རྒེའུ་སྣའི་བླ་མ་ཀརྨ་ཚུལ་ཁྲིམས་མཆོག་དང་ཁོང་གིས་མཛད་པའི་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རིན་ཆེན་གསེར་སྒྲོམ་》མམ་སྒེའུ་རྣའི་གསེར་སྒྲོམ་ཅུང་གླེང་བ།

 

  སྔོན་གླེང་།

བོད་ཀྱི་རིག་གནས་ཆེ་བ་བཅུ་ཡི་ཡ་གྱལ་བོད་ཀྱི་གསོ་བ་རིག་པ་ལས་གསོ་རིག་གི་བསྟན་བཅོས་རྒེའུ་སྣའི་ཀརྨ་ཚུལ་ཁྲིམས་མཆོག་གི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རིན་ཆེན་གསེར་སྒྲོམ་མམ་སྒེའུ་རྣའི་གསེར་སྒྲོམ་ཞེས་པ་དང་འབྲེལ་ནས་ཕ་ཡུལ་གྱི་གསོ་བ་རིག་པའི་མཁས་ཆེན་ཁོང་དང་ཕ་ཡུལ་གྱི་གསོ་རིག་གི་སྐོར་ནས་ཕྲན་བུ་གླེང་བར་བྱ་ཞིང་།   དེ་ཡང་<<རྒེའུ་སྣའི་ཀརྨ་ཚུལ་ཁྲིམས་མཆོག་གིས་མཛད་པའི་་མན་ངག་རིན་ཆེན་གསེར་སྒྲོམ་མམ་སྒེའུ་རྣའི་གསེར་སྒྲོམ>>ཞེས་པའི་གཞུང་འདི་ཉིད་ལ་མཇལ་བའི་ལྷན་དུ་ཅུང་གླེང་བར་བྱའོ།།

གཅིག   མཛད་པ་པོའི་ངོ་སྤྲོད།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རིན་ཆེན་གསེར་སྒྲོམ་མམ་སྒེའུ་རྣའི་གསེར་སྒྲོམ་གྱི་མཛད་པོ་ཁོང་ནི། རྒེའུ་སྣ་དགོན་གྱི་བླ་མ་རྒེའུ་སྣའི་གཞོན་ནུ་འབྱུངས་གནས་ཀྱི་སྐུ་རབས་སུ་གཏོགས་པ།       ཡོངས་གྲགས་སུ་ཀརྨ་ཚུལ་ཁྲིམས་ལམ་ཀརྨ་རིག་གྲོལ་དུ་ཞུ།    འབྲོང་པ་རྒྱལ་པོས་མཛད་པའི་ལྡོང་འབྲོང་པའི་དེབ་ཐེར་སྨུག་པོ་རུ།   དམ་པ་འདིའི་ལོ་རྒྱུས་ཀྱི་ཐད་དུ།   མཚན་དཀོན་མཆོག་འཕྲིན་ལས་བསྟན་འཛིན་དུ་གསོལ་ཞེས་དང་།   རྫ་སྟོད་རྫོང་སྡེ་དགོན་ལོ་རྒྱུས་སུ། དཀོན་མཆོག་འཕྲིན་ལས་བསྟན་འཛིན་ནམ་ཀརྨ་ཀུན་ཁྱབ་བསྟན་འཛིན་རིག་གྲོལ་ནི།  འཚུར་ཕུ་ཟླ་དགོན་དང་ཉེ་འདབས་སུ་འཁྲུངས། ཁོང་ནི་རྒེའུ་སྣ་པའི་གདན་ས་ས་གསུམ་པ་རྒེའུ་སྣ་གཞོན་ནུ་འབྱུང་གནས་ཀྱི་སྐུ་ཡི་སྐྱེ་ཕྲེང་དུ་ངོས་འཛིན་ཞིང་།ཁོང་ཉིད་དམ་པ་འདི་ཡི་སྐུ་ཡི་སྐྱེ་ཕྲེང་བཅུ་གཅིག་པ་ཡིན་ལ།   ལྷོ་བསྟན་འཛིན་ཉི་མས་མཛད་པའི་དགེ་འབྲོང་ལོ་རྒྱུས་གངས་ཆབ་ལྕི་ཟླ་ཟེགས་མའི་རྒེའུ་སྣ་དགོན་གྱི་ལོ་རྒྱུས་སྐབས་སུ།  བཅུ་གཅིག་པ་འཚུར་ཕུ་ཟླ་དགོན་ཉེ་འདབས་སུ་འཁྲུངས་པ་ཀརྨ་ཀུན་ཁྱབ་བསྟན་འཛིན་རིག་གྲོལ་ཞེས་དང་རྫ་སྟོད་རྫོང་སྡེ་དགོན་ལོ་རྒྱུས་ལས།  སྐུ་ཕྲེང་བཅུ་གཅིག་པ་དཀོན་མཆོག་འཕྲིན་ལས་བསྟན་འཛིན་ནམ་ཀརྨ་ཀུན་ཁྱབ་བསྟན་འཛིན་རིག་གྲོལ་ཞེས་སོགས་གསལ།འཁྲུངས་ཡུལ་ལས་འཁྲུངས་འདས་ཀྱི་ལོ་ཚིགས་དང་ཡབ་ཡུམ་གྱི་མིང་མི་གསལ།   ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་ཐེགས་མཆོག་རྡོ་རྗེ་དང་དུས་མཉམ་ཡིན་ཞིང་།  ཀརྨ་པ་བཅོ་ལྔ་པས་ཁོང་གི་སྐུ་ཕྲེང་ཕྱི་མ་ངོས་འཛིན་བྱས་པ་དང་ཁོང་གིས་གཞུང་འདི་མཛད་པའི་སྐབས་ཀརྨ་པ་བཅུ་བཞི་པ་དགུང་གྲངས་དྲུག་བཅུ་རེ་བཞིར་སོན་ཡོད་པ་ཡིན།  ཞིབ་པར་དཔྱད་པ་འོག་ཏུ་གསལ་ལོ།།

གཉིས།   གཞུང་གང་གི་ནང་དོན་གནད་བསྡུས།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རིན་ཆེན་གསེར་སྒྲོམ་མམ་སྒེའུ་རྣའི་གསེར་སྒྲོམ་ཞེས་པའི་གཞུང་འདི་ལེའུ་གོ་དྲུག་གིས་གྲུབ་ལ།  མཆོད་བརྗོད།
ལེའུ་དང་པོ། ནད་ཀྱི་རྒྱུ་བསྟན་པ། ལེའུ་གཉིས་པ། རླུང་ནད་བཅོས་པ།ལེའུ་གསུམ་པ། མཁྲིས་ནད་བཅོས་པ།   ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ། ལེའུ་ལྔ་པ། གཅོང་ནད་མ་ཞུ་བ་བཅོས་པ། ལེའུ་དྲུག་པ། སྐྲན་ནད་བཅོས་པ། ལེའུ་བདུན་པ། སྐྱ་རྦབ་བཅོས་པ།  ལེའུ་བརྒྱད་པ། དམུ་ཆུ་བཅོས་པ།ལེའུ་དགུ་པ།  ཚ་བ་སྤྱི་བཅོས་པ།ལེའུ་བཅུ་པ།  རིམས་ནད་བཅོས་པ།ལེའུ་བཅུ་གཅིག་པ། འབྲུམ་བུའི་ནད་བཅོས་པ།ལེའུ་བཅུ་གཉིས་པ།  བེ་གེ་བཅོས་པ།ལེའུ་བཅུ་གསུམ་པ། ཆམ་པ་བཅོས་པ།ལེའུ་བཅུ་བཞི་པ། གཉན་ནད་ཀླད་གཟེར་བཅོས་པ།ལེའུ་བཅོ་ལྔ་པ།  གྲེ་གག་བཅོས་པ།ལེའུ་བཅུ་དྲུག་པ།  གློ་ཚད་བཅོས་པ།ལེའུ་བཅུ་བདུན་པ།  གཉན་རིམས་ཕོ་གླང་བཅོས་པ།ལེའུ་བཅོ་བརྒྱད་པ། རྒྱུ་གཟེར་བཅོས་པ།ལེའུ་བཅུ་དགུ་པ། མེ་དབལ་བཅོས་པ།  ལེའུ་ཉི་ཤུ་པ། གཉན་རིམས་རྨེན་བུ་བཅོས་པ།ལེའུ་ཉེར་གཅིག་པ། ཉཱ་ལོག་བཅོས་པ།  ལེའུ་ཉེར་གཉིས་པ། ལྷོག་པ་བཅོས་པ། ལེའུ་ཉེར་གསུམ་པ། གཉན་འབྲས་བཅོས་པ། ལེའུ་ཉེར་བཞི་པ། གཉན་ནད་འཛུམ་བུ་ལྟག་དགྱེ་བཅོས་པ།  ལེའུ་ཉེར་ལྔ་པ། མཁྲིས་པ་རྩར་རྒྱུག་བཅོས་པ། ལེའུ་ཉེར་དྲུག་པ།ནང་ལྷོག་བཅོས་པ།ལེའུ་ཉེར་བདུན་པ། གཉན་སྲིན་ཁ་མེད་བཅོས་པ། ལེའུ་ཉེར་བརྒྱད་པ།  གཉན་ནད་འཁྱམ་པོ་བཅོས་པ།     ལེའུ་ཉེར་དགུ་པ། གཉན་རིམས་འབར་འབུར་བཅོས་པ།  ལེའུ་སུམ་ཅུ་པ།གཉན་ནད་རྣ་རྩ་ཕུས་འདེབས་བཅོས་པ། ལེའུ་སོ་གཅིག་པ།གཉན་རིམས་ངམ་རུ་བཅོས་པ། ལེའུ་སོ་གཉིས་པ། གཉན་ནད་ནག་པོ་ཕྱི་ནད་བཅོས་པ།    ལེའུ་སོ་གསུམ་པ།མགོ་སྲིན་བཅོས་པ།ལེའུ་སོ་བཞི་པ།མིག་ནད་བཅོས་པ།  ལེའུ་སོ་ལྔ་པ། རྣ་བའི་ནད་བཅོས་པ། ལེའུ་སོ་དྲུག་པ།  སྣ་ནད་བཅོས་པ།  ལེའུ་སོ་བདུན་པ།  ཁ་ནད་བཅོས་པ།  ལེའུ་སོ་བརྒྱད་པ།  སོ་ནད་བཅོས་པ།ལེའུ་སོ་དགུ་པ། མགུལ་ནད་ལྦ་བ་བཅོས་པ།ལེའུ་བཞི་བཅུ་པ། སྙིང་ནད་བཅོས་པ།ལེའུ་ཞེ་གཅིག་པ། གློ་བའི་ནད་བཅོས་པ།  ལེའུ་ཞེ་གཉིས་པ། མཆིན་ནད་བཅོས་པ། ལེའུ་ཞེ་གསུམ་པ།  མཚེར་བའི་ནད་བཅོས་པ། ལེའུ་ཞེ་བཞི་པ།  མཁལ་མའི་ནད་བཅོས་པ། ལེའུ་ཞེ་ལྔ་པ། ཕོ་བའི་ནད་བཅོས་པ།ལེའུ་ཞེ་དྲུག་པ། རྒྱུ་ནད་བཅོས་པ།ལེའུ་ཞེ་བདུན་པ། ལོང་ནད་བཅོས་པ།  ལེའུ་ཞེ་བརྒྱད་པ། ཕོ་མོའི་གསང་ནད་བཅོས་པ།ལེའུ་ཞེ་དགུ་པ། སྐད་འགགས་བཅོས་པ།ལེའུ་ལྔ་བཅུ་པ། ཡིད་འཆུས་བཅོས་པ།ལེའུ་ང་གཅིག་པ། སྐོམ་དད་བཅོས་པ།ལེའུ་ང་གཉིས་པ། སྐྱིགས་བུའི་ནད་བཅོས་པ།ལེའུ་ང་གསུམ་པ། དབུགས་མི་བདེ་བ་བཅོས་པ། ལེའུ་ང་བཞི་པ།  གླང་ཐབས་བཅོས་པ།ལེའུ་ང་ལྔ་པ། སྲིན་ནད་བཅོས་པ།ལེའུ་ང་དྲུག་པ། འཁྲུ་ནད་བཅོས་པ།ལེའུ་ང་བདུན་པ། སྐྱུགས་ནད་བཅོས་པ། ལེའུ་ང་བརྒྱད་པ། དྲི་འགགས་ནད་བཅོས་པ།ལེའུ་ང་དགུ་པ། གཅིན་འགགས་བཅོས་པ།ལེའུ་དྲུག་ཅུ་པ། གཅིན་སྙིའི་ནད་བཅོས་པ།ལེའུ་རེ་གཅིག་པ། རྒྱ་ནད་ཚད་འཁྲུ་བཅོས་པ།ལེའུ་རེ་གཉིས་པ།   དྲེག་ནད་བཅོས་པ།   ལེའུ་རེ་གསུམ་པ།  གྲུམ་བུའི་ནད་བཅོས་པ།ལེའུ་རེ་བཞི་པ།  གྲུམ་གསར་བཅོས་པ།ལེའུ་རེ་ལྔ་པ།   ཆུ་སེར་བཅོས་པ།  ལེའུ་རེ་དྲུག་པ། རྩ་དཀར་གྱི་ནད་བཅས་པ། ལེའུ་རེ་བདུན་པ། མཁལ་རྩ་འཆུས་པ་བཅོས་པ།ལེའུ་རེ་བརྒྱད་པ། པགས་ནད་བཅོས་པ། ལེའུ་རེ་དགུ་པ། མཛེར་བ་བཅོས་པ། ལེའུ་བདུན་ཅུ་པ།  ཕྲན་བུའི་ནད་བཅོས་པ། ལེའུ་དོན་གཅིག་པ། མེས་ཚིག་བཅོས་པ། ལེའུ་དོན་གཉིས་པ།  ནུ་སྐྲངས་བཅོས་པ།ལེའུ་དོན་གསུམ་པ། བསེ་དྲི་བཅོས་པ། ལེའུ་དོན་བཞི་པ།  ཚེར་ལྷོག་བཅོས་པ།  ལེའུ་དོན་ལྔ་པ། འབྲས་ནད་བཅོས་པ། ལེའུ་དོན་དྲུག་པ། གཞང་འབྲུམ་བཅོས་པ། ལེའུ་དོན་བདུན་པ། མེ་དབལ་བཅོས་པ།   ལེའུ་དོན་བརྒྱད་པ།  སུརྱའི་ནད་བཅོས་པ།ལེའུ་དོན་དགུ་པ། རྨེན་བུའི་ནད་བཅོས་པ།  ལེའུ་བརྒྱད་ཅུ་པ། རླིག་རླུགས་བཅོས་པ། ལེའུ་གྱ་གཅིག་པ། ཁྲག་འབམ་བཅོས་པ།ལེའུ་གྱ་གཉིས་པ།  མཚན་བར་རྡོལ་བ་བཅོས་པ། ལེའུ་གྱ་གསུམ་པ། བྱིས་པའི་ནད་བཅོས་པ།ལེའུ་གྱ་བཞི་པ།  མོ་ནད་བཅོས་པ།  ལེའུ་གྱ་ལྔ་པ། གཟའ་གྲིབ་བཅོས་པ།  ལེའུ་གྱ་དྲུག་པ། ཀླུ་གདོན་བཅོས་པ།ལེའུ་གྱ་བདུན་པ། རྨ་སྤྱི་བཅོས་པ།   ལེའུ་གྱ་བརྒྱད་པ། རྡོ་དབྱུག་ཕོག་འགྲམ་བཅོས་པ།   ལེའུ་གྱ་དགུ་པ། སྦྱར་དུག་བཅོས་པ། ལེའུ་དགུ་བཅུ་པ། གྱུར་དུག་བཅོས་པ།ལེའུ་གོ་གཅིག་པ།  ཤ་དུག་བཅོས་པ།ལེའུ་གོ་གཉིས་པ། མི་བརྒྱུད་བའི་དུག་བཅོས་པ།ལེའུ་གོ་གསུམ་པ། ཁྱི་དུག་བཅོས་པ།  ལེའུ་གོ་བཞི་པ།  རོ་ཙ་གསོ་བ། ་ལེའུ་གོ་ལྔ་པ།  སྐད་བཅོས།ལེའུ་གོ་དྲུག་པ།  རྟ་ཕྱུགས་ཀྱི་ནད་བཅོས་པ།  བཅས་ལེའུ་གོ་དྲུག་དང་མཇུག་བྱང་བཅས་ལས་གྲུབ་ཡོད།  (བོད་ཀྱི་གསོ་བོ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་)ནང་གསེས་ཀྱི་དེབ་ང་གཉིས་པར་ལྷོ་འབྲོང་སྤྲུལ་བསྟན་འཛིན་ཉི་མ་ལགས་ཀྱིས་མ་ཡིག་མཁོ་སྤྲོད་མཛད་པའི་ལག་བྲིས་མའི་མ་ཡིག་ཉིད་གཞིར་བྱས་ནས(མན་ངག་རིན་ཆེན་གསེར་སྒྲོམ་)འདི་པར་དུ་བསྐྲུན་ཡོད་ལ་དེབ་ཀྱི་དག་སྒྲིག་པས་“དེབ་འདི་ནི་རྒྱུད་ཆེན་མན་ངག་རྒྱུད་ཀྱི་དགོངས་པ་གཞིར་བཟུང་ཐོག  བྱེ་བ་རིང་བསྲེལ་དང་འབྲི་གུང་གཅེས་བསྡུས། བདུད་རྩི་བུམ་པ་སོགས་བཀའ་གཏེར་གསོ་དཔྱད་ཁུངས་བཙུན་དག་གི་དོན་བསྡུས་ཤིང་། རང་གི་སློབ་དཔོན་སོགས་ཀྱི་ཆིག་རྒྱུད་མན་ངག་དག་གིས་ཟུར་བརྒྱན་ཏེ་ནད་རིགས་ཀུན་གྱི་གསོ་ཐབས་རྣམས་སྡོམ་ཚིག་ལྟར་བཀོད་ཡོད་པ་ནི། བཙན་དུག་གི་སྨན་མར་བཟོ་སྐབས་སྨན་མར་གཞན་དག་དང་འདྲ་བར་སྨན་རོ་དོར་ན་ཕན་པ་ལས་གནོད་པ་ཆེ་བ་དང་།  བད་ཀན་སྐབས་སྐྱ་སེར་གྲང་ལ་སྨུག་པོ་ཁྲག་མཁྲིས་རྒྱུ། ཞེས་དང་།གློ་ཚད་སྐབས་དམར་སེར་སྐྱ་སོབ་སོགས་ལུད་པའིཁ་དོག་དང་བསྟུན་ནས་གཉེན་པོའང་མི་འདྲ་བ་སྣ་ཚོགས་བསྟེན་དགོས་ཚུལ་དང་། གཞན་གསོ་དཀའི་གཉན་ནད་ཀྱི་བཅོས་ཆ་ཚང། དང་བཅས་འཁྱེར་བདེའི་ལག་ལེན་གནད་འབེབས་མང་པོ་རྒྱས་པར་གསུངས་ཡོད་པས་རིམ་བྱུང་མཁས་དབང་མང་པོས་གདེངས་འཇོག་ཆེན་པོར་བཞེད་པའོ”ཞེས་གདེངས་འཇོག་དང་བཅས་པར་དུ་བསྐྲུན་ཡོད་དོ།  །

གསུམ།   གཞུང་འདི་ནམ་བརྩམས་པའི་བསྐོར།

གསོ་དཔྱད་ལ་ཤིན་ཏུ་མཁས་པ་རྒེའུ་སྣ་དགོན་གྱི་བླ་མ་ཡོངས་གྲགས་སུ་ཀརྨ་ཚུལ་ཁྲིམས་ལམ་ཀརྨ་རིག་གྲོལ་དུ་ཞུ་བ་ཁོང་གིས་གཞུང་འདི་ནམ་ཙམ་མཛད་པར་ཅུང་གླེང་ན།  ཁོང་གིས་མཛད་པའི་མན་ངག་རིན་ཆེན་གསེར་སྒྲོམ་གྱི་མཆོད་བརྗོད་དུ། “དྭགས་པོ་རང་བྱུང་རྗེ་དང་བཅུ་བཞི་པ།   །ཆོས་འབྱུང”ཞེས་པས་མཉམ་མེད་དྭགས་པོ་ལྷ་རྗེ།  ཀརྨ་རང་བྱུང་རྡོ་རྗེ།  ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ།   སི་ཏུ་ཆོས་ཀྱི་འབྱུངས་གནས་སོགས་ལ་མཆོད་པ་བརྗོད་ཡོད།  དེ་བཞིན་མཇུག་རྩོམ་དུའང་“གནས་མཆོག་འོག་མིན་དཔལ་ལྡན་འཚུར་ཕུ་ནས། །སངས་རྒྱས་སྟོང་དངོས་མགོན་པོ་པད་དཀར་འཆངས།   །བསིལ་ལྡན་འགྲོ་དོན་ངུར་སྨྲིག་སྐུར་བཞེངས་པ། །རིག་བརྒྱའི་ཁྱབ་བདག་རྟག་བསྟེན་ཅིང་། །འཕྲིན་ལས་དབྱར་ཀྱི་ཆུ་བཞིན་གོང་འཕེལ་ཤོག། “ཅེས་པའི་བརྟན་བཞུགས་གསོལ་སྨོན་གང་དེ་ཡང་ཀརྨ་པ་བཅུ་བཞི་པ་མཆོག་ལ་བྱས་པ་རང་ཡིན་ཞིང་། ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་ནི་རབ་བྱུང་བཅུ་གསུམ་པའི་ས་ལུག་ཕྱི་ལོ་ 1799ལོར་མདོ་ཁམས་ཟལ་མོ་སྒང་གི་ཟླ་ནང་སྐུ་འཁྲུངས་པ་དང་། རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་ཕྱི་ལོ་1869ལོར་སྐུ་གཤེགས་པ་རེད།  དེས་ན་ཀརྨ་པ་བཅུ་བཞི་པ་སྐུ་འཚོ་བཞུགས་གནང་བའི་ཡུན་ཆུ་ཕག་ལོ་གཉིས་ཚེས་མྱོང་ལ་སྔ་མ་ནི་ཁོང་དགུང་ལོ་བཞི་ལ་སོན་པ་སྤྱི་ལོ་1803ལོ་སྟེ།  རབ་བྱུང་བཅུ་གསུམ་པའི་ཆུ་ཕག་ལོ་དང་།གཅིག་ཤོས་ནི་ཀརྨ་པ་བཅུ་བཞི་པ་ཁོང་ཉིད་དགུང་གྲངས་དྲུག་བཅུ་རེ་བཞི་ལ་སོན་པ་སྤྱི་ལོ་1863ལོ་སྟེ།  རབ་བྱུང་བཅུ་བཞི་པ་པའི་ཆུ་ཕག་ལོ་རེད།  གསོ་རིག་བསྟན་བཅོས་རང་ངོས་ནས་ཉམས་མྱོང་སོགས་ལ་དཔྱད་ན་བསྟན་བཅོས་འདི་མཛད་སྐབས་མ་མཐའ་ཡང་མཛད་པ་པོའི་དགུང་གྲངས་སུམ་བཅུ་ཡན་ལ་སོན་ཡོད་པ་ཚོད་དཔག་བྱེད་ཆོག། ཆུ་ཕག་སྔ་མ་ལྟར་ཁོང་ཉིད་སྐུ་འདས་ནས་ཡང་སྲིད་བརྩད་བཅོད་བྱས་པའི་ལོ་དེར་ཁོང་གིས་གསོ་རིག་གི་བསྟན་བཅོས་འདི་བརྩམ་ནས་ལོ་༧༡དང་།  ཕྱི་མ་ལྟར་ལོ་༡༡ཕྱིན་ཡོད།  དེའི་ཁར་ཚོད་དཔག་བྱས་པའི་ཁོང་གིས་བསྟན་བཅོས་འདི་ཉིད་བརྩམས་པའི་སྐབས་ཀྱི་དགུང་སུམ་བཅུ་བསྣན་ན་ལོ་བརྒྱ་ཡི་ཁར་བུད་པས་ཕལ་ཆེར་མིན་ངེས། ཁོང་ནི་ཀརྨ་པ་བཅུ་བཞི་པ་ཐེགས་མཆོག་རྡོ་རྗེའི་སྐུ་ཚེ་དང་དུས་མཉམ་པར་ངོས་འཛིན་དགོས་སྟེ་ཁོང་གི་སྐུ་ཕྲེང་བཅུ་གཉིས་པ་ནི་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཏེ།  དེ་ནི་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གནང་བའི་བརྟག་ཡིག་ལས“ཟླ་བ་བཅུ་གཅིགཔའི་ཚེས་བརྒྱད་ལ།  སྒིས་སྣ་དགོན་གྱི་སྙེ་བ་བྲ(བླ་)མའི་སྐྱེ་སྲིད་སྔོན་དུ་སྐྱབས་མགོན་འབྲུག་པ་རིན་པོ་ཆེ་ནས་ཨ་འབུམ་རྒྱུད་དུ་གྲོང་པ་ཡས་མས་གཉིས་ཡོད་པར།  ཕ་མ་དར་བབ་གཉིས་ལ་བུ་གསུམ་ཡོད་པའི་འབྲིང་བ་ཤིང་ཁྱི་ལོ་པ་ཡོང་ཞེས་ཕེབས་པར་།   ད་ལམ་བླ་མ་ལེགས་ལྡན་གདོང་སྒིས་སྣ་དགོན་གྱི་བླ་གྲྭ་བརྩད་བཅོད་བགྱིས་པར།   ཨ་འབུམ་རྒྱུད་ནས་བུ་གསུམ་གྱི་འབྲིང་བ་ཤིང་ཁྱི་ལོ་པ་ཅན་འོས་འདུ་ལྔ་ཙམ་ཕུལ་ཏེ།   སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེས་ཐུགས་ཐག་གཅོད་གྲུབ་ཞུས་འདུག་གཤིས་སྙན་ཞུ་ཕུལ་བས་ཐུགས་དམ་གཟིགས་ཏེ།  གོང་པ་སྐྱེས་དགའ་ཟེར་བའི་གྲོང་པའི་བུ་ཤིང་ཁྱི་ལོ་པ་དེ་ཡིན་ཞེས་ངོས་འཛིན་མཛད།  མིང་ལ་ཀརྨ་ངེས་དོན་བསྟན་འཛིན་ཆོས་རྒྱལ་གནང་།  རིམ་གྲོ་ཁ་ཤས་དང་།ཡོས་ལོར་ཁྲི་སྟོན་བྱས་ན་ལེགས་ཅེས་གསུང་།   ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ལོ་ཕྱི་ལོ་1870ལོར་སྐུ་འཁྲུངས་ཤིང་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ཕྱི་ལོ་ 1921ལོར་སྐུ་གཤེགས་པས་ཁོང་དགུང་གྲངས་ང་གཅིག་བཞུགས་རིང་དུ་ཤིང་ཁྱི་ལོ་གཅིག་ལས་ཚེས་མྱོང་མེད་ལ་དེ་ནི་ཁོང་ཉིད་དགུང་གྲངས་བཞིར་ཕེབས་པའི་ཕྱི་ལོ་1874ལོ།  རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི་ལོ་དེ་རེད། འདི་ལ་དཔྱད་ན་སྐབས་འདིར་སྐུ་ཕྲེང་བཅུ་གཅིག་པ་དཀོན་མཆོག་འཕྲིན་ལས་བསྟན་འཛིན་ནམ་ཀརྨ་ཀུན་ཁྱབ་བསྟན་འཛིན་རིག་གྲོལ་སྐུ་འདས་ནས་ལོ་མང་པོ་སོང་མེད་པ་ནི་ཚོད་དཔག་བྱེད་ཆོག  ཡོངས་ཀྱི་འགྲོ་སྲོལ་ལྟར་ན་བླ་མ་གང་ཞིང་འདས་རྗེས་ཀྱི་ལོ་དེའི་ནང་ནས་ཕལ་ཆེར་བརྩད་གཅོད་བྱེད་པ་ཡིན་པས་སོ།།   འདིར་གསར་བའི་འབྲུག་པ་སྐྱབས་མགོན་ནི་འབྲུག་ཆེན་སྐུ་ཕྲེང་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ཕྱི་ལོ་ 1824ལོར་སྐུ་བལྟམས་ཤིང་དགུང་གྲངས་ང་བདུན་པ་རབ་བྱུང་བཅོ་ལྔའི་ལྕགས་འབྲུག་ཕྱི་ལོ་ 1880ལོའི་བོད་ཟླ་བཅུ་པའི་ཚེས་བརྒྱད་ལ་ཞི་བར་གཤེགས་པ་དེ་རང་ཡིན་ངེས།   ཚུལ་འདི་དག་ལ་རྟེན་ནས་བསམ་ན་ཕྱི་ལོ་1874ལོ།  རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི་ལོ་དེར་ཁོང་སྐུ་འདས་ཟིན་པ་དང་།   སྤྱི་ལོ་1863ལོ་སྟེ།  རབ་བྱུང་བཅུ་བཞི་པ་པའི་ཆུ་ཕག་ལོ་སྟེ་ཀརྨ་པ་བཅུ་བཞི་པ་ཁོང་ཉིད་དགུང་གྲངས་དྲུག་བཅུ་རེ་བཞི་ལ་སོན་པའི་ལོ་དེར་ཁོང་གིས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རིན་ཆེན་གསེར་སྒྲོམ་མམ་སྒེའུ་རྣའི་གསེར་སྒྲོམ་འདི་ཉིད་མཛད་པར་གསལ་ལོ།  །

ཞེས་ཕ་ཡུལ་གྱི་གསོ་རིག་བསྟན་བཅོས་འདི་ཉིད་དང་ལོ་རྒྱུས་ཁྲོད་ནས་ཡལ་ལ་ཉེ་བའི་བསྟན་བཅོས་འདིའི་རྩོམ་པ་པོའི་ལོ་རྒྱུས་སོགས་ལ་ཕ་ཡུལ་མིས་དོ་སྣང་ཅུང་རེ་འབྱུངས་བའི་ཆེད་དུ་༢༠༢༠ལོའི་ཟླ་༡ཚེས་༢ ལ་ཉང་བློ་་གྲོས་རབ་གསལ་པས་བྲིས་པའོ།།