ཉང་བློ་གྲོས་རབ་གསལ།

 

འབའ་རོམ་བཀའ་བརྒྱུད་ཀྱི་སྒོམ་སྡེ་རི་ཁག་བཅོ་བརྒྱད་བྱུང་བའི་ནང་ཚན་རྫ་རི་པ་ཞེས་པ་ནི་འབའ་རོམ་དར་མ་རིན་ཆེན་ལས་བྱུང་བའི་འབའ་རོམ་བཀའ་བརྒྱུད་ཀྱི་སྒོམ་སྡེ་རི་ཁག་བཅོ་བརྒྱད་བྱུང་ལ་དེ་དག་ནི་བཞེད་པ་མི་འདྲ་ས་རེ་ཡོད་ནའང་ཡོངས་གྲགས་སུ་༡ ཉིན་དགོན་པ། ༢ རྒོད་ཚང་པ། ༣ བེའུ་རུ་པ། ༤ དགོན་སར་པ། ༥ རྣ་རོང་བ། ༦ སྟོང་ནག་པ། ༧ ཇབ་པ་བ། ༨ སྐྱོ་བྲག་པ། ༩ ཤོར་ཕུ་པ། ༡༠ ཕུག་པ་བ། ༡༡ རོ་ལོ་བ། ༡༢ ཤར་པ་བ། ༡༣ རྒིས་སྣ་བའམ་ཀིལ་སྣ་པ། ༡༤ སོ་རག་པ། ༡༥ ཁོ་ཕུག་པ། ༡༦ རི་པ་བ། ༡༧ དེང་ཐོག་པ། ༡༨ རྫ་རི་པ་བ་དང་བཅས་བཅོ་བརྒྱད་ཡིན་ཞིང་དེ་དག་ལས་རྫ་རི་པ་ལའང་རི་པ་སྟོད་སྨད་བར་གསུམ་ཞེས་ཁམས་ཡུལ་ཤུལ་རྫ་སྟོད་ཁོངས་ལྕི་ཆུའི་འགྲམ་དུ་ཆགས་ད་ལ་དེ་དག་རི་པ་བར་མ་དགོན་གྱི་བླ་མ་རི་བག་ཡོད་ནི་གཤིན་རྗེ་ཁྲོ་ཆུ་བཀའ་བབས་ཡིན་ཏེ། ངག་རྒྱུན་ལས“རི་པའི་ཀརྨ་བག་ཡོད་ལ། གཤིན་རྗེ་ཁྲོ་ཆུའི་བཀའ་བབས”ཞེས་ཟེར་བ་དང་རི་པའི་ཀརྨ་བག་ཡོད་དེ་བཀའ་བབས་བུ་ཆེན་བཅུ་དྲུག་གི་ཡ་གྱལ་ཡིན་ཞེས་ཟེར་རོ།  །  དེ་ཡང་ཁོང་གི་འཁྲུངས་འདས་ལོ་ཚིགས་ནི་མི་གསལ་ལ། ཤེས་རྟོགས་བྱུང་བ་ལྟར་ན་ཁོང་གི་གནས་མདོ་ཀརྨ་ཆགས་མེད་དང་དུས་མཉམ་ཡིན་ལ་གནས་མདོ་ཀརྨ་ཆགས་མེད་རིན་པོ་ཆེ་ཁོང་ནི་རབ་བཅུ་པའི་ས་བྱ་ལོར(1609)ཡབ་སྔགས་འཆང་ཨ་ནུ་པདྨ་དབང་གྲགས་དང་ཡུམ་ཆོས་སྐྱོང་སྐྱིད་གཉིས་ཀྱི་སྲས་སུ་ཆབ་མདོ་ས་ཁུལ་གྱི་རྨོག་མདའི་ཉེ་ལོགས་ངོམ་གནས་མདོ་ཁར་སྐུ་འཁྲུངས།ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་གཏོར་ཆོག་སྐོར་གྱི་དབང་ལུང་ཁྲིད་གསུམ་དང།ཕྱག་ལེན་མན་ངག་སོགས་གསན།དབུས་ཕྱོགས་སུ་ཕེབས་ནས་རྒྱལ་བ་ཀརྨ་པ་ཡབ་སྲས་དང་མཇལ།ལྷག་པར་དུ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་མདུན་ནས་རབ་ཏུ་བྱུང་།མཚན་ཀརྨ་ཆགས་མེད་ཞེས་གསོལ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང། ཞྭ་དམར་ཆོས་ཀྱི་དབང་ཕྱུགས་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་ལྔ་བཅུ་ལྷག་ཙམ་ལ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱང་པ་མཐར་ཕྱིན་མཛད། གནམ་ཆོས་མི་འགྱུར་རྡོ་རྗེ་དང། རྫོགས་ཆེན་པདྨ་རིག་འཛིན། དཔལ་ཡུལ་ཀུན་བཟང་ཤེས་རབ། རུ་པ་བརྩོན་འགྲུས་རྒྱ་མཚོ། པདྨ་ཀུན་དགའ། ཆོས་དབང་ཀུན་བཟང་།  རི་པ་ཡང་དག ། རི་པ་བག་ཡོད་སོགས་སློབ་ཚོགས་གྲངས་ལས་འདས་པ་བསྐྱངས། གསུང་རྩོམ་ལ། གསང་སྔགས་གསར་རྙིང་གི་སྒྲུབ་ཐབས་ཆོ་ག་དང། ཞལ་གདམས། མདོས་ཆོག རྩིས་གཏོ་ས་རིས་སོགས་ཆོ་ག་ཕྱག་ལེན་དང་ཞལ་གདམས་བསླབ་ཁྲིད་སྐོར་པོད་བཅུ་ཕྲག་ཁ་ཤས་བཞུགས། རབ་བྱུང་བཅུ་གཅིག་པའི་ས་རྟ་ལོའི(1678)ས་ག་ཟླ་བའི་ཚེས་གཅིག་ལ་སྐུ་གཤེགས་འདུག །འདི་དག་ལས་ཆགས་མེད་ཀྱི་སློབ་མར་གྱུར་པ་རི་པ་ཀརྨ་བག་ཡོད་ཁོང་གི་འཁྲུངས་འདས་ལོ་ཚིགས་མི་གསལ་ནའང་ཀརྨ་ཆགས་མེད་ཁོང་གཉིས་བླ་སློབ་ཡིན་རྐྱེན་ཕལ་ཆེར་དུས་ནམ་ཙམ་བྱོན་པ་ཕྱོགས་ཙམ་ཤེས་ཐུབ་པ་ཡིན།  བག་ཡོད་འདི་ཉིད་ལ་མཚན་གཞན་ལ་བྲག་ཡོབ་ཟེར་ཞིང་ར་བཏགས་དོར་བས་བག་ཡོབ་ཏུ་འབྲི་དགོས་པ་དང་།  དེ་ལྟར་ཐོགས་དོན་ཡང་བྲག་ལ་ཡོབ་ཡོད་པ་ལྟར་མི་ཐོགས་པར་འཛེགས་ནུས་པ་སོགས་ཀྱིས་ཡིན་ཚུལ་ངག་རྒྱུན་དུའང་འདུག་གོ།  །

བག་ཡོད་ཁོང་ཉིད་ཀརྨ་ཆགས་མེད་ཀྱི་སློབ་མ་ཡིན་པ་ནི་«དགེ་སློང་རཱ་ག་ཨ་སྱེའི་རྣམ་ཐར་ལས།  རིགས་རུས་དང་འབྲེལ་ཞིང་སངས་རྒྱས་བསྟན་པའི་འཇུག་སྒོ་དང་མཐུན་པ་ཕྱི་ཡི་རྣམ་ཐར་ཡོད་དོ།།»ཞེས་པ་ལས་“ཆོས་དབང་ཀུན་བཟང་ཉིད་ཀྱིས་བསྐུལ་བྱས་པས།  །གཤིན་རྗེ་ཁྲོ་ཆུའི་ཟིན་བྲིས་རྒྱས་པར་བྲིས། །དེ་ནས་བླ་མ་རི་པ་བག་ཡོད་པས། །རྟ་ཁྲབ་ལ་སོགས་འབུལ་བ་ཆེར་བསྣམས་ནས། །དེ་ཉིད་ཞུ་ཕྱིར་བྱོན་ཡང་བདག་མ་གཏུགས།  །ཆོས་དབང་གིས་ནི་དབང་ལུང་ཕུལ་བྱས་ཏེ། །ཁོང་གིས་ཟླ་བ་གསུམ་ཙམ་བསྒྲུབ་བྱས་ནས།  །ནུས་པ་ཆེ་ཞིང་ཟབ་པའི་གྲགས་པ་ཁྱབ། །”ཅེས་དང་ཡང་ཡང་«དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་གྱི་སྤྱི་དོན་དང་མདོ་རྒྱུད་ཀྱི་ལུང་དང་མི་མགལ་བར་སྤྱོད་པའི་རྣམ་ཐར་མཁས་རྣམས་དགྱེས་པའི་སྒྲ་སྙན་བཞུགས་སོ།  །»ཞེས་པ་ལས“རི་པ་བག་ཡོད་ཟླ་གསུམ་མཚམས་བསྡམས་ནས།  །ཁྲོ་ཆུ་ཟིན་བྲིས་ཉམས་སུ་བླངས་བ་ཡི། །ནུས་པ་ཆེ་བའི་གྲགས་ནི་ཆེན་པོ་ཐོབ། །ཅེས་དང་ཡང་དེ་ཉིད་ལས“དེ་སྔོན་བླ་མ་བག་ཡོད་པས།  །གདན་འདྲེན་ལན་འགའ་བྱུང་བའི་ཕྱིར། །ཡོས་ལོའི་དབྱར་ལ་དེ་ཕྱོགས་བཏེགས། །སྲམ་གྱི་ཉི་ཟླ་ཁ་ཞེས་པར། །ཁྲོམ་ཚོགས་འདུས་ཤིང་ཆོས་ར་བཙུགས། །ས་རྒོད་ཤིན་ཏུ་གཉན་པའི་ཕྱིར། །ཉིན་རེ་རྒྱུན་དུ་སེར་བ་བརྒྱབས། ། ཁྲོམ་དང་གྲྭ་ཚོགས་ཐམས་ཅན་ཀྱང་།  །སེམས་རྒྱུད་འཁྲུགས་ཤིང་རྩུབ་པར་གྱུར།  །དེ་ཚེ་ཉམས་དང་རྨི་ལམ་མཚམས། །རྒྱལ་འགོང་བླ་མ་ཆེན་པོའི་གཟུགས། །པན་ཞྭ་དམར་པོ་གྱོན་པ་ཞིག །རྟ་ལ་ཆིབས་ནས་འཁོར་ཚོགས་བཅས། །མདུན་ནས་ཕྱག་འཚལ་གུས་འདུད་བཅས།  །མགོ་གཡོག་གནོད་པ་ཡིན་པ་ནི།།རང་གི་སེམས་ཀྱིས་ཤེས་པ་བྱུང་།  །ལྟ་བའི་གདེང་བསྐྱེད་བསྐྱེད་རིམ་སྒོམ།   །དེ་དུས་རྩིབ་སློང་རྣམས་ཀྱང་ཞི། །སེར་མོ་བ་ཡང་མང་དུ་བྱུང་། །དབང་ལུང་ཁྲིད་སོངས་ལེགས་པར་ཚར། །ཟང་ཟིང་ལོངས་སྤྱོད་ཆར་ལྟར་བབས།   །དེ་ནས་བླ་མ་བག་ཡོད་པས།   །གདན་དྲངས་བཀུར་བསྟི་ཕུན་ཚོགས་བྱས།  །དེ་རི་ལྷ་མོ་བརྒྱ་རྩ་བླུགས། །རི་ཕ་དགེ་བཤེས་ཆུང་བས་ཀྱང་། །དེ་བཞིན་སྤྱན་དྲངས་བསྙེན་བཀུར་བྱས།  །དེ་བཞིན་དགེ་བཤེས་ཕུན་ཚོགས་ཀྱིས། །ཤོག་ཁས་ཞག་གསུམ་དབང་སྦྲེལ་བྱས།  །དེ་ཕྱོགས་སྔགས་འཆང་འགའ་རེས་ཀྱང་། །རང་རང་འདོད་ཆོས་དབང་ལུང་ཞུས། །བཀུར་སྟི་ཕུན་སུམ་ཚོགས་པར་བྱས།  །”ཞེས་འབྱུང་བ་དག་ལས་ཤེས་ཐུབ་པ་ལྟར་ཐོག་ཀརྨ་ཆགས་མེད་དང་མཇལ་བར་ཕེབས་དུས་ཀརྨ་ཆགས་མེད་མ་མཇལ་བ་དང་ཕྱིས་གདན་འདྲེན་ལན་འགའ་བྱས་པའི་མཐར་ཁོང་ཉིད་དེང་བསམ་ཉི་ཟླ་ཁ་རུ་ཁྲོམ་ཚོགས་འདུས་ནས་ཆོས་ར་བཙུག་པ་དང་བླ་མ་བག་ཡོད་པས་བཀུར་བསྟི་ཕུན་སུམ་ཚོགས་བྱས་པ་སོགས་གསལ་བ་ལྟར་རོ།  །

ཤེས་དགོས་པ་ལ་རི་པ་ཀརྨ་བག་ཡོད་ཀྱི་གཤིན་རྗེ་ཁྲོ་ཆུའི་དབང་ལུང་ཐོག་མར་ཞུ་ས་དངོས་ནི་ཀརྨ་ཆགས་མེད་མ་ཡིན་པར་ཆགས་མེད་ཀྱི་སློབ་མའམ་གཅུང་ཆོས་དབང་ཀུན་བཟང་ལས་གཤིན་རྗེ་ཁྲོ་ཆུའི་དབང་ལུང་ཞུས་པ་ཡིན་ཏེ་ཀརྨ་ཆགས་མེད་ཆགས་མེད་ཞབས་ཀྱིས་མཛད་པའི་«བླ་མ་ཞིང་གཤེགས་ཆོས་དབང་ཀུན་བཟང་གི་ལོ་རྒྱུས་རྣམ་ཐར་ངུ་བྲོ་དགོད་འཆོར་ཞེས་བྱ་བ་བཞུགས་སོ།།»ཞེས་པ་ལས“དངུལ་བཟང་བསོད་ནམས་རྡོ་རྗེའི་རིགས་རྒྱུད་པ། །བླ་བརྒྱུད་མ་ཆད་ཡོངས་གྲགས་བླ་ཆེན་ཏེ། །རི་པ་བག་ཡོད་ཁུ་དབོན་དཔོན་སློབ་འགའ། །འབུལ་བ་ཆེན་པོ་བསྣམས་ནས་ཕེབས་བྱུང་བ། །རཱ་ག་ཨ་སྱ་ངག་མཚམས་དམ་པ་ཡིས། །བླ་མ་ཆོས་དབང་ཀུན་བཟང་ལ་ཞུས་ཏེ།  །གཤིན་རྗེ་ཁྲོ་ཆུའི་དབང་ལུང་ཡོངས་རྫོགས་དང་། །ཀིང་ཀང་དམར་ནག་གུར་དྲག་ཡོངས་རྫོགས་གནང་།  །རི་པས་ཁྲོ་ཆུ་བསྒྲུབས་པས་ནུས་པ་ཐོན། །ཁམས་ཕྱོགས་ཁྱབ་པའི་གྲགས་པ་ཆེན་པོ་བྱུང་།  །”ཞེས་པ་ལྟར་རཱ་ག་ཨ་སྱ་ངག་མཚམས་དམ་པས་མ་མཇལ་བར་བླ་མ་ཆོས་དབང་ཀུན་བཟང་ལས་གཤིན་རྗེ་ཁྲོ་ཆུའི་དབང་ལུང་ཡོངས་རྫོགས་དང་ཀིང་ཀང་དམར་ནག་གུར་དྲག་གི་དབང་ལུང་ཡོངས་རྫོགས་ཞུས་ཤིང་གནས་དེར་རི་པ་བག་ཡོད་པས་ཟླ་གསུམ་རིང་དུ་ཁྲོ་ཆུ་བསྒྲུབས་པས་འགྲུབ་ནས་ནུས་པ་ཐོན་ནས་ཁམས་ཕྱོགས་ཁྱབ་པའི་གྲགས་པ་ཆེན་པོ་བྱུང་བ་ཡིན་ཏེ་ «དགེ་སློང་རཱ་ག་ཨ་སྱེའི་རྣམ་ཐར་ལས།  རིགས་རུས་དང་འབྲེལ་ཞིང་སངས་རྒྱས་བསྟན་པའི་འཇུག་སྒོ་དང་མཐུན་པ་ཕྱི་ཡི་རྣམ་ཐར་ཡོད་དོ།།»ཞེས་པ་ལས་“ཆོས་དབང་ཀུན་བཟང་ཉིད་ཀྱིས་བསྐུལ་བྱས་པས།  །གཤིན་རྗེ་ཁྲོ་ཆུའི་ཟིན་བྲིས་རྒྱས་པར་བྲིས། །དེ་ནས་བླ་མ་རི་པ་བག་ཡོད་པས། །རྟ་ཁྲབ་ལ་སོགས་འབུལ་བ་ཆེར་བསྣམས་ནས། །དེ་ཉིད་ཞུ་ཕྱིར་བྱོན་ཡང་བདག་མ་གཏུགས།  །ཆོས་དབང་གིས་ནི་དབང་ལུང་ཕུལ་བྱས་ཏེ། །ཁོང་གིས་ཟླ་བ་གསུམ་ཙམ་བསྒྲུབ་བྱས་ནས།  །ནུས་པ་ཆེ་ཞིང་ཟབ་པའི་གྲགས་པ་ཁྱབ། །”ཅེས་དང་ཡང་«དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་གྱི་སྤྱི་དོན་དང་མདོ་རྒྱུད་ཀྱི་ལུང་དང་མི་མགལ་བར་སྤྱོད་པའི་རྣམ་ཐར་མཁས་རྣམས་དགྱེས་པའི་སྒྲ་སྙན་བཞུགས་སོ།  །»ཞེས་པ་ལས“རི་པ་བག་ཡོད་ཟླ་གསུམ་མཚམས་བསྡམས་ནས།  །ཁྲོ་ཆུ་ཟིན་བྲིས་ཉམས་སུ་བླངས་བ་ཡི། །ནུས་པ་ཆེ་བའི་གྲགས་ནི་ཆེན་པོ་ཐོབ། །ཅེས་པ་ལྟར་ཆགས་མེད་ཀྱི་ཆོས་དབང་ཀུན་བཟང་མཆོག་ནི་ཆགས་མེད་ལགས་ལ་གཤིན་རྗེ་ཁྲོ་ཆུའི་ཟིན་བྲིས་རྒྱས་པར་འབྲི་བར་བསྐུལ་མ་བྱེད་མཁན་དང་།  དེ་འབྲེལ་གྱི་དབང་ལུང་སོགས་ཐོག་མར་ཐོབ་མཁན་ཡིན།  རི་པ་ཀརྨ་བག་ཡོད་པ་མཆོག་ཀརྨ་ཆགས་མེད་ལས་གཤིན་རྗེ་ཁྲོ་ཆུའི་དབང་ལུང་ཞུ་བར་ཕེབས་པ་ཡིན་ཡང་ཀརྨ་ཆགས་མེད་སྐུ་མཚམས་སུ་བཞུགས་པར་ཁེལ་བས་མཇལ་མ་ཐུབ་པར་མཐར་ཀརྨ་ཆགས་མེད་ཀྱི་གཅུང་སློབ་མ་ཆོས་དབང་ཀུན་བཟང་ལས་དབང་ལུང་ཞུས་ཤིང་།  ཞུས་པ་ཙམ་དུ་མ་ཟད་གནས་དེ་ཉིད་དུ་ཟླ་གསུམ་མཚམས་བསྡམས་ནས་གཤིན་རྗེ་ཁྲོ་ཆུའི་ཟིན་བྲིས་ཉམས་སུ་བླངས་བ་འགྲུབ་ནས་“རི་པའི་ཀརྨ་བག་ཡོད་ལ།  གཤིན་རྗེ་ཁྲོ་ཆུའི་བཀའ་བབས”ཅེས་ནུས་པ་ཆེ་བའི་གྲགས་པ་ཆེན་པོ་ཐོབ་པའོ།  །

ཞེས་ལྷོ་རི་རྒེའུ་གསུམ་གྱི་དགོན་ཁག་དག་གི་བསྟན་ལ་ཕ་མེས་ནས་ལས་ཀྱིས་འབྲེལ་ཞིང་རི་པ་ཀརྨ་བག་ཡོད་ལ་དད་པ་བརྟན་པོར་འཆང་བ་ཉང་བློ་གྲོས་རབས་གསལ་པས་སྦྱར་བའོ།  །