོམས་སོ་སོའི་དགོངས་འགྲེལ་གྱི་བསྟན་བཅོས་དག་ལས་མཁྱེན་པར་གནང་དགོས།

སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་དུ་གསོད་པ་དང་བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་པའི་གང་ཟག་ཤེས་རབ་ཆུང་བ་དག་ནི་ཆོས་བརྒྱུད་ཀུན་ལ་འབྱུང་བར་སྲིད་ཀྱང་།   ལྟ་གྲུབ་དང་ཉམས་ལེན་རྩལ་འདོན་སྟངས་དང་འབྲེལ་ནས་ཐུན་མོང་དུ་བསོད་ཚོགས་དང་ཚུལ་ཁྲིམས་ལ་འཐུས་ཤོར་འབྱུང་ཆེ་ཤོས་ནི་སྔ་འགྱུར་རྙིང་མ་བ་རྣམས་ཡིན་པར་མངོན་ཏེ།  དགེ་བའི་རྩ་བ་རྩྭའི་རྩེ་མོ་ཙམ་ཡང་མ་བསགས།  མི་དགེ་བ་རྩའི་རྩེ་མོ་ཙམ་ཡང་མ་སྤངས་པའི་སྔོན་བྱུང་རིག་པ་རང་ཤར་རྒྱུ་མེད་ཀྱི་སངས་རྒྱས་འདོད་པ་དང་གཅིག  སྤྲིན་ཚོགས་དཀར་ནག་གང་ཡིན་ཡང་ཉི་ཟླ་སྒྲིབ་པའི་ཆོས་སུ་མཚུངས་པ་ལྟར།  དགེ་སྡིག་གཉིས་ཀ་རྫོགས་ཆེན་སྒྲིབ་པའི་ཆོས་སུ་མཉམ་པར་འདོད་པ་དང་གཉིས།  རྒྱུ་འབྲས་སྤང་བླང་གི་ལས་རིམ་བསོད་ཚོགས་ནི་སྐལ་མེད་ཀྱི་ལམ་དུ་ཐག་བཅད་དེ།  བྱར་མེད་ཆོས་ཀྱི་མཐར་ཐུག་ཏུ་འདོད་པའི་རྣམ་གཞག་ཆེན་པོ་གསུམ་ལ་བརྟེན་ནས།  སྡོམ་གསུམ་རིམ་གྱིས་ནོད་པ་ཡོད་ཀྱང་བྱར་མེད་རྟོགས་ན་སོ་སོའི་ལུགས་བཞིན་བསྲུང་སྲོལ་མེད་པ་རྙིང་མ་ཡང་དག་པའི་ལུགས་ཏེ།  རྗེས་འབངས་ཉེར་ལྔ་དང་སྔགས་འཆང་རྒྱལ་བ་ཀློང་ཆེན་པ་རྣམས་ཀྱི་རྣམ་ཐར་ལྟར་དུ་སྦྱོར་སྒྲོལ་མཛད་ཀྱང་ཆོས་མནབ་ལྟ་བུར་ལགས་ཤིང་།  མ་དག་སྔ་འགྱུར་རྙིང་མའི་ཆོས་ལུགས་ལ་སྡོམ་གསུམ་རིམ་གྱིས་ཞུ་བའི་ལུགས་སྲོལ་མེད་ཅིང་།  ཐེག་དགུའི་དབང་ཙམ་ལ་བརྟེན་ནས་བསྙེན་རྫོགས་ཀྱང་ཐོབ་པར་རློམ་སྟེ་ཆོས་གོས་སྣམ་སྦྱར་གྱོན་ནས་རབ་བྱུང་གི་གྲལ་དུ་ཞུགས་པ་དང་།  ཆུང་མ་བསུས་ཏེ་ཁྱིམ་གཞིས་འཛིན་པའི་སེར་བཙུན་དང་སེར་ཁྱིམ་གྱི་དགོན་སྡེ་དག་ནི།  ཁམས་གློང་ཐང་གི་ཕྱོགས་སུ་དུས་ད་ལྟ་ཡང་གསོན་དཔེ་མང་དུ་མཇལ་བར་བཏུབ་ལ།  བཀའ་རྙིང་ཟུང་འཇུག་གི་དགོན་སྡེའི་ཁྱད་ཆོས་གཙོ་བོ་གཅིག་ནི་བསླབ་པ་ལ་བག་ཡངས་ཀྱི་འདུ་ཤེས་ཧ་ཅང་ཟབ་པ་དེ་ཡིན།  འདི་དག་ནི་སྔ་འགྱུར་རྙིང་མ་རང་གི་བསྟན་འཛིན་གྱི་སྐྱེས་ཆེན་དང་། རིས་མེད་མཁས་གྲུབ་མང་པོའི་ཁྲིད་ཡིག་ཚུན་ཆད་དུ་གྲགས་པའི་གཏམ་དུ་ལགས་ཀྱང་།  བབ་ཅོལ་རང་བཟོའི་གཏམ་དུ་བསྙད་པར་དོགས་ཏེ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ལུང་ཚན་ཁ་ཤས་འགོད་ན་འདི་ལྟ་སྟེ།  རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས།  གང་དང་མི་འདྲ་ཞིང་ཀུན་ལས་ཁྱད་དུ་འཕགས་པའི་རྫོགས་པ་ཆེན་པོའི་ཁྱད་ཆོས་རྣམས་ཚུལ་བཞིན་རྟོགས་ཤིང་ཇི་བཞིན་བརྗོད་པའི་ནང་དུ།

ཀྱེ་མ་ཉམ་ཐག་འགྲོ་ཀུན་སྙིང་རེ་རྗེ། །མཐར་ཐུག་དོན་གྱི་ངེས་པའི་སྙིང་པོ་ལ། །གསེར་སྒྲོག་ཐག་སྒྲོག་འཆིང་བར་མཉམ་པ་ལྟར། །ཆོས་དང་ཆོས་མིན་སེམས་ཀྱི་འཆིང་བ་མཉམ། །དཀར་ནག་སྤྲིན་ཚོགས་སྒྲིབ་པར་མཉམ་པ་ལྟར། །དགེ་སྡིག་གཉིས་ཀ་རིག་པའི་སྒྲིབ་པར་མཉམ། །དེ་བས་དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །དགེ་སྡིག་རྒྱུ་འབྲས་ཀུན་ལས་འདས་པ་གཅེས། །ཞེས་བྱར་མེད་རྟོགས་ཀྱང་སྡོམ་གསུམ་བསྲུང་དགོས་པར་འདོད་པ་དག་ལ།  ཀྱེ་མའི་སྒྲ་ཡིས་དྲངས་ནས་དགེ་སྡིག་སྒྲིབ་མཉམ་གྱི་ལྟ་བའི་ཁྱད་ཆོས་བརྗོད་པ་དང་།

དེ་ནི་ཨ་ཏི་སྙིང་པོའི་རྣལ་འབྱོར་པས། །རྒྱུ་འབྲས་བྱིས་པ་འདྲ་བའི་ཆོས་རྣམས་ཀུན། །མས་འཛེག་སྐལ་དམན་ལམ་དུ་ཐག་བཅད་དེ། །རང་ངོའི་དགོངས་པའི་ཆོས་ལས་འདས་པའི་དོན། །བྱར་མེད་ནམ་མཁའི་ཆིངས་སུ་བཅིང་པར་བྱ། །ཞེས་སོགས་ཀྱིས་བྱར་མེད་ཆོས་ཀྱི་མཐར་ཐུག་ཏུ་བཞེད་པ་འདི་དག་ནི་ཀུན་བྱེད་རྒྱལ་པོའི་བློན་པོ་རུ་ངེས་པ་ཡིན།  འཇུ་མི་ཕམ་པས།  ལྟ་བས་ཇི་ལྟར་ཐག་བཅད་པ། །དེ་བཞིན་སྒོམ་དང་སྤྱོད་པས་སྐྱོང་། །ཞེས་གསུངས་པར་ལྟར་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་ལྟ་བས་དེ་ལྟར་ཐག་བཅད་པའི་དོན་ནི།  ཡང་དག་རྙིང་མའི་ལུགས་ཀྱི་སྤྱོད་པས་བསྐྱངས་པའི་རྣམ་ཐར་དུ་ལགས་ཤིང་།

མདོར་ན་སྔགས་འཆང་རྒྱལ་བ་ཀློང་ཆེན་པས་ཧྭ་ཤང་གི་ལྟ་གྲུབ་ནི་དབང་རྟུལ་རིམ་གྱིས་པ་མས་འཛེག་སྐལ་དམན་རྣམས་ཀྱི་བློ་ངོར་མ་ཤོང་བའི་རྒྱུ་མཚན་གྱིས་སྐུར་བ་བཏབ་པ་ཙམ་དུ་ཟད་ཀྱི།  དོན་ལ་རྫོགས་པ་ཆེན་པོའི་ལྟ་གྲུབ་ཀྱི་ཟླ་བོར་འོས་པ་ནི་དེ་ལས་མེད་པ་ལྟ་བུའི་སྒོ་ནས་བསྟོད་བསྔགས་གནང་བར་མཛད་པ་ནི།  རྙིང་མའི་མཁན་ཆེན་འགའ་རེས་ཧྭ་ཤང་མ་ཧཱ་ཡ་ན་གང་ཟག་གཉིས་སུ་སྤྲུལ་ཏེ་རང་ལུགས་གསར་བཟོ་མཛད་པའི་དཔྱད་རྩོམ་དག་ལ་མཇལ་ན་ཡང་གསལ་བོར་མངོན་ཐུབ་པ་ཡིན།

གཞན་ཡང་སྟག་ཚང་ལོ་ཙཱ་བས་སྒྲས་བརྗོད་ཙམ་གྱིས་དབུ་མར་གྲགས་པ་ལ་དབྱེ་བ་བཞི་རུ་ཕྱེས་པའི་གཉིས་པ་སྣང་བ་སྐུར་འདེབས་སྣང་སེལ་དབུ་མ་པ། །ཞེས་ལུག་གཉིས་པས་རིག་ངོར་གང་ཡང་མ་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་ཏུ་ཡང་ཐབས་མཐའ་དག་སྤངས་པའི་ཕྱིར་རྒྱ་ནག་ཧྭ་ཤང་དང་དེའི་རྗེས་སུ་དོན་གྱིས་འབྲང་བ་རྫོགས་པ་ཆེན་པོ་མཐོང་གྲོལ་གཅིག་ཆོད་དུ་སྨྲ་བ་མང་པོས།  བསོད་ནམས་ཆུང་ངུས་ཆོས་འདི་དང་མི་འཕྲད་ལ།  འཕྲད་ན་བསླབ་གསུམ་གྱི་ཉམས་ལེན་གང་ཡང་མི་དགོས་པར་གྲོལ་བར་སྨྲ་བའི་ཕྱིར།  ཞེས་གསུངས་པ་ལ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་ཀུན་རྫོབ་ཏུ་ཡང་ཐབས་མཐའ་དག་སྤངས་པའི་ཕྱིར་ཞེས་བཞེད་པ་མི་རིགས་པའི་སྐྱོན་སྤོང་དུ་རྙིང་ཆོས་ལ་ལར་སྲོག་གཅོད་སོགས་སྤོང་བའི་ཐབས་ཀྱི་ཆ་དང་།  དབང་བསྐུར་དང་གར་འཆམས་སོགས་ལུགས་ཀྱི་སྤྱོད་པ་དང་ཐབས་ཀྱི་ཆ་མང་པོ་མངོན་སུམ་གྱིས་མཐོང་བར་ཕྱིར་ཞེས་སྐྱོན་སྤོང་མཛད་ན་ཡང་།  སྤྱི་བབ་ནས་ལྟ་གྲུབ་དང་འབྲེལ་ཏེ་སྟོང་མཐར་ལྷུང་བ་ལ་དགག་སྒྲུབ་གང་འཚམ་མཛད་ཡོད་པ་ནི།  གོང་དུ་དྲངས་པའི་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཆེན་མོའི་གཞན་བཞེད་ཕལ་ཆེར་བའི་སྔ་རྒོལ་དུ་སྔ་འགྱུར་རྙིང་མ་བ་དྲངས་ཡོད་པ་སོགས་ལས་མངོན་ཐུབ་པ་ཡིན།

དེ་ཡང་དཔེ་མཚོན་ཙམ་དུ་ཚིགས་བཅད་འགའ་དྲངས་ན།

དགེ་བ་ཅི་བྱས་མངོན་མཐོ་ངེས་ལེགས་ཀྱི། །

རྒྱུ་ཉིད་ཡིན་ཕྱིེར་ཕྱག་ཆེན་རྟོགས་པ་ལ། །

སྒྲིབ་བྱེད་མིན་གྱི་དེ་ཡིས་སྒྲིབ་ཅེས་པ། །

ཧྭ་ཤང་དང་ནི་རྫོགས་ཆེན་པ་ཡིས་སྨྲ།  །

ཞེས་དང་། དེང་སང་གསང་སྔགས་རྙིང་མར་གྲགས་པ་ཡི། །བཅོམ་ལྡན་ཤཱཀ་ཐུབ་སྟོན་པར་མི་བྱེད་ཅིང་། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་མི་བསྟེན་པར། །བསླབ་པ་གསུམ་གྱི་རིམ་པ་གང་ཡང་མེད། །འཕགས་པའི་བདེན་པ་བཞི་ཡི་རྣམ་གཞག་ཉམས། །ཞི་གནས་ལྷག་མཐོང་རིམ་པ་ཅི་ཡང་མེད། །རང་བཟོའི་ལྷ་འགའི་མངོན་རྟོགས་ཕྲེང་རེ་དང་། །ཅང་མེད་སྟོང་སྒོམ་མུན་མཚམས་བཅད་པ་ནས། །མིག་གི་འཁྲུལ་སྣང་ཤར་ཚེ་འོད་གསལ་གྱི། །ངོ་བོ་ཡིན་ཟེར་དེ་ཡི་ངང་ཉིད་དུ། །གྲོལ་ན་སྐུ་དང་ཡེ་ཤེས་འབྱུང་བར་ཕྱིར། །བར་དོའི་དུས་སུ་ཞི་ཁྲོར་འཚང་རྒྱ་ཞེས། །སྨྲ་བ་འདི་ཀུན་ལ་ཡང་དོགས་པ་སྐྱེས། །ཐར་པ་འདོད་རྣམས་འདི་ལ་བག་ཟོན་འཚལ། །མགོ་གཡོག་མགོ་སྐོར་གར་ཡོད་མི་ཤེས་པས། །ཇི་བཞིན་སྤྱོད་པའི་ཤེས་རབ་མེད་པ་ཀུན། །དོན་མེད་གནས་སུ་འཇུག་ཉེན་ཆེ་བར་སྣང་། །ཞེས་གསུངས་པ་སོགས་ཀྱིས་མཚོན་ཏེ་ཤེས་པར་བྱའོ། །

མདོར་ན་རྗེས་དུས་གསུམ་མཁྱེན་པའི་ཞུས་ལན་དུ།  རྗེ་སྒམ་པོ་པའི་ཞལ་ནས།  ངས་བླ་མ་མི་ལའི་དྲུང་དུ་མི་མང་རབ་ཅིག་ཡོད་པའི་དུས་སུ་རྫོགས་ཆེན་འདི་ཅི་ཙུགས་ལགས་ཞུས་པས།  བླ་མ་མར་པའི་ཞལ་ནས།  ཆོས་མིན་པ་སྐད་ཟེར་ཏེ།  ཆོས་མིན་པར་མི་འདུག  ས་དྲུག་པ་བདུན་པ་ཡན་ཆད་ཀྱི་ཆོས་སུ་འདུག་གསུང་དེས་ན་བྱིས་པ་ལོ་ལྔ་ལོན་པ་ཙམ་ཞིག་ལ་མཛུབ་མོ་བཙུགས་ནས།  རྫོགས་པ་ཆེན་པོ་རྣམས་འདི་དང་འདྲ་བ་ཡིན་ཏེ།  བྱིས་པ་འདི་ན་རེ།  ང་ལ་སྐྱེས་བུ་ལོ་ཉི་ཤུ་རྩ་ལྔ་ལོན་པའི་ནུས་པ་ཡོད་ཟེར་བ་དང་འདྲ་བ་ཡིན།  རྫོགས་ཆེན་པ་རྣམས་ཀྱང་ད་ལྟ་སངས་རྒྱས་པ་སྐད་ཟེར་ཡང་དོན་དང་མི་ལྡན་ཞེས་གསུངས་པ་ལྟར། དབང་རྟུལ་རིམ་གྱིས་པའི་ཆོས་བརྒྱུད་གཞན་ལས་ལྷག་པའི་ཁྱད་ཆོས་མང་པོར་བཤད་དེ་ལྟ་བ་མཐོ་སྙེག་གི་ལམ་ནས་འཁོར་སློབ་ཀྱི་མཛད་ཕྲིན་བསྐྱང་བ་ནི་གཞན་ལས་འབུར་དུ་དོད་པ་དང་།  ཆོས་ཉིད་ཟད་སར་སྐྱོལ་བའི་རྟོགས་པ་ངག་ཏུ་བཞག་སྤྱོད་པ་བླང་དོར་གཟའ་གཏད་མེད་པ་ཞེས་ཚུལ་ཁྲིམས་འཆོལ་ཉོག་ཏུ་སྤྱོད་པ་ནི་གཞན་དག་ལས་མང་དུ་བྱུང་བར་མངོན་ཏེ།  ཀུན་མཁྱེན་མི་ཕམ་རྒྱ་མཚོས་ཆོས་བརྒྱུད་གཞན་ལས་ཁྱད་པར་འབྱེད་པའི་ཆོས་སུ།   ལྟ་བ་མཐོ་སྙེག་སྤྱོད་པ་བརླིང་ལ་དགྱེས། །ཞེས་དང་། རྙིང་མ་ཕལ་ཆེར་ནི། སྲོག་གཅོད་ལ་འཛེམ་པ་ཡོད་ཀྱང་། བུད་མེད་ནི་ལར་སྤང་བྱ་མིན་པར་རློམས། སྔགས་པ་མཚན་ཉིད་པ་རྣམས་ནི་སྐྱབས་སུ་མཆིའོ། །སྤྱིར་ནི་འདོད་ཆགས་འདིས་རྙིང་བསྟན་ལ་འཚེ་བས་གཟབ་འཚལ། ཞེས་གསུངས་སོ།

འདི་ནི་རྙིང་མའི་མཁས་དབང་འགའ་ཤས་ཀྱིས་སྙིང་གཏམ་གྱི་བརྗོད་བྱ་རང་གིས་ཀློང་ཆེན་པའི་གསུང་དུ་གྲུབ་པར་འདོད་པ་ལ་དྲན་སྐུལ་ཞིག་གི་དོད་དུ།  སྐྱེས་ཆེན་གཉིས་ཀྱི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་ཐོག་ནས་ཅུང་ཟད་ཤན་འབྱེད་པའི་གསལ་བཤད་ཙམ་ལས།  སྐབས་དང་མ་འབྲེལ་བའི་ཆོས་ཁུངས་དག་མིན་གྱི་རྩོད་གླེང་རྣམས་ནི་ཆེད་དུ་སྤང་ཅི་ཐུབ་བྱས་ནས་བྲིས་པ་ཡིན་གཤིས།  མིང་འདོགས་དང་འཇིགས་སྐུལ་དུ་རྟོག་པའི་ཡོལ་བ་མེད་པའི་སྒོ་ནས་སྤྱན་གཟིགས་གནང་བར་ཞུ།

གཉིས་པ་འཕྲིན་ཡིག་གི་སྤྱི་ཆིངས་སུ་བསྡུ་བ།

འཕྲིན་ཡིག་སྡུག་བསྔལ་རང་གྲོལ།  (ཞལ་བྱང་འདི་འཕྲིན་ཡིག་རང་དང་རྣམ་ཐར་ལས་བཏུས་ཏེ་སྦྱར་བ་ཡིན།)

ཚོང་འདུས་ཚོགས་པའི་མགྲོན་པོ་དང་།  །ཤིང་ཕུང་འདུས་པའི་བྱ་བྱེད་ཀུན། །ལྷན་ཅིག་འདུས་ཀྱང་སོ་སོར་གྱེས།  །འདུས་བྱས་ཐམས་ཅད་དེ་དང་འདྲ།  །རྨི་ལམ་སྣང་བ་བཟང་ངན་ལ། །དགའ་དང་མི་དགའ་གང་བྱུང་ཡང་། །གཉིད་སད་དུས་ན་གཏད་ས་མེད།  །སྣང་བ་འདི་ཡང་དེ་དང་འདྲ།  །སྒྱུ་མ་མཁན་གྱི་མིག་འཕྲུལ་ལ།  །ལྟད་མོ་སྣ་ཚོགས་མཐོང་ལགས་ཀྱང་།  །རྟེན་འབྲེལ་ནུས་པ་བཤིག་པའི་ཚེ།  །བདེན་ཞེན་རྣམ་རྟོག་རང་སར་གྲོལ།  །འཇིག་རྟེན་སྣང་བ་བསླུ་བྲིད་ལ།  །བདག་འཛིན་འཆིང་བ་དམ་པོས་བཅིངས།  །ཤུགས་བྱུང་སྡུག་བསྔལ་ཤིན་ཏུ་མེད།  །རིག་པ་ཁོང་ནས་གློད་པར་ཞུ།  །ད་ལྟའི་སྣང་བ་འདི་ཀུན་ཀྱང་།  །སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ།  །ཕྱི་ནས་བདེན་པར་གྲུབ་པ་མེད།  །གཏད་མེད་དྲན་པས་འཛིན་པར་ཞུ།  །བཅོས་སུ་མེད་པའི་ཆོས་ཉིད་ལ།  །སྡུག་བསྔལ་བྱས་པས་མི་ཕན་གྱི།  །

མྱ་ངན་སེམས་ལ་མི་འཆང་བར།  །སེམས་ལ་སེམས་ཀྱིས་བལྟ་བར་ཞུ།  །སྤྱི་གཙུག་དུས་གསུམ་སངས་རྒྱས་བཞུགས།  །གདུང་སེམས་དྲག་པོས་གསོལ་བ་ཐོབ། །སྙིང་དཀྱིལ་རང་གི་ཡི་དམ་བཞུགས།  །སྙིང་པོ་སྔགས་ཀྱི་བཟླས་བརྗོད་མཛོད།  །མ་བཅོས་ངང་དུ་ལྷན་གྱིས་ཞོག  །སྡུག་བསྔལ་རང་སར་གྲོལ་བར་འགྱུར།  །རང་གི་སེམས་ལ་ཅེར་གྱིས་ལྟོས།  །བདེ་བ་ནང་ནས་རྙེད་པར་འགྱུར།  །གང་བྱེད་སེམས་ཅན་དོན་དུ་གྱིས།  །གཞན་དོན་ལྷུན་གྱིས་འགྲུབ་པར་ངེས།  །བསྔོ་དང་སྨོན་ལམ་རྒྱ་ཡིས་ཐོབ།  །མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར།  །

ཞེས་དཔོན་ཤཱཀྱ་མགོན་བཟའ་ཟླ་གཉིས་ཀྱི་ཡིད་ལ་བཅགས་པའི་སྲས།  དཔོན་ཤཱཀྱ་དཔལ་དམག་དཔོན་དུ་དབུས་སུ་ཕྱིན་པས་ཚེ་ལས་འདས་ཏེ།  ཕ་མ་གཉིས་མིའི་སྡུག་བསྔལ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་སྡུག་པ་དང་བྲལ་བའི་སྡུག་བསྔལ་གྱིས་མནར་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་དུས་སུ།  སེམས་དཔའ་ཆེན་པོ་ཁྲོ་ཕུ་པས་འཕྲིན་ཡིག་འདི་གནང་བ་ལ་བརྟེན་ཏེ་སྡུག་བསྔལ་ལས་གྲོལ་ནས་སེམས་ལ་བདེ་བ་རྙེད་པའི་སྡུག་བསྔལ་སེལ་བར་བྱེད་པའི་སྨན་ཕུལ་གྱི་འཕྲིན་ཡིག་འདིས་ནི།  བསྒྲུབ་བྱ་གང་ཞིག་ངོས་བཟུང་སྟེ་དེ་དག་གཙོ་བོ་སྒྲུབ་ཕྱོགས་ནས་གདམས་ཤིང་དེ་ཡང་ལྷ་འབངས་དཀྱུས་མ་ཞིག་ལ་གསུངས་པ་ཡིན་གཤིས།  དཔེ་དང་ཚིག་སོགས་གོ་སླའི་ཉམས་གཙོ་བོར་བྱས་ནས་གདམས་པ་ཡིན་ཡང་།  མཛད་པ་པོ་ཁོང་གི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་ལ་ཆ་རྒྱུས་ཅུང་ཟད་མེད་ན་ལས་སླ་མོའི་སྒོ་ནས་འཕྲིན་ཡིག་གི་སྤྱི་ཆིངས་དངོས་ནི་རྙེད་པར་དཀའ་བ་ཡིན་ན།  སྤོང་བ་བསམ་གཏན་པ་དང་ཀློག་པ་ཐོས་བསམ་པ་རྣམས་གཙོ་བོ་བྱས་པའི་གདུལ་བྱ་དག་ལ།  སྤང་བྱ་དངོས་བསྟན་དང་བསྒྲུབ་བྱ་དགག་ཕྱོགས་ནས་གཙོ་བོ་སྟོན་པའི་ཞལ་གདམས་སྐྱེས་བུ་གཞན་གྱི་ཡིན་པར་བཤད་པའི་བག་ཆགས་སོགས་ཀྱིས་སྤྱི་ཆིངས་དངོས་ཀྱི་སྒྲོམ་གཞི་ནི་རྙེད་པར་ཧ་ཅང་དཀའ།

འོ་ན་འཕྲིན་ཡིག་གི་སྤྱི་ཆིངས་གང་ཡིན་ཞེ་ན་དེ་ནི་ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཡིན་ཞིང་།  འདི་ཡི་ཐོག་ནས་ཁོང་གི་ཐུགས་དམ་གྱི་མཐིལ་དང་གདུལ་བྱ་རྗེས་སུ་འཛིན་པའི་ཕྲིན་ལས་ཀྱི་གཙོ་བོ་ཡང་ཕྱག་རྒྱ་ཆེན་པོ་ལྔ་ལྡན་རང་གི་ཐོག་ནས་མཛད་པར་མངོན་ལ།  དེ་ལྟས་ཁོང་གི་སྙིང་གཏམ་གྱི་བསླབ་བྱ་ཡང་སྤྱི་ཆིངས་དེ་རུ་བསྡུས་ཏེ་གསུངས་ཡོད་པ་ནི་རྗེས་དཔོག་གི་ལམ་ནས་ཀྱང་གྲུབ་པ་ཡིན་ཞིང་དངོས་སུ་མཇལ་ན་ཡང་མཐོང་བར་བཏུབ་པ་དེ་བཞིན་དུ་ལགས།  སྤྱི་ཆིངས་དེ་ལས་གཞན་དག་ནི་ཐུན་མོང་གི་ཆོས་ལྟ་བུར་ལགས་ཤིང་ཐུན་མོང་མ་ཡིན་པ་ལུས་སེང་གེ་ལྟ་བུའི་སྤྱི་ཁོག་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་ཀྱི་གདམས་པའི་ཚིག་བཅད་འགའ་ཤས་དམིགས་སུ་བསལ་ཏེ་ཟུར་དུ་འགོད་ན་འདི་ལྟ་སྟེ།

དེ་ཡང་ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག་ལྟར་ན་མ་བཅོས་གཉུག་མར་ངོ་སྤྲོད་པ་དང་།  རྣམ་རྟོག་འོད་གསལ་དུ་ངོ་སྤྲོད་པ་གཉིས་སུ་ཡོད་པ་ལས་དང་པོ་ནི། གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་གྱུར་ཀྱང་། །ཉམས་ལེན་མེད་ན་འཆི་ཁར་དཔེ་ལ་ལུས། །སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །སྒྲུབ་པ་བྱེད་ཚེ་ཆོས་སྟོན་གོ་བསྡུར་དང༌། །བསྟན་བཅོས་རྩོམ་དང་ཉམས་དབྱངས་ལ་སོགས་པ། །རྩལ་སྣང་ཡིན་ཡང་རྟོག་པ་འཕེལ་བའི་རྒྱུ། །བློ་བྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གསུངས་པའི་ཤོ་ལོ་ཀ་དང་པོས་ནི་སེམས་འཚོལ་མན་ངག་གི་ལམ་ནས་ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིག་ཡིག་ནང་གི་ཐོག་མ་གཞི་རྩ་བཅད་པའི་བསྒྲུབ་བྱ་དེ་ཉིད་སྤང་བྱ་སྤོང་ཕྱོགས་ནས་གཙོ་བོར་བསྟན་ཞིང་།  གཉིས་པས་ནི། དཔལ་ས་ར་ཧས།  རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲ།  །བསྒོམ་དུ་མེད་པས་ཡིད་ལ་མི་བྱ་སྟེ།  །ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ།  །བཅོས་མི་དམིགས་པ་དག་གིས་མ་བསླད་དེ།  །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས།  །ཞེས་གསུངས་པའི་དོན་དེ་གོང་བཞིན་དུ་བསྟན་ལ།  ཐ་མལ་གྱི་ཤེས་པ་དང་བློ་བྲལ་གྱི་མཚན་གཉིས་མིང་གི་རྣམ་གྲངས་དང་དེ་ཉིད་ཇི་ལྟར་སྐྱོང་ཚུལ་གཉིས་པོ་མདོར་བསྡུས་པའི་ཚུལ་དུ།  རྒྱལ་བ་ཡང་སྒོམ་པས།  སེམས་ངོས་བཟུང་དང་བྲལ་བ་སྟོང་པའི་དབྱིངས།  །གསལ་སྟོང་གི་ཤེས་པ་བློ་བྲལ་དེ།  །རང་སར་ཞོག་ལ་རང་ལ་ལྟོས་དང་། །སྒོམ་ལྷག་མཐོང་གི་རང་ཞལ་མཐོང་བ་ཞིག་འོང་གི། །ཞེས་གསུངས་སོ།  །

གཉིས་པ་རྣམ་རྟོག་འོད་གསལ་དུ་ངོ་སྤྲོད་པ་ནི། དབེན་པའི་གནས་སུ་རྟོག་པའི་རྒྱུན་བཀག་ནས།།མི་རྟོག་ཏིང་འཛིན་གཉེན་པོ་སྒོམ་པ་ཡང་།།རྩེ་གཅིག་ཉམས་ཀྱི་ཞེན་པས་འཆིང་བ་མང་།།གང་ཤར་རང་གྲོལ་ཁོ་བོའི་སྙིང་གཏམ་ཡིན།།རྣམ་རྟོག་སྐྱེས་ཚེ་གཅེར་གྱིས་ལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །སྒོམ་དུ་མེད་པ་གོམས་སུ་གཞུག་པ་གཅེས།།ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གསུངས་པའི་ཚིགས་བཅད་དང་པོས་ནི།  ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག་ནང་དུ།  དེ་ཡི་ངང་ནས་རྟམ་རྟོག་གང་བྱུང་ཡང་།  བྱུང་བ་དེ་ཉིད་ལ་ཅེར་གྱིས་བལྟས་པས་བལྟ་རྒྱུ་མེད་དེ་རང་གྲོལ་དུ་གྱུར་བས་རྟོག་པ་དེ་ཉིད་ཡུལ་སྣ་ཚོགས་ཀྱི་རྐྱེན་གྱིས་སྣང་བ་ཤར་དུ་བཅུག་པ་ནི།  གཟུགས་སྒྲའི་རྐྱེན་གྱིས་ཡེ་ཤེས་རང་སད་པ་བྱ་བ་ཡིན།  ཞེས་བཞེད་པའི་རྣམ་རྟོག་འོད་གསལ་དུ་ངོ་སྤྲོད་པའི་ནང་གསེས་ཀྱི་དོན་དེ་བསྟན་ལ།  གཞན་ཡང་ངོ་སྤྲོད་རྩལ་འདོན་སྟངས་ཀྱི་ཆེ་བ་ཞིག་ཀྱང་བསྟན་པར་མངོན་སྟེ།  བདེ་གཤེགས་ཕག་མོ་གྲུ་པས་རྗེ་དྭགས་པོ་ལྷ་རྗེ་མཇལ་བའི་རྣམ་ཐར་དང་།  རྗེ་མི་བསྐྱོད་ཞབས་ཀྱིས།   ཁོ་བོ་ཅག་གི་ལུགས་ལ་གང་ཤར་གྱི་རྣམ་རྟོག་གི་དེ་ཉིད་དམ་རང་བཞིན་བདེ་གཤེགས་སྙིང་པོ་ཉིད་ལ་ལྟ་སྒོམ་དུ་བྱེད་པའི་ཕྱིར།  ཞེས་དང་།  བདག་ཉིད་ཆེན་པོ་དཔལ་ལྡན་ས་སྐྱ་པས།  །རྣམ་ཤེས་དང་འབྲེལ་རྣ་རྟོག་འགག་པ་ཡི།  །མི་རྟོག་ཕྱག་རྒྱ་ཆེ་ལ་ངོས་བཟུང་ནས།  །དྭགས་པོ་ལྷ་རྗེས་རྟོག་དང་བྲལ་རྗེས་ཀྱི།  །མི་རྟོག་ཙམ་དེས་ཚིམ་པར་མ་གྱུར་ནས།  །ནང་རིག་འགྱུར་མེད་མ་བཅོས་རང་འགའ་མའི།  །ཐ་མལ་ཤེས་པའི་གནས་ལུགས་ཕྱག་རྒྱ་ཆེ། །ལྟ་སྒོམ་འདི་ལ་ནན་ཏན་ཉིད་དུ་མཛད། །ཅེས་སོགས་བཞེད་པ་ཡིན་ནོ།  །

ཚིགས་སུ་བཅད་པ་གཉིས་པས་ནི།  ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག་ནང་དུ། ཅེར་གྱིས་བལྟས་པས་བལྟ་རྒྱུ་མ་རྙེད་པ་ནི།  ཡེ་ཤེས་ལ་ཡེ་ཤེས་སུ་རང་ངོ་རང་གིས་ཤེས་པར་བྱ་བ་ཡིན་ནོ།  ། ཞེས་གསུངས་པའི་རྣམ་རྟོག་འོད་གསལ་དུ་ངོ་སྤྲོད་པའི་ནང་གསེས་ཀྱི་དོན་དེ་བསྟན་ཞིང་།  ངོ་སྤྲོད་ཀྱི་རིམ་པ་འདི་ལ་ཕྱག་ཆེན་གྱི་ཁྲིད་ཡིག་རྣམས་སུ།  སེམས་ཉིད་ལྷན་སྐྱེས་ངོ་སྤྲོད་པ།  སྣང་བ་ལྷན་སྐྱེས་ངོ་སྤྲོད་པ།  རྣམ་རྟོག་ལྷན་སྐྱེས་ངོ་སྤྲོད་པ་གསུམ་གྱི་རྣམ་གཞག་མཛད་པའི་དོན་བཞིན་དུ་ལགས་སོ། །དེས་ན་སེམས་ཀྱི་ངོ་བོ་ལ་ལྟ་བའི་ངོ་སྤྲོད་ཀྱི་རིམ་པ་འདི་ཀློང་ཆེན་པའི་དགོངས་པ་དང་མི་འབྱོར་བའི་དོན་ནི།  དབང་རྟུལ་རིམ་གྱིས་པ་ཕྱག་ཆེན་ལྟ་བའི་ངོ་སྤྲོད།  ངོ་བོ་མ་བཙལ་རང་མཐོང་ཆེན་པོ་དབང་རྣོན་གཅིག་ཆར་བ་རྫོགས་པ་ཆེན་པོའི་ལྟ་བའི་ངོ་སྤྲོད་ཅེས་རྙིང་མའི་མཁས་པ་འགའ་ཤས་ཀྱིས་ལྟ་བ་མཐོ་སྙེག་གི་མཛད་པ་དྲྭ་ཚོམས་ཚུན་ཆད་དུ་བསྐྱངས་དང་སྐྱོང་མུས་སུ་ལགས་ན།  གསལ་བཤད་མོད་པ་ནི་ཡིག་ཚོགས་མང་བའི་དགོས་པ་ཙམ་ལས་མེད་པར་སེམས།

སྐབས་འབྲེལ་ཞོར་འཕྲོས་ཀྱི་གཏམ་གཉིས།

༡༽  ཚིག་སྦྱོར་ལ་འཕྲི་སྣོན་ཅིའི་ཕྱིར་བྱུང་བ་ཡིན།

དེ་ལ་ཐུན་མོང་གིས་གདབ་པར་ངེས་པའི་ལན་ནི་བཤད་པར་མི་སྤྲོ་ཞིང་།  དམིགས་བསལ་ཚིག་སྦྱོར་འགའི་འཕྲི་སྣོན་ལ་ཅུང་ཟད་གསལ་བཤད་ཞུ་ན། ཁྲོ་ཕུ་སེམས་དཔའ་ཆེན་པོས།  སྒོམ་དུ་མེད་པ་གོམས་སུ་གཞུག་པ་གཅེས། ཞེས་གསུངས་པའི་དོན་ནི། དྭགས་པོ་བཀའ་བརྒྱུད་པའི་གྲུབ་མཐའ་ཆེན་མོའི་ནང་གི།  རྟོགས་པ་གོམས་པར་བྱེད་པ་སྒོམ་པ་ཡིན།  །ཞེས་བཤད་པའི་དྭགས་པོ་བཀའ་བརྒྱུད་ཀྱི་སྤྱི་བཞེད་ཐུན་མིན་གྱི་གསུང་དུ་ལགས་ཀྱང་།  ཀློང་ཆེན་པའི་གསུང་དུ་དཔེ་བཤུས་བྱས་པའི་བུ་དཔེའི་ནང་དུ།  སྒོམ་དུ་མེད་པ་སྒོམ་དུ་བཞག་པ་གཅེས། །ཞེས་ཆེད་བཅོས་ཀྱི་བསྒྱུར་བ་དང་།  དེ་བཞིན་དུ།  བྱར་མེད་རྟོགས་ཀྱང་སྡོམ་གསུམ་བསྲུང་བ་དང་།  །ཞེས་བྱ་བ་མ་དཔེའི་ནང་དུ་འཁོད་པ་ལ།  བྱར་མེད་རྟོགས་པ་དང་སྡོམ་གསུམ་བསྲུང་བ་གཉིས་ནི་གོང་དུ་བཤད་པ་ལྟར་མི་མཐུན་པ་ལྟ་བུར་ཆགས་པའི་སྟབས་ཀྱིས་ཆེད་དུ་མི་མཐུན་པའི་ཚིག་རྒྱན་དོར་བ་ནི།  རང་ལུགས་སུ་འཆད་པར་དཀའ་བའི་གལ་གནད་ཅན་གྱི་ཚིག་ལ་འཕྲི་སྣོན་མཛད་དེ་གྲུབ་མཐའི་གནད་བཅོས་པ་འདི་དག་གི་དོན་ལ་བསམ་ན། ཅུང་ཟད་སྐྱོ་བའི་སྣོན་མ་ཞིག་ཏུ་འགྱུར་བར་སེམས།  གང་ལྟར་ཀྱང་།  རྒྱལ་དབང་མི་བསྐྱོད་རྡོ་རྗེས།  བརྒྱུད་པ་རིན་པོ་ཆེ་འདི་པ་འཁོར་ལོ་བར་བའི་བསྟན་བྱ་ལ་དགོངས་ནས་རྒྱུ་འབྲས་སྟོང་ཉིད་དུ་རྟོགས་པ་དང་།   ཐ་མའི་བསྟན་བྱ་ལ་དགོངས་ནས་སྟོང་ཉིད་རྒྱུ་འབྲས་སུ་ཤར་བ་ཞེས་པའི་ཐ་སྙད་མཛད་དོ།  །ཞེས་གསུངས་པ་ལྟར་སྟོང་ཉིད་རྟེན་འབྱུང་གི་ཕྲ་གསང་ཚུལ་བཞིན་དུ་གཟིགས་ཤིག་གདམས་པར་མཛད་པའི་དཔལ་དྭགས་པོ་བཀའ་བརྒྱུད་པ་དག་གི་གཞན་ལུགས་སྤྱི་བཞེད་ལས་རང་ལུགས་ཚིག་རྒྱན་གཅིག་གི་ལམ་ནས་མངོན་པར་བྱས་པ་ཡིན་གཤིས།  མི་མཐུན་པའི་ཚིག་རྒྱན་འདི་ཡི་རྣོ་དབལ་གྱི་ལྗིད་ཚད་ནི་གཞན་ལས་ཅུང་ཟད་འབུར་དུ་དོད་པར་མངོན་ཏེ།  དཔེ་མཚོན་ཙམ་དུ་ཁ་འཕངས་ན།  འཇིག་རྟེན་གསུམ་གྱི་མགོན་པོས།  སྟོང་ཉིད་རྟེན་འབྱུང་གི་ཕྲ་གསང་ཚུལ་བཞིན་དུ་གཟིགས་པའི་རྗེས་སུ་གཟོད་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་བསླབ་པ་གསུམ་མིག་གི་འབྲས་བུ་བཞིན་དུ་བསྲུངས་པའི་རྣམ་ཐར་ལྟར་དུ་ལགས་སོ།  །

༢༽  མ་དཔེའི་ཤོ་ལོ་ཀ་གཅིག་ཅིའི་ཕྱིར་བུ་དཔེར་མ་འཁོད་པ་ཡིན།

དབེན་པའི་གནས་སུ་རྟོག་པའི་རྒྱུན་བཀག་ནས། །

མི་རྟོག་ཏིང་འཛིན་གཉེན་པོ་སྒོམ་པ་ཡང་།།

རྩེ་གཅིག་ཉམས་ཀྱི་ཞེན་པས་འཆིང་བ་མང་། །

གང་ཤར་རང་གྲོལ་ཁོ་བོའི་སྙིང་གཏམ་ཡིན།།

ཞེས་གསུངས་པའི་ཚིགས་བཅད་འདིའི་ཐད་ཀྱི་དྲི་བ་དེ་ལ་ཕལ་ཆེར་བས་སྤྱི་བབ་ནས་བལྟས་ན་སྲིད་པ་ཆད་སོང་བའི་ལན་ཞིག་གནང་ནས། ཆེད་དུ་འཕྲི་བར་དོགས་པའི་བསམ་གཞིག་པ་རྣམས་ལ་དགོས་དབང་གིས་བཟོས་པའི་དེང་སང་བཀོལ་བཞིན་པའི་ཐ་སྙད་རྟོག་གེ་པ་ཞེས་པའི་མཚན་དེ་གསོལ་བར་ངེས་ཀྱང་།   དཔེ་གཅོད་ཀྱི་རིམ་པ་འདི་ནི་སྤྱིར་བཏང་ཞིག་མ་ཡིན་ཏེ།  ཤོ་ལོ་ཀ་རེ་རེའི་ནང་དུ་ཚིག་སྦྱོར་གྱི་འཕྲི་སྣོན་མ་བྱས་པ་ཕལ་ཆེར་མེད་སྟབས།  རང་གར་ཤོ་ལོ་ཀ་གཅིག་ཆད་འགྲོ་བའི་རྣམ་པ་ནི་འབྱུང་མི་སྲིད་པ་བལྟས་པས་ཆོག་པ་ལགས་ན།  དཔེ་གཅོད་བླ་མས་ཆེད་དུ་ཕྲིས་པ་ནི་མངོན་གསལ་དོད་པོ་ཡིན།  འོ་ན་ཅིའི་ཕྱིར་ཕྲིས་པ་རེད་ཅེ་ན།  ཞི་ལྷག་གི་རིམ་པ་མེད་པའི་ལྟ་བ་ཐད་ཀར་དུ་ངོ་སྤྲོད་པའི་ཆེ་བ་དང་།  རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་སོགས་ནི་ཕྱག་རྒྱ་ཆེན་པོའི་ས་ལམ་གྱི་རྣམ་གཞག་དབང་རྟུལ་རིམ་གྱིས་པའི་ཆོས་སུ་བསྙད་དེ་ཡི་གར་དེ་ཙམ་མི་ཡོང་བ།   མདོར་ན་གང་ཟག་རིམ་གྱིས་པ་ཡིན་ཡང་ལྟ་བ་རྫོགས་ཆེན་གཅིག་ཆར་བའི་ཆེ་བ་དབྱངས་སུ་གྱེར་ཞིང་།  གཞན་གཞུང་ཕར་ཞོག་རང་ལུགས་སྤྱི་བབ་ཀྱི་སྒྲོམ་ཙམ་ཡང་ལེགས་པོར་མ་ཆགས་ཤིང་མ་བརྟག་ཉམས་དགའ་བའི་བབ་ཅོལ་སྨྲ་བ་ལ་གོམས་པ།  རང་ཕྱོགས་ལ་ཞེན་པའི་གདོང་བག་ཅུང་ཟད་མཐུག་པའི་དེང་སང་གི་གང་ཟག་ཁ་ཤས་དང་འདྲ་བ་ཞིག་གིས་ཆེད་དུ་དོར་བཞག་པར་སེམས།  གུས་པར་མཛོད་བདུན་ཆེད་སྦྱོང་བ་ཞིག་གིས་ཁོ་བོ་ནི་རྫོགས་པ་ཆེན་པོའི་གདུལ་བྱར་མི་མཛའ་ཞིང་ཕྱག་རྒྱ་ཆེན་པོའི་གདུལ་བར་འོས་པ་ཞིག་རེད་ཅེས་ཐེངས་མ་གཅིག་བཤད་སོང་ལ།  གཉིས་པའི་སྐབས་སུ་ཕྱག་ཆེན་ངོ་སྤྲོད་གནང་བའི་བླ་མ་བཟང་པོ་འདྲ་གང་ལ་ཡོད་ཨེ་རེད་ཅེས་དྲི་བ་གནང་སོང་།  འདི་ནི་ཉམས་མྱོང་དང་འབྲེལ་བའི་སྐད་ཆ་ཞིག་དང་ཅོ་འདྲི་བ་གང་ཡིན་ཆ་མ་འཚལ་ཡང་།  ཁོང་རྣམས་ལ་ཐུན་མོང་དུ་མངའ་བའི་ལྟ་ཚུལ་ནི་ཕྱག་རྫོགས་ཀྱི་བར་དུ་ཐབས་མང་དཀའ་བ་མེད་པ་དང་།  དབང་པོ་རྣོན་པོའི་དབང་བྱས་པའི་ཁྱད་པར་མདོ་སྔགས་ཀྱི་ཧེམ་བག་ལྟ་བུར་ཡོད་པ་ནི་ཀུན་པོས་མཁྱེན་གསལ་ལྟར་དུ་ལགས།  དེ་ལྟས་དཔེ་གཅོད་པ་ཁོང་གིས་ཀྱང་རང་གི་འཇོན་ཚོད་ལ་ལྟོས་ཏེ་ཚིག་སྦྱོར་ལ་འཕྲི་སྣོན་དང་།  རང་གི་རྣམ་དཔྱོད་ལ་ལྟོས་པའི་རང་ལུགས་དང་འགལ་བའི་ཤོ་ལོ་ཀ་གཅིག་ཕྲིས་ནས་མཛད་བྱང་གསར་དུ་སྦྱར་བར་གནང་བ་ནི་གདོན་མི་བྱ་བ་ཡིན།  དེ་འདྲའི་སྙིང་ཁམས་ཅན་ཞིག་ཨེ་སྲིད་སྙམ་ན།  འབྲེལ་ཐོགས་ཐམས་ཅད་དམྱལ་བར་ཁྱུ་དེད་བྱེད་ཅིང་།  ཆོས་ལ་དབང་ཟ།  གསང་སྔགས་ལ་རས་ཆོད་བྱས།  རྫུན་ཕུག་ཨོ་རྒྱན་ཆེན་པོ་ལ་བཀལ་བའི་སྙིང་ཁམས་ཅན་གྱི་གཏེར་སྟོན་ཡང་བྱོན་རབས་ཡོད་ན།  འདི་ནི་སྨོས་ཀྱང་མི་དགོས་སོ། །འདི་དག་ལས་འཕྲོས་ནས་ཕའི་དཔང་པོ་བུ་ཡིས་བྱས་པའི་རིགས་ལམ་དང་འགྲོགས་ཏེ་གང་འདོད་དུ་བཀའ་བཀྱོན་མི་གནང་བར་འཚལ།  སྤྱིར་བཏང་བཤད་ན་མན་ངག་ཟབ་མོ་རང་གར་དཔེ་གཅོད་བྱེད་པའི་དགོས་པ་ལས་དགག་བྱ་ཆེ་བའི་གནས་ལུགས་ཡོད་ཀྱང་།  གནས་སྐབས་ལ་ལར།  ཀུན་མཁྱེན་དོལ་པོ་པས། བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་པར་ཤོག །བསྟན་པ་གསལ་བར་མ་ནུས་ན། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག །ཁུར་ཆེན་ཁུར་བར་མ་ནུས་ན། །བསྟན་པར་སེམས་ཁྲལ་བྱེད་པ་དང་། །བསྟན་པ་ཉམས་ཀྱིས་དོགས་པ་ཡིས། །བྱ་ར་ཙམ་ཡང་བྱེད་པར་ཤོག །ཅེས་གསུངས་པའི་དོན་དུ་འབྱོར་བ་ཡང་སྲིད་པས་ཝ་མོས་སེང་སྐད་སྒྲོག་པའི་སྡིག་མོ་མི་གནང་བའི་རེ་བའང་ཆེ།

གསུམ་པ་ངོ་མཚར་ཡོན་ཏན་བདུན་མར་སྦྱར་བ་འོ། །

གཞན་ཡང་བསྟན་བཅོས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ནི།  མཛད་པ་པོ་རང་གི་རྣམ་ཐར་གྱི་རྟོགས་བརྗོད་དང་འབྲེལ་བ་ཆེ་བ་སྟེ།   ངོ་མཚར་བའི་ཡོན་ཏན་བདུན་མ་ཇི་ལྟར་གསུངས་པ་ལྟར་དུ་རྩོམ་པ་པོ་རང་གིས་ཕྱག་ལེན་དུ་དེ་བཞིན་འཁེལ་བར་མཛད་པའི་ཐུན་མིན་གྱི་ཁྱད་ཆོས་སུ་འཁུམས་ཀྱང་།  ཁྲོ་ཕུ་བཀའ་བརྒྱུད་ནི་ཐུའུ་བཀྭན་གྲུབ་མཐའ་ལས་བཤད་པ་ལྟར་དུ་ཉམས་གུད་ལ་ཕྱིན་ཅིང་།  ཆོས་བརྒྱུད་སོ་སོས་རང་རང་གི་གྲུབ་མཐའི་ཁ་འཛིན་གྱི་ཆེད་དུ་སྐྱེས་བུ་འགའ་རེའི་རྣམ་ཐར་ལ་འཆད་ཉན་བྱེད་སྲོལ་ཡོད་ཀྱང་།  སྔོན་བྱོན་དམ་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞིག་གི་སླད་དུ་རང་གི་ཆོས་བརྒྱུད་དང་འབྲེལ་མིན་ལ་མ་ལྟོས་པར་རྩོད་མེད་ཀྱི་སྐྱེས་བུ་གང་ཞིག་གི་རྣམ་ཐར་བཀླག་པ་སྲོལ་ནི་ཕལ་ཆེར་མེད་པའི་སྟབས་ཀྱིས།  མཛུབ་མོས་རི་སྟོན་ཚུལ་དུ་ཁ་འཕངས་པ་ཙམ་གྱིས་ནི་མཁས་པར་རློམ་པ་རྣམས་ཀྱང་མགོ་རྨོངས་པའི་རྐྱེན་དུ་གྱུར་པ་ལགས་ན།  འདིར་མཉམ་མེད་སེམས་དཔའ་ཆེན་པོ་ཁྲོ་ཕུ་བའི་རྣམ་ཐར་ལས་ངོ་མཚར་ཡོན་ཏན་བདུན་མ་ཟུར་དུ་བཀོལ་བ་ལ་དགོས་པ་ཅུང་ཟད་ཡོད་པར་སེམས།

དེ་ལ་ངོ་མཚར་བའི་ཡོན་ཏན་བདུན་མའི་གོ་རིམ་ནི་མཆོག་དང་དམན་པའི་གོ་རིམ་དུ་ལགས་ཤིང་།  བསྟན་བཅོས་ཀྱི་བརྗོད་བྱའི་སྙིང་དོན་དྲིལ་བའི་ཚིགས་བཅད།

སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང་།  །བྱར་མེད་རྟོགས་ཀྱང་སྡོམ་གསུམ་བསྲུང་བ་དང་།  །དམིགས་མེད་སྙིང་རྗེས་འགྲོ་ལ་ཅི་ཕན་བརྩོན།  །ཚོགས་གཉིས་དབྱེར་མེད་ཁོ་བོའི་སྙིང་གཏམ་ཡིན།  །ཞེས་པ་འདིས་ཀྱང་མཆོག་དམན་གྱི་གོ་རིམ་དང་གཙོ་ཕལ་གྱི་དབང་གིས་དངོས་བསྟན་དང་ཤུགས་བསྟན་གྱི་ཚུལ་དུ་གསུངས་གཤིས།   དེ་གཉིས་ཀྱི་དགོངས་དོན་གཅིག་ཏུ་སྦྱར་ཏེ་ཆེ་བའི་ཡོན་ཏན་དག་ལ་སྙིང་གཏམ་གྱི་ལེགས་བཤད་ཚན་པ་ཁ་ཤས་སྦྱར་བ་སོགས་བྱ་སྟེ།

དེ་ལ་དང་པོ།༽  སྤང་གཉེན་རོ་གཅིག་པར་རྟོགས་ཀྱང་། དགེ་སྡིག་ཆུང་ངུ་ནས་བླང་དོར་མཛད་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་སྟེ། སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང་། །ཞེས་པའི་ཚིག་རྐང་གཅིག་གི་བསྟན་དོན་བསྒྲུབ་བྱར་བྱས་ཏེ། སྒྲུབ་བྱེད་རྒྱུ་མཚན་སྟོན་པའི་ཚིགས་སུ་བཅད་པ་ནི།

གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་གྱུར་ཀྱང་། །ཉམས་ལེན་མེད་ན་འཆི་ཁར་དཔེ་ལ་ལུས། །སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །སྒྲུབ་པ་བྱེད་ཚེ་ཆོས་སྟོན་གོ་བསྡུར་དང༌། །བསྟན་བཅོས་རྩོམ་དང་ཉམས་དབྱངས་ལ་སོགས་པ། །རྩལ་སྣང་ཡིན་ཡང་རྟོག་པ་འཕེལ་བའི་རྒྱུ། །བློ་བྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །དབེན་པའི་གནས་སུ་རྟོག་པའི་རྒྱུན་བཀག་ནས།།མི་རྟོག་ཏིང་འཛིན་གཉེན་པོ་སྒོམ་པ་ཡང་།།རྩེ་གཅིག་ཉམས་ཀྱི་ཞེན་པས་འཆིང་བ་མང་།།གང་ཤར་རང་གྲོལ་ཁོ་བོའི་སྙིང་གཏམ་ཡིན།།རྣམ་རྟོག་སྐྱེས་ཚེ་གཅེར་གྱིས་ལྟ་བ་གཅེས། །སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །སྒོམ་དུ་མེད་པ་གོམས་སུ་གཞུག་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྒོམ་དུ་མེད་པ་སྒོམ་དུ་བཞག་པ་གཅེས། །ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང་།སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང༌། །ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད། །ཟུང་འཇུག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་པ་ལ་སོགས་པ་དག་ཡིན་ནོ།  །

(ཆུ་ཕོ་ཁྱི་༡༢༦༢ལོ་ལ་ཁྲོ་ཕུ་དགའ་ལྡན་གྱི་གཟིམ་ཁང་དུ་ཆེ་བགྲེས་གྲོས་ལ་དབང་བ་རྣམས་བསགས་ཏེ།  དགེ་བའི་ལས་ཀ་ཞིག་བྱེད་འདོད་དེ་ཇི་འདྲ་འཐད་གསུངས་པས།   འགའ་ཞིག་གིས་སྔར་གྱི་འདི་རྣམས་རྒྱུན་འཁྱོངས་ན་ལེགས་ཟེར།  འགའ་ཞིག་གིས་དགེ་བ་རྗེས་མེད་འཐད་ཟེར།  ལ་ལས་གསུང་རབ་བཞེངས་པ་བསོད་ནམས་ཆེ་ཟེར།  ཁ་ཅིག་འབུམ་མོ་ཆེ་བཞེངས་དགོས་ཟེར།  རིན་པོ་ཆེ་པའི་གསུང་གིས།  སྤྱིར་མཆོད་རྟེན་ཆེན་པོ་བཞེངས་པ་འཐད་དེ།  འགྲུབ་མི་འགྲུབ་བརྟག་པ་ལ། སྔོན་འགྲོར།  ཆོས་རྗེ་པའི་ཕྱིའི་རྟེན་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དང་བཅས་པ་བཞེངས།  དེ་ནས་འབུམ་མོ་ཆེ་བཞེངས་པ་ཡིན་གསུངས་ནས་འདུན་མའི་གྲོས་ཐག་བཅད་དེ།  གསེར་འབུམ་གཙུག་ལག་ཁང་ཟླ་གསུམ་གྱིས་གྲུབ་པར་མཛད་ཅིང་།  ཆུ་ཕོ་རྟའི༡༢༨༢ལོར་དཔལ་བཀྲ་ཤིས་སྒོ་མང་ལེགས་འགྲུབ་བྱུང་བའི་དགའ་སྟོན་གྱི་རབ་གནས་མཛད་པ་དེའི་ཚེ་གྲུབ་ཐོབ་ཨོ་རྒྱན་པ་ཁྲོ་ཕུར་བྱོན་ནས་མཆོད་རྟེན་ཆེན་པོ་ལ་གཟིགས་པས།  བཀོད་པ་འདི་འདྲ་ོསོ་སོ་སྐྱེ་བོའི་བློ་ལ་མི་འཆར་བས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཕྱག་བཞེས་ཡིན་གསུངས་ནས།  རིན་པོ་ཆེ་པ་ལ་གསེར་ཕུལ།  བསྟོད་པ་དང་བཀུར་སྟི་མཛད།  ཅེས་བཤད་པ་ལྟར་དུ་ངོ་མཚར་བའི་མཆོད་རྟེན་བཀྲ་ཤི་སྒོ་མང་ལོ་གསུམ་གྱིས་གྲུབ་པ་མཛད་པ་སོགས།  མདོར་ན་འདུན་མའི་གྲོས་ཐག་ཇི་ལྟར་བཅད་ཅིང་གསུངས་པ་བཞིན་དུ་ཚོགས་གཉིས་ཟུང་འཇུག་གི་ཉམས་ལེན་སྐུ་ཚེའི་ཐུགས་དམ་ལ་དྲིལ་བ་ཕྱག་ལེན་དུ་འཁེལ་བར་མཛད་པ་ལགས་སོ།  །སྙིང་གཏམ་སུམ་ཅུ་པ་བརྩམ་པའི་དུས་ཚིགས་འདི་རུ་སྦྱར་བ་ལྟ་བུ་ཞིག་ཀྱང་མཐོང་བས་དཔྱད་པ་གནང་བར་འཚལ།)

གཉིས་པ།༽  བསླབ་གསུམ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་ལ། སྐུ་གསུང་ཐུགས་ཀྱི་སྤྱོད་པ་གང་མཛད་གཞན་ལ་ཕན་ཞིང་། མཐོང་ཐོས་དྲན་ཚད་དང་བའི་མོས་པ་འདྲེན་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་སྟེ། བྱར་མེད་རྟོགས་ཀྱང་སྡོམ་གསུམ་བསྲུང་བ་དང་། །ཞེས་པའི་ཚིག་འདིའི་བསྟན་དོན་བསྒྲུབ་བྱར་བཟུང་ནས། སྒྲུབ་བྱེད་རྒྱུ་མཚན་སྟོན་པ་ལ། གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས། །གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང༌། །ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང༌། །གྲོལ་ལམ་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །སྐལ་མེད་དག་ལ་དབང་བསྐུར་བྱེད་པ་དང༌། །སྐྱེ་བོའི་དབུས་སུ་དམ་རྫས་བསྟེན་ལ་སོགས། །གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ། །བཙུན་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །སྐྱེ་བོའི་དབུས་སུ་གཅེར་བུར་རྒྱུག་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང༌། །འཇིག་རྟེན་པ་རྣམས་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ས་ཕྱོགས་འདི་ན་བདག་ཉིད་མཆོག་འདོད་ཕྱིར། །རང་ཉིད་བཙུན་དང་བཟང་པོར་འདོད་པ་ཡང༌། །མཐོན་པོའི་གནས་ནས་དམའ་སར་ལྷུང་བའི་ཕྱི། །ཐང་ལྷོད་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་སོགས་གསུངས་པ་རྣམས་ཀྱིས་བསྟན་ཏོ།  །(བྲག་རམ་དུ་བཞུགས་ནས།  འཛམ་བུ་གླིང་འདིར་ཉི་ཟླ་ལྟར་གྲགས་པའི་མཁས་པ་ཆེན་པོ་དབུ་མ་པ་དང་།  འཇམ་པའི་དབྱངས་དར་མ་འོད་ཟེར་དང།  ལུང་རིགས་ལ་མཁྱེན་པ་མཆོག་ཏུ་གྱུར་པའི་བུ་སྟོན་གྲགས་པ་སེང་གེ་རྣམས་ཀྱིས་བླ་ཆོས་མཛད།  ཕྱི་རྒོལ་སྤ་བཀོང་བར་བྱེད་པའི་ཟུར་པ་ལྔ་བཅུ།  དཔེ་འགྲིམ་གྱི་གྲལ་སུམ་བརྒྱ་ཙམ་རེ་དང་།  བསླབ་གསུམ་མིག་འབྲས་ལས་གཅེས་པར་འཛིན་པ།  ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱིས་བརྒྱན་པའི་དགེ་འདུན་གཞན་དུ་མ་སྟེ།  སྡོམ་བརྩོམ་བདུན་བརྒྱ་ཙམ་དང་།  དད་གུས་ངེས་འབྱུང་གི་བསམ་པ་ཅན་གྱི་སྐྱ་སྒོམ་གྱི་ཚོགས་དུ་མ་དང་བཅས་ཏེ།  སྟོང་ཕྲག་རེས་ཐོས་བསམ་སྒོམ་གསུམ་མཛད། མདོར་ན་སེམས་དཔའ་ཆེན་པོ་ཉིད་ཀྱིས་དགུང་ལོ་སོ་གསུམ་ནས་བདུན་ཅུའི་བར་བྲག་རམ་གྱི་གདན་ས་བསྐྱངས།  སྡེ་སྣོད་འཛིན་པ་ལྔ་བརྒྱ་དང་དྲུག་ཅུ་འཕེལ་ལོ།  །རྒྱལ་ཁམས་སྡེ་སྣོད་འཛིན་པས་གང་བར་བྱས་སོ།  །ཞེས་བྲག་རམ་གྱི་གདན་ས་བསྐྱངས་པའི་རྣམ་ཐར་གྱི་བསྡོམས་ཚིག་འདི་ཁོ་ནས་ཀྱང་ཇི་ལྟར་བཙུན་འགོ་འདོན་པར་དམ་བཅའ་པ་དེ་བཞིན་དུ་ཕྱག་ལེན་དུ་འཁེལ་བར་མཛད་པ་མངོན་ཞིང་།  ཆོས་དང་སྐུ་མཚམས་ཀྱི་བར་མ་གཏོགས་པ།  དད་ཅན་རྣམས་ཀྱིས་ཕྱོགས་བཅུར་གདན་དྲངས་ནས་བསོད་ནམས་ཀྱི་ཞིང་མཛད་ཅིང་།  གཞི་བྱེས་ཐམས་ཅད་དུ་རང་རང་གི་སྐལ་བ་དང་མཐུན་པར།སྒོ་སྣ་ཚོགས་ནས་ཆོས་བསྟན་པས་སྐལ་ལྡན་གྲངས་མེད་སོ་སོར་ཐར་པ་དང་།  བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་ཐེག་པ་ལ་བཀོད་དོ།  །ཞེས་བཤད་པ་འདི་ལས་ཁོང་གིས་ལྡུམ་བུ་བ་བསོད་ནམས་སེང་གེ་ཞེས་གསུངས་པའི་དོན་གནད་གསལ་བར་བྱས་པའོ།  །མདོར་ན་དེའི་དུས་བསླབ་གསུམ་གྱི་བསྟན་པ་སྤེལ་བ།  བསྡུ་བཞིས་འགྲོ་དོན་མཛད་པ་ལ།  སེམས་དཔའ་ཆེན་པོ་འདི་དང་མཉམ་པ་བོད་དུ་མ་བྱུང་ཟེར་བའི་རྣམ་ཐར་གྱི་གཏམ་བཞིན་དུ་ཞལ་འོག་སྐུ་ཆུད་ཀྱི་མཛད་ཕྲིན་ཕྱོགས་སུ་བསྐྱངས་པ་ལགས་སོ། །)

གསུམ་པ།༽  སེམས་ཅན་ཐམས་ཅད་ལ་བདག་བས་གཅེས་པར་འཛིན་ཅིང་། འཇིགས་པ་དང་སྡུག་བསྔལ་བའི་དུས་ན་གཡེལ་བ་སྐད་ཅིག་ཀྱང་མི་མངའ་བར་ཕན་འདོགས་ལ། ནམ་ཕྱེད་ཡིན་ཡང་གཞན་གྱི་སྐྱབས་ལ་བྱོན་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་སྟེ།  དམིགས་མེད་སྙིང་རྗེས་འགྲོ་ལ་ཅི་ཕན་བརྩོན།  །ཞེས་ཀློང་ཆེན་པའི་གསུང་དུ་གྲགས་པའི་བུ་དཔེའི་ནང་དུ་མེད་པའི་མ་དཔེ་ནང་གི་ཅི་ཕན་བརྩོན་ཞེས་པའི་སྒྲ་ཡིས་ཡོན་ཏན་ལྷག་མ་རྣམས་བསྡུས་སོ། །དེ་ཡང་དམ་པ་ཀུན་ལ་འགྲོ་བར་ཕན་བདེ་བརྩོན་པའི་ཆེ་བ་ཐུན་མོང་དུ་མངའ་ཡང་།  ཕན་བྱ་དང་ཕན་བྱེད་སོ་སོ་ལ་ལྟོས་ཏེ་འགྲོ་ལ་ཅི་ཕན་བརྩོན་པའི་ཆེ་བ་འདི་དག་ནི་ཁྱད་པར་གྱི་ཡོན་ཏན་ཐུན་མིན་དུ་མངའ་བ་ལགས་སོ།  །(གཞན་དོན་དུ་བརྩོན་པའི་ཐུགས་འདུན་གྱི་ཞེ་ཐག་བཅད་དེ།  དེ་ཕྱིན་ཆད་རང་དོན་ལྷུར་མ་བྱས་པར། ལུས་ངག་ཡིད་གསུམ་གཞན་དོན་དུ་ཕྱད་ཀྱིས་བཏང་ནས།  སེམས་ཅན་ལ་ཕན་ཅི་ཐོགས་རྟག་ཏུ་བྱས་པ་ཡིན་ནོ་ཞེས་གསུངས་པ་དང་།  མཁན་ཆེན་དུས་གསུམ་སངས་རྒྱས།  མཁན་ཆེན་མ་རིག་མུན་སེལ།  མཁན་ཆེན་བསྟན་པའི་སྲོག་ཤིང་།  མཁན་ཆེན་དགོས་འདོད་ཀུན་འབྱུང་།  ཞེས་གསོལ་བ་འདེབས་པའི་སྒྲ་དེང་ངེ་བ་ཞིག་རྒྱལ་ཁམས་ཕལ་ཆེར་ན་གྲགས་སོ། །ཞེས་བཤད་པས་གསལ་ལོ། །)

བཞི་པ།༽  མཐོ་དམན་འབྲིང་གསུམ་ཐམས་ཅད་ལ་ཐུགས་གཏིང་ནས་སྙོམས་པས། ཡོན་ཏན་གྱི་ཕྱོགས་ལ་བལྟས་ནས་སུ་ལའང་སྐྱོན་མི་བརྗོད་པའི་ངོ་མཚར་བའི་ཡོན་གྱི་ཆེ་བ་སྟེ།སྙིགས་མའི་དུས་འདིར་དམུ་རྒོད་འཁོར་རྣམས་ལ། །བཀའ་བཀྱོན་ལ་སོགས་ཕན་སེམས་ཡིན་མོད་ཀྱང༌། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བ་མང་། །ཞི་བར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ། །བརྩེ་བའི་མི་ལ་མཚང་ནས་སྨྲ་བ་ཡང༌། །དྲང་པོ་ཡིན་ཀྱང་སྙིང་སྐྲན་ཞུག་པའི་རྒྱུ། །སྙན་པར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པ་ཡི། །བགྲོ་གླེང་ཆོས་ཀྱི་གད་བདར་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་ཁོང་ཁྲོ་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང༌། །རང་བསྟོད་གཞན་སྨོད་ཆགས་སྡང་སྐྱེ་བའི་རྒྱུ། །ཐམས་ཅད་བཀུར་བ་ཁོ་བོའི་སྙིང་གཏམ་ཡིན། །ཐོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། །གཞན་སྐྱོན་སྟོན་པ་ཤེས་རབ་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་རང་ལས་གསོག་པའི་རྒྱུ། །རང་སྐྱོན་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ས་སྟེང་ན་འགྲན་ཟླ་དང་བྲལ་བ་མཁན་ཆེན་ཁྲོ་ཕུ་བ་ཆེན་པོ་བསོད་ནམས་སེང་གེ་རང་གིས་ཇི་ལྟར་བཞེད་པ་ལྟར་དུ་ཕྱག་ལེན་དུ་འཁེལ་བར་མཛད་པ་ཡིན། (དགུང་ལོ་བཅུ་གསུམ་གྱི་ཐོག་ནས་ལོ་པཎ་མང་པོ་འདུ་འཛོམས་ཀྱིས་འཛལ་དུ་ཆོས་འཁོར་མཛད་པའི་དབུས་སུ་རྣམ་གཞག་འབུལ་སྟོན་རྒྱས་པར་བྱས་ཤིང་།  ཕར་ཕྱིན་འགྲེལ་གསར་རྫོགས་པའི་བར་ཐུགས་ལ་གསུངས་པས་མཁས་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏེ།  བཤད་གསར་གྱི་གཏང་རག་ཏུ་བླ་མ་ཆེན་པོ་པས་སྣར་གྱི་ཀླས་མོ་ཆེ་གནང་བའི་རྣམ་ཐར་དུ་ལགས་ན།  ཕྱིས་ཀྱི་ཆེ་བ་རྣམས་མ་སྨོས་ཀྱང་མཁྱེན་པའི་ཡོན་ཏན་ཡིད་ལ་འཆར་བར་ངེས་ཤིང་།  བཅོམ་ལྡན་རིག་རལ་གྱིས་ཀྱང་ཚད་མའི་བགྲོ་གླེང་ལ་ལན་ཚུལ་བཞིན་མ་ཐེབས་པའི་རྣམ་ཐར་དུ་ལགས་ཀྱང་།  ཕྱིས་ཁོང་གིས་ཕར་ཕྱིན་དང་ཁྲིད་སོགས་གཙོ་བོ་མཛད་པ་ལས་ཚད་མའི་འཆད་ཉན་མ་གནང་བའི་ལོ་རྒྱུས་རང་གིས་དགག་སྒྲུབ་ཀྱི་སྨྲ་བཅད་མཛད་པ་མཁྱེན་པར་ངེས་ལ།  མཁས་བཙུན་བཟང་གསུམ་གྱི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་པས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་བརྗོད་ཀྱིས་མི་ལང་བ་བྱུང་།  ས་ཐག་རིང་བ་རྒྱལ་ཐག་སོའི་ཕོ་བྲང་ཤང་ཏོ་ནས་མངག་པའི་དགེ་བཤེས་རྒྱལ་ཚ་ཞེས་པ་རབ་ཏུ་བྱུང་ཞིང་བསྙེན་རྫོགས་ལ་བྱོན་ནས་སླར་གཤེགས།  བྱང་ཆུབ་སེམས་དཔའ་བླ་མ་ཤར་པ་ཀུན་དགའི་མཚན་ཅན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ལ་བྱོན།  དེ་ལ་སོགས་ཏེ། སོ་སོར་ཐར་པའི་བསླབ་པ་ཕོག་པ་མཐའ་ཡས་སོ།  །དེས་ན་རིན་པོ་ཆེ་ཁྲོ་ཕུ་བའི་དྲུང་དུ་རབ་ཏུ་བྱིང་ཞིང་བསྙེན་རྫོགས་མཛད་པ་དང་།  ལུང་རིགས་མན་ངག་གསན་ནས་མཁྱེན་པ་རྒྱས་པས་སྡེ་ཆེན་པོའི་མཁན་པོ་དང་།  སློབ་དཔོན་དང་བླ་ཆོས་པ་དང་བླ་མ་རིན་པོ་ཆེ་མཛད་པའི་བཤད་གྲྭ་སྐྱོང་བ་དང་།  སྒོམ་གྲུ་སྐྱོང་བ་དང་མཁན་བརྒྱུད་འཛིན་པ་ལ་སོགས་པ་ལ།  བསླབ་པ་རིན་པོ་ཆེ་གསུམ་སྒྲོན་མ་ལག་བརྒྱུད་ཀྱི་ཚུལ་དུ་འཕེལ་བ་ནི།  སྟོད་མངའ་རིས་ནས་རྒྱ་མེ་ཉག་གི་བར་བརྗོད་ཀྱིས་མི་ལང་བ་ཞིག་བཞུགས་སོ།  །ཞེས་བཤད་པ་ལྟར་དུ་ཀུན་མཁྱེན་ཀུན་ནུས་ཀྱི་དུས་སུ་ཞེ་ལོག་དང་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ་དགག་དགོས་ཀྱི་གནད་ལ་གཟིགས་ནས་དགག་སྒྲུབ་ཀྱི་ཐལ་ཕྲེང་མ་སྤྲོས་པར་མངོན་ནོ།  །)

ལྔ་པ།༽  མཚན་མོ་ཡང་དབུ་སྔས་ལ་མི་འཇོག་པར་ཐུགས་དམ་མཛད་ཅིང་། ཐམས་ཅད་དུ་ཆོས་ཀྱི་བྱ་བ་དང་གཞན་དོན་དུ་མ་གཏོགས་པ་དོན་མེད་ལ་དུས་ཅུང་ཟད་ཀྱང་མི་འདའ་བའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་སྟེ།

ཀྱེ་ཧོ་སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི། །མཐུན་རྐྱེན་འཛོམ་པའི་དགོན་གཞིས་འཛིན་པ་ཡང༌། །རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །གྲོང་ཆོག་སྲིའུ་གསོ་འདྲེ་འདུལ་ལ་སོགས་ཀྱིས། །ཡོན་ཏན་སྐྱེ་བོའི་དབུས་སུ་བྲིན་གྱུར་ཀྱང༌། །ཟས་ནོར་སྲེད་པས་བློ་ནི་བདུད་ཀྱིས་བསླུས། །རང་སེམས་འདུལ་བ་ཁོ་བོའི་སྙིང་གཏམ་ཡིན། །དབུལ་ཕོངས་རྣམས་ལ་ཁྲལ་ཆེན་བསྡུས་ནས་ནི། །སྡེ་ཆེན་གཞིས་དང་ལོངས་སྤྱོད་ཡོ་ལང་བྱེད། །དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ། །རང་སེམས་དགེ་བ་ཁོ་བོའི་སྙིང་གཏམ་ཡིན། །རང་ཆེ་འདོད་ཕྱིར་གཞན་ལ་ཆོས་བཤད་དང༌། །ཐབས་ཁ་ཆེ་མཆོག་འཁོར་མང་སྐྱོང་བ་ཡང་། །དངོས་འཛིན་སེམས་ཀྱི་ང་རྒྱལ་སྐྱེ་བའི་རྒྱུ། །བློ་སྣ་སྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །།ཞེས་དང་། བཟོ་རྩིས་སྨན་དང་ཡིག་སྣ་དཔག་མེད་པའི། །རྟེན་འབྲེལ་ཐབས་ཀུན་གཞན་ཕན་ཡིན་སྙམ་ཡང་། །སྣ་ཚོགས་མང་པོས་བསམ་གཏན་ཆག་པའི་རྒྱུ། །ཆོས་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །གང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་དང༌། །དབེན་པའི་ཁོང་ནས་ཕུན་ཚོགས་སྒྲུབ་པ་ཡང༌། །དོན་ཆུང་ངང་ལ་མི་ཚེ་འཛད་པའི་རྒྱུ། །བྱ་བ་གཏོང་བ་ཁོ་བོའི་སྙིང་གཏམ་ཡིན། །མཁས་དང་བཙུན་དང་སྒྲུབ་ལ་བརྩོན་པ་སོགས། །ཕྱོགས་རིས་ཡོན་ཏན་ཕུལ་ཏུ་ཕྱིན་གྱུར་ཀྱང༌། །གང་ལ་ཞེན་པ་དེ་དག་འཆིང་བའི་རྒྱུ། །ཕྱོགས་མེད་ཁྲོལ་ཤེས་ཁོ་བོའི་སྙིང་གཏམ་ཡིན། །མཐུ་སེར་བསྲུང་བཟློག་བསྟན་སྲུང་ལ་སོགས་ཀྱི། །གདུལ་དཀའ་འདུལ་བ་ཕྲིན་ལས་ཡིན་སྙམ་ཡང༌། །གཞན་རྒྱུད་བསྲེགས་ཤིང་རང་ཉིད་ངན་འགྲོའི་རྒྱུ། །དམན་ས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གསུངས་པ་བཞིན་དུ་ཕྱག་ལེན་དུ་འཁེལ་བར་མཛད་པའི་རྣམ་ཐར་ཀྱི་ཡོན་ཏན་དུ་ལགས་སོ། །

(ཁྲལ་འཇལ་རྒྱུ་དང་བུ་ལོན་སྤྲད་རྒྱུ་མ་རྙེད་པའི་དབུལ་ཕོངས་རྣམས་ལ་ནོར་བྱིན་ཅིང་ཟང་ཟིང་གི་དགོས་མཁོ་བསྐངས་ཏེ།  ཞེ་འགྲས་ཤིང་འཁོན་པ་རྣམས་བསྡུམས་ནས་ཞེ་འཁོན་ཞི་ཞིང་མཐུན་པར་མཛད།  ཆོས་རྣལ་མར་བྱེད་པ་རྣམས་ལ་ལྟོ་གོས་ཆོས་བླ་ནས་བསྩལ་བའི་ཕྱག་ལེན་རྨད་བྱུང་མང་དུ་ཡོད་ལ།

ས་མོ་ཡོས་བུའི༡༢༧༩ལོ་ལ་མཆོད་རྟེན་ཆེན་མོའི་འགྲམ་བཏིང་སྟེ།  མཆོད་རྟེན་ལ་བསྙད་བཏགས་པའི་ལས་ཁྲལ་སོགས་མ་བསྡུས་པ་ཙམ་དུ་མ་ཟད།  སློང་མོ་བྱེད་པ་བྱུང་ན་ཡང་རྫུན་ཡིན་པས་མ་སྟེར་ཅིག་ཅེས་ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས་མཛད་ཅིང་།  དེ་ནས་ཆུ་ཕོ་རྟའི༡༢༨༢ལོ་ཆུ་ཟླའི་ཡར་ངོའི་ཚེས་བརྒྱད་དང་བཅུ་སོགས་ལ་རབ་གནས་གྲུབ་པར་བགྱིས་ཏེ་མཆོད་རྟེན་གྱི་རྒྱུན་གྱི་མར་མེའི་ཆས་ལ་གཞིས་ཆེ་བ་ལྔ་ཡན་ལག་དང་བཅས་ཏེ་ཕུལ་བ་དག་ནི་བསྟན་བཅོས་དང་འབྲེལ་ལོ། །)

དྲུག་པ།༽  གསེར་འབུམ་ཆ་བདུན།  རིན་པོ་ཆེའི་གླེགས་བམ་བརྒྱ་ཕྲག་ལྷག་པས་ཐོག་དྲངས།  གསེད་སྐུ་ལུགས་སྐུ་ལ་སོགས་རྟེན་གསུམ་དཔག་ཏུ་མེད་པ་བྱུང་བ་རྣམས་མཆོད་པ་བཟང་ས་དང་།  འགྲོ་དོན་གང་ཆེ་བར་བཞུགས་ནས་སྤྱིའི་མཆོད་གནས་སུ་མཛད་པ་དང་།  གསེར་དངུལ་ལ་སོགས་ནོར་ཟས་དཔག་ཏུ་མེད་པ་ཅི་འདུས་པ་ཡང་།  བསོད་ནམས་ཆེ་བའི་མཆོད་སྤྲིན་སྦྱིན་ལ་གཏོང་ཞིང་།  རང་ཆེད་དུ་རྡུལ་ཙམ་ཡང་མི་འཛིན་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་སྟེ། ཚོང་དང་བུན་སྐྱེད་གཡོ་སྒྱུ་ལ་སོགས་ཀྱི། །ལོག་འཚོས་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང༌། །ལོ་འདོད་ཚོགས་གསོག་ཆོས་བརྒྱད་དག་གི་རྒྱུ། །ཞེན་ལོག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །གཉའ་དང་དཔང་པོ་ཞལ་ལྕེ་ལ་སོགས་ཀྱིས། །གཞན་རྩོད་བསྡུམ་པ་འགྲོ་ཕན་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་ཞེ་འདོད་འབྱུང་བ་མང་། །ཐེ་ཐོགས་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །མངའ་རིས་ལོངས་སྤྱོད་འཁོར་དང་བསོད་ནམས་དང༌། །སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང༌། །རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད། །སྒྲུབ་ལ་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །གཉེར་པ་ཉེ་གནས་གཙོ་བོ་ལ་སོགས་པ། །ཐབས་ཀ་གྲྭ་སའི་སྲོག་ཤིང་ཡིན་མོད་ཀྱང༌། །གཟུང་འཛིན་དང་ནི་སེམས་ཁྲལ་འབྱུང་བའི་རྒྱུ། །འདུ་འཛི་བསྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །རྟེན་མཆོད་དཔེ་ཆ་ལྷ་རྟེན་་ལ་སོགས་པ། །ཅི་དགོས་ཁུར་ནས་རི་ཁྲོད་འགྲིམ་པ་ཡང༌། །འཕྲལ་ལ་འཛོམ་སྟེ་སེམས་ཁྲལ་སྐྱེ་བའི་རྒྱུ། །དགོས་མེད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན།།

(དགུང་ལོ་དྲུག་ཅུ་གཅིག་ཏུ་ཉེ་བ་ན།  དགེ་འདུན་གྱི་སྡེ་ལ་དགོས་པ་རྣམས་མ་གཏོགས་པ་ཕྱག་རྫས་ཐམས་ཅད་སྤོང་དག་ཏུ་བཏང་།  དེའང་བྱི་ལོའི(༡༢༨༨)དཔྱིད་ཁ་ས་ག་ཟླ་བ་ལ།  བོ་དོང་འཇད་གཙང་གི་དགེ་འདུན་རྣམས་བྲག་རམ་དུ་སྤྱན་དྲངས་ནས་སྟོང་ཕྲག་གསུམ་ལ་གསེར་འགྱེད་མཛད།  གླེགས་བམ་དང་།  རྟེན་མཆོད་ནས།  ཕོར་སྡེར་གྱི་བར་དུ་བཏང་ཞིང་འབུལ་བ་རྒྱས་པར་མཛད།  བྱི་ལོའི་ཟླ་བ་བཅུ་གཅིག་པ་ལ་ཆུ་མིག་སྟོང་སྐོར་གྱི་དགེ་འདུན་ཁྲོ་ཕུར་གདན་དྲངས་ནས།  སྟོང་ཕྲག་ཕྱེད་དང་དགུ་ལ་གསེར་འགྱེད་མཛད།  འབུམ་ཆ་བཅུ་གཉིས།  གླེགས་བམ་བཅོ་བརྒྱད།  རིན་པོ་ཆེའི་མདོ་པོད་སུམ་བརྒྱ་དང་བཅོ་ལྔ་།  གསེར་སྐུ་ཁྲི་རྒྱབ་ཅན་དྲུག་ཅུ།  ཐང་སྐུ་ལྔ་བཅུས་ཐོག་དྲངས་ཟང་ཟིང་དང་བཅས་པའི་འབུལ་བ་མཛད་དོ།  །ཞེས་དང་།  གནས་སྐབས་གཅིག་ཏུ་རྒྱལ་ཁམས་སུ་མུ་གེ་ཆེན་པོ་བྱུང་སྟེ།  གསེར་ཉོ་བ་རྙེད་སྲིད་ཀྱང་།  ཞོ་རེ་ལ་ནས་ཐུད་ཁུ་རེ་ལས་མ་བྱུང་བས་མི་མང་པོ་བཀྲེས་པས་ཉེན་ཏེ་ལུས་ཀྱི་ཤ་དེངས།  སྐད་ཀྱི་གདངས་ཤོར་ཤི་ལ་ཐུག་ཅིང་།  སེམས་ཁོང་དུ་ཆུད་པས་ཉ་ཆུ་ལ་བརྐམ་པ་བཞིན་དུ་རིན་པོ་ཆེའི་མདུན་དུ་རྒྱུག་གོ  །སྐྱེས་བུ་ཆེན་པོ་དེ་ཉིད།  སེམས་ཅན་ཕོངས་པ་གཟིགས་མ་ཐག་ཏུ་སྙིང་རྗེའི་དབང་གིས་རང་གི་གསོལ་ཟས་ཀྱང་ཡི་གར་མི་འོང་བར་གཞན་ལ་སྦྱིན་པར་མཛད།   ས་འདུས་ཆེ་བ་རྣམས་སུ་ཟན་ཚོད་ཀྱི་ཚུལ་བཟང་པོ་བཙུགས།  སྡུག་ཅིང་ཉམས་ཐག་པ་ཐམས་ཅད་བཟའ་བཏུང་གིས་ཚིམས་པར་མཛད།   འབྱོར་ལྡན་རྣམས་ལའང་།  ལོངས་སྤྱོད་ལ་སྙིང་པོ་ལེན་པའི་དུས་ད་རེས་ཡིན་ནོ་ཞེས་བསྐུལ་བས།  སྦྱིན་གཏོང་བྱེད་པ་མང་པོ་བྱུང་སྟེ།  མ་བྱིན་པར་བླངས་པ་དང་།  སེར་སྣ་ཀུན་ཏུ་སྤྱད་པའི་མཐུས་ཁ་ཟས་དང་བྲལ་བའི་སེམས་ཅན་དཔག་ཏུ་མེད་མུ་གེའི་འཇིགས་པ་དེ་ལས་ཐར་བར་མཛད།  ཐག་རིང་པོ་ནས་བསྙེགས་ཏེ།  སླེབས་མ་ཐག་ཟས་ཆེར་ཟོས་པས་ལྟོ་ལོག་ནས་ཤི་བ་མང་དུ་བྱུང་ཡང་།  དེ་དག་གི་ལུས་བྱ་རྒོད་ལ་བྱིན་ཅིང་རུས་བུ་ལ་ཚ་ཚ་བཏབ།  སྡིག་པ་སྦྱོང་བའི་ཆོ་ག་དང་།  བདུན་ཚིགས་ཐམས་ཅད་མཛད་དོ།  །)

བདུན་པ།༽  ཐམས་ཅད་ཀྱི་བློ་དང་མི་འགལ་བར་ཐབས་མཁས་པས་མཐུན་འཇུག་ཆེ་ཞིང་།  ལྷག་པར་ཡང་ནད་པ་མཛེ་སྤྲང་ལ་སོགས་པའི་དམན་པའི་སེམས་ཅན་ལ་ཐུགས་རྗེ་ཤིན་ཏུ་ཆེ་བའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་སྟེ།

གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །གང་དུ་སྡོད་ཀྱང་སྒོས་མཛའ་མི་འཚོལ་ཞིང༌། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རང་ཚུགས་ཐུབ་པ་ཁོ་བོའི་སྙིང་གཏམ་ཡིན། །དད་ལྡན་མོས་པས་མཚམས་སོགས་ཏེ། །བཟང་པོར་བཀུར་ནས་ཚུལ་འཆོས་སྤྱོད་པ་ཡང༌། །གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །རོ་སྙོམས་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན། །

(གཞན་ཡང་བོད་འདིར་མི་དགེ་བའི་མཐུས།  འཛུམ་ལྟག་སྒྱེད་ལ་སོགས་པའི་རིམས་ནད་བྱུང་བ་ན།  དེའི་ཚེ་ནད་ཀྱིས་གཟིར་བའི་སེམས་ཅན་མགོན་མེད་ཅིང་།  སྡུག་བསྔལ་གྱིས་ཉེན་པ་རྣམས་ལ།  རབ་ཏུ་བྱམས་པའི་མས་ཡིད་དུ་འོང་བའི་བུ་གཅིག་པོ་མེ་དོང་དུ་ལྷུང་བ་མི་བཟོད་པ་ལྟར་སེམས་དཔའ་ཆེན་པོ་བདག་ཉིད་ཀྱིས་གཡོག་མཛད་དེ།  ལུས་ལ་སྣུམ་བྱུགས་པ།  ཟས་སྙོད་པ།  དྲི་མ་འཕྱི་བ།  གོས་བཀོན་པ།   སྨན་སྟེར་བ་ལ་སོགས་རྣམ་པ་དུ་མའི་སྒོ་ནས་བརྩེ་བར་མཛད་ཅིང་།   སྙིང་རྗེ་དང་ལྡན་ཞིང་དགེ་བའི་བསམ་པ་ཅན་དུ་མའང་ནད་པའི་གཡོག་ལ་བསྐོས་ནས་ཕན་བཏགས་ཏེ།  དེའི་དབང་གིས་སྡུག་བསྔལ་བ་མང་པོ་ནད་ལས་གྲོལ་བར་གྱུར་ཅིང་བདེ་བ་ལ་བཀོད་དོ།  །)

ཞེས་གསུངས་པ་དག་གིས་མཚོན་ཏེ་མཁྱེན་པར་གནང་དགོས།

འདི་ནི་གུས་པས་སྙིང་གཏམ་སུམ་ཅུ་པ་བྱིན་རླབས་དང་རིན་ཐང་སྔར་བས་ལྷག་པའི་སྒྲུབ་བྱེད་ཅིག་གི་དོད་དུ་མཛད་པ་པོ་སེམས་དཔའ་ཆེན་པོ་ཁྲོ་ཕུ་བ་་ཡིན་པར་བཤད་པ་ནི་མ་ཡིན་ཏེ།  ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ནི་རྩོད་པ་མེད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་ལགས་ན།  ཁོང་རྣམ་པ་གཉིས་གང་གིས་བརྩམ་པར་མཛད་ན་ཡང་བསྟན་བཅོས་རྩོམ་པ་པོའི་ཡོན་ཏན་གྱི་ཐོགས་ནས་མཆོག་དམན་ཤན་འབྱེད་པའི་ཀུན་རྟོག་ངན་པ་དྲང་བར་མ་བཏུབ་བོ།  །དེ་བཞིན་དུ་གཞན་དག་གིས་ཀྱང་སེམས་དཔའ་ཆེན་པོ་ཁྲོ་ཕུ་བས་མཛད་པ་རྒྱུ་མཚན་དུ་བྱས་ཏེ་སེམས་ནང་ནས་རིན་ཐུང་ཆུང་དུ་འཛིན་པ་ཡང་མི་རིགས་ཏེ།  ཇོ་ནང་གི་ཀུན་སྤངས་ཆོས་རྗེས་དགའ་ལྡན་གྱི་ཞིང་ཁམས་གདམས་པའི་རྒྱུ་མཚན་མཐར་ཐུག་པ་ནི།  ཁྱད་པར་དུ་མཁན་ཆེན་ཁྲོ་ཕུ་བ་བྱམས་པའི་སྤྲུལ་པ་ཡིན་པས།  དེ་དང་འུ་ཅག་དཔོན་སློབ་ཕྱོགས་ཐམས་ཅད་ནས་རྟེན་འབྲེལ་འགྲིག་པ་ཞིག་བྱུང་།  དེའི་ཆ་ནས་འདུན་པ་མ་བསྒྱུར་བར་འདི་ནས་འཕོས་ནས་བར་དོའི་སེམས་ཅན་མང་པོའི་དོན་བྱེད།  དེ་ནས་དགའ་ལྡན་དུ་འགྲོ་གསུངས།  དེ་ཉིད་ལ་བྱང་སེམས་རྒྱལ་ཡེས་དགའ་ལྡན་བཅོ་ལྔ་མ་བྱ་བའི་གསོལ་འདེབས་མཛད་པ་ཡིན་ནོ།  །ཞེས་བཤད་པ་ཙམ་དུ་མ་ཟད་ཀརྨ་པ་སོགས་སྐབས་དེ་དུས་ཀྱི་མཁས་ཤིང་གྲུབ་པའི་བླ་མ་མང་པོ་ཞིག་གིས་ཀྱང་བྱམམས་པའི་རྣམ་སྤྲུལ་དུ་ཞལ་བཞེས་མཛད་པ་མང་དུ་བྱུང་གཤིས།  རྒྱལ་བ་བྱམས་པ་མིའི་རྣམ་རོལ་དུ་བྱོན་པའི་སྐྱེས་བུར་ཐེ་ཚོམ་མེད་པ་དང།  མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དང་ཕྲིན་ལས་ནི་གོང་དུ་རྣམ་ཐར་ལས་བཏུས་པའི་མཆན་ཙམ་གྱིས་ཀྱང་ཡིད་ཆེད་ཀྱི་དད་པ་དབང་མེད་དུ་འདྲེན་ཐུབ་པ།  ཆོས་བརྒྱུད་ཀུན་ཏུ་ཁོང་གི་སློབ་མ་དང་སློབ་བརྒྱུད་དུ་གཏོགས་པའི་སྐྱེས་ཆེན་མང་པོ་ཞིག་བྱོན་མ་མྱོང་བ་མེད་པའི་སྟབས་ཀྱིས་རྩོམ་པ་པོའི་ངོས་ནས་བསྟན་བཅོས་ཀྱི་རིན་ཐང་དམན་དུ་འགྲོ་བའི་ལྟ་ཚུལ་ནི།  ཕྱོགས་ཞེན་གྱིས་དྲངས་པའི་ངན་རྟོག་གི་འབྲས་བུ་ཞིག་ལས་གནས་ལུགས་དང་མཐུན་པའི་ལྟ་བ་ཞིག་མ་ཡིན་པ་མཁྱེན་པར་གནང་དགོས། མདོར་ན་ཐོག་མའི་ཞུ་མཆིད་དུ་གསོལ་བ་ལྟར་དུ་སྙིང་གཏམ་གྱི་ལེགས་བཤད་འདི་བརྒྱུད་དེ་སྐྱེས་ཆེན་གཉིས་ཀྱི་རྣམ་ཐར་ཚུལ་བཞིན་དུ་མཇལ་བར་བྱེད་པ་ནི་གལ་འགངས་ཧ་ཅང་ཆེ་བར་སེམས།

 

སྤྱི་ལོ་༢༠༢༠ ལོའི་ཟླ་བ་༣པའི་ཚེས་༢༨ཉིན་གནམ་གསས་དར་རྒྱལ་གྱིས་བཀྲ་ཤིས་དབུ་མའི་དར་ཐང་དུ་སྦྱར་བའོ།  །