སྟོན་པའི་རྣམ་ཐར་བསྡུས་པ«མདོ་འདུས»ལས་དེ་ནས་ཁྱབ་པ་ལག་རིང་གིས། གཤེན་རབ་དཀོར་ལ་ཆོ་འཕྲུལ་བསྟན། བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས། གཤེན་རབ་རྟ་བདུན་ཁྱེར་ནས་སོང་། རྐོང་པོ་ཡུལ་དུ་རྟ་རྗེས་བསྟན། ཁ་བ་སུབ་མས་རྟ་རྗེས་བཅད། ཉི་མ་དགུ་ཤར་ཁ་བ་བཞུས། བདུད་རི་ནག་པོ་བོན་རིར་བསྒྱུར། ལག་དོར་བྲག་འཕྲང་རྟ་ལམ་གཏོད།  ལྕགས་ཕུབ་དགུ་ཕུག་བྲག་རི་ཕུག མདའ་དྲངས་ཆུ་མིག་དཀར་པོ་དྲངས། རྐོང་རྗེ་དཀར་པོའི་མཁར་སྒོར་སླེབས།  བྲག་འཕྲང་ཆུ་མདོར་མདའ་ལམ་གཏོད། རྟ་བརྐུས་ལས་ལན་རྐོང་རྗེ་ཡིས།  རྐོང་བཟའ་ཁྲི་ལྕམ་གཤེན་ལ་ཕུལ། ཤུལ་ལམ་ཡར་ཆབ་གཙང་བོར་བྱུང་། ལྷ་རི་གྱང་དོར་ཞག་བདུན་བཞུགས།  ཤུལ་དཀར་གཙང་བྱ་གཡུང་དྲུང་མཁར། སྟོན་པའི་ཞབས་རྗེས་གཏོད།  ཁྱུང་ལུང་དངུལ་མཁར་བརྩིགས། གཤེན་བུ་རྐོང་ཚ་དེ་རུ་འཁྲུངས། དེ་ནས་མ་པང་མཚོ་ལ་འཆག  ཅེེས་གོང་གི་གཏམ་རྒྱུད་འདིར་གཞིགས་ན་རྣམ་འདྲེན་སྟོན་པ་གཤེན་རབ་མཆོག་གི་མཛད་པའི་འཕྲིན་ལས་འོད་སྣང་དཀར་པོ་ཁ་བ་གངས་ཅན་ཡུལ་ལྗོངས་སུ་སྐྱོང་དགོས་པའི་རྒྱུ་རྐྱེན་གཅིག་ནི་རྐྱེན་ངན་གྲོགས་ཤར་ཟེར་བའི་དཔེ་ལྟར་གཤེན་གྱི་རྟ་བདུན་ལ་འབྲེལ་བ་ངེས་ཅན་ཡོད་ཅིང་། བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་རབ་ཀྱི་རྟ་བདུན་ཀོང་ཡུལ་ལ་དེད་པའི་རྐྱེན་བྱས། སྟོན་པ་མཆོག་ཀོང་ཡུལ་ལ་ཕེབས་ནས། བདུད་རི་བོན་རིར་བསྒྱུར་ཞིང་། གྱེར་སྒོ་བརྒྱད་ཁྲི་བཞི་སྟོང་བོད་ལ་དར་བའི་སྨོན་ལམ་གྱིས་བཀའ་བཙན་པར་མཛད་པ་མ་ཟད།  ཀོང་རྗེའི་སྲས་མོ་ལ་གཤེན་གྱི་རིགས་སྲས་སྨིན་ཏེ། དེ་ཡི་རྒྱུད་པ་ཟམ་མ་ཆད་པར་དུས་ད་ལྟར་ཡང་། བོད་གངས་ཅན་ལྗོངས་སུ་གཤེན་གྱི་གདུང་སྲས་འཁྲུལ་བྲལ་ལུང་རིག་གཏན་ཚིགས་འབུམ་གྱིས་ཕྱུག་པ་གངས་ཅན་འགྲོ་བའི་སྤྱི་རྒྱན་དུ་བཞུགས་ཡོད་ཕྱིར། ང་ཚོ་གངས་ཅན་པའི་རྟ་མཆོག་ལ་བཅངས་པའི་བརྩེ་སེམས་ནི་དུས་དང་བསྐལ་པ་ཇི་ལྟར་འདས་ཀྱང་རང་གར་ལྷོད་ཆོག་པའི་དཔེ་ཞིག་སྲིད་དམ་ཏེ་མི་སྲིད་དོ།།

ཡང་«རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང་»ལས་རྟ་ཡི་བྱུང་ཁུངས་ལོ་རྒྱུས་བྲིས་པ་ལུང་ཐད་ཀར་དྲངས་ན“རྟ་དཔྱད་མཐོང་བ་ཤེས་བྱ་ཀུན། མ་འདྲེས་གསལ་བའི་མེ་ལོང་འདི། དེ་ལས་བྱུང་ཁུངས་ལོ་རྒྱུས་དང་།  རྟག་ཏུ་བཅོས་ཐབས་རིམ་གྲོ་བཅས། སྐབས་དོན་ཆུ་བོ་གྲངས་ལྡན་ལ།  ལེའུ་ལིང་རྩིས་རྒྱས་བཤད་བྱ། སྐབས་དོན་དང་པོ་འདི་ལྟར་ཏེ།  འབྱུང་ཁུངས་ལོ་རྒྱུས་སྐལ་བཟང་འདི། ཕྱི་སྣོད་འཇིག་རྟེན་ཡས་རིམ་ཆགས། ནང་བཅུད་སེམས་ཅན་མས་རིམ་གྲོལ།  དེ་ཚེ་ལྷ་ཡི་འཇིག་རྟེན་ན། ལྷ་ལམ་རྒྱ་མཚོ་བདུད་རྩི་འཐུང་།  ལེན་འདོད་བསམ་པའི་བརྡ་ལ་བརྩོན། ཉི་ཟླ་དཔལ་མགོན་མགྲིན་རིག་རྟ། ནོར་བུ་སྐོང་རྒྱུ་ཡོངས་འདུ་ཤིང་།  ཆང་དང་བདུད་རྩིའི་བུམ་པ་བསྣམས། རིམ་བཞིན་ཐོག་མ་ཆང་ལ་ནི། ལོངས་སྤྱོད་ལྷ་རྣམས་མྱང་གྱུར་བྱས། མ་འཐུང་རྟ་ལྷ་མིན་པར་གྲགས། དེ་བཞིན་རྟ་མཆོག་མགྲིན་རིང་རྟ། བརྒྱ་བྱིན་ཉིད་ཀྱིས་བཞོན་པར་བཟུང་། རྟ་པ་ལྷ་ཡུལ་སྔོན་དུ་དར། ལྷ་ལས་ཤེད་བུ་ཤེད་བསྐྱོད་དེ། མི་ཡི་འགྲོ་བ་ལྷ་ལས་ཆད།  ལྷ་མི་བར་གྱི་དམུ་ཐག་ལ།  བརྒྱུད་ནས་ས་ལས་ལོངས་སུ་སྤྱོད། དེ་ཚེ་འོད་ཡལ་ལུས་ལྕི་ཞུགས། ལྷ་ཡུལ་མ་བགྲོད་མི་རུ་འཕེལ། ཅང་ཤེས་ཉི་མའི་སྙིང་པོ་ནི། མདོ་བ་བསྟན་འཛིན་རྒྱལ་མཚན་གྱིས།  ས་ཡི་རྩི་ཐོག་རྒྱགས་པར་བཟས།  དྲང་སྲོང་དཀའ་ཐུབ་གནས་པའི་དྲུང་། མགོ་སྤྲུག་རྔ་རྡེབ་འཕྲ་ཐོ་བརྒྱབས།  རྔ་མ་གཡུག་ཅིང་གཏོར་ཆ་བཅག  དེ་ཚེ་དྲང་སྲོང་ཐུགས་ཁྲོས་ནས། འདོ་བའི་སྒྲོ་གཤོག་ཆད་གྱུར་ཅིག  གནམ་སའི་དམུ་ཐག་ཆད་གྱུར་ནས།  སྐལ་ལྡན་མི་ཡིས་ཞོན་པར་ཤོག  ཅེེས་གསུང་དྲང་སྲོང་བདེན་ཚིག་འབྲས་སྨིན་ནས། བྲིང་ཞགས་ཐུར་གྱིས་ལེགས་པར་བཏག  ལྕགས་སྒྲོག་གིས་ནི་ནོན་པར་མནན། དུད་འགྲོའི་མཆོག་ཏུ་དབང་བསྐུར་ནས། མིས་ཀྱང་བུ་བཞིན་སྐྱོང་བར་ཤོག ། རྒྱན་དང་སྒ་ཆས་མཛེས་པར་བརྒྱན། དེ་རྗེས་བོད་དུ་འགྲོ་བ་ཆགས། ལྷ་སྲས་གནམ་རི་གུང་བཙན་ཉིད། གནམ་ནས་ལྷ་རུ་གཤེགས་པའི་དུས། བློན་པོ་འཁྲུལ་ཤེས་རིགས་མཐུན་གྱིས། ཅང་ཤེེས་རྟ་ཡི་རྒྱལ་པོ་ནི། ནག་པོ་སྨྲ་ཤེས་བྱ་བ་ཞིག ལྷ་སྲས་བསོད་ནམས་དྲིན་ལས་རྙེད། རྫུ་འཕྲུལ་རྟ་དཔྱད་མང་དུ་སྨྲས། མེས་ཆེན་ཐོ་རི་གཉན་བཙན་དུས།  དམ་པ་ཆོས་ཀྱི་དབུ་བརྙེས་ཤིང་། རྟ་ནོར་ལོངས་སྤྱོད་མངའ་ཐང་དར། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད། དུས་གསུམ་མ་འདྲེས་ཐམས་ཅད་མཁྱེན། སྤྲུལ་པའི་ཁམས་གསུམ་དབང་དུ་བསྡུས།  རྒྱལ་བའི་བོད་ཁམས་ཆབ་འོག་བཅུག  རྟ་ནོར་མཁོ་དགུ་སྨོས་ཅི་དགོས། ཉིད་ཀྱི་དབོན་ཚ་ཆོས་ཀྱི་རྒྱལ། ཚངས་པ་ལྷ་ཡི་མེ་ཏོག་གིས། རྒྱ་ཆོས་པཎ་ཆེན་མང་སྤྱན་གྲངས། བོད་ཕྲུག་ལོ་པཎ་བརྒྱ་རྩ་བསླབས།  ཆོས་སྨན་རིག་གནས་ཐམས་ཅད་བསྒྱུར། ཕྱོགས་རིགས་མཁས་པ་མི་དགུ་བསྡུས། བོད་སྨན་མཁས་དགུ་བླ་སྨན་བསྐོས། ནོར་བུ་མ་བསགས་དགུ་བསགས་ཀྱང་། ཆིབས་སུ་རུང་བའི་རྟ་མ་རྙེད། རྟ་ཁྱུ་བརྒྱ་དང་སྟོང་བསགས་ཀྱང་། ཆིབས་སུ་རུང་བ་ངོ་མ་ཤེས། དེ་ཚེ་བློན་པོ་འགོས་རྒན་ཞེས། བརྒྱད་བཅུ་ལོན་པའི་ཞལ་ན་རེ། ཕྱོགས་བཞིའི་རྟ་མཁན་སྤྱན་དྲོངས་གསུངས། དེ་བཞིན་ཕྱོགས་རིགས་ཡུལ་ལྔ་ནས། རྟ་མཁན་མཁས་པ་མི་དགུ་བསྡུས། གྲུ་གུའི་ཡུལ་ནས་མི་དགུ་བསྡུས། གྲུ་གུའི་ཡུལ་ནས་སེང་མདོ་དང་། སེང་འོད་རྣམ་གཉིས་ཅོག་རོ་དང་། མང་བཙན་མང་པོ་ཤེལ་དང་བཞི། ཧོར་ནས་མ་སང་རྣམ་གཡག་དང་། དམུ་སྡེ་ལོང་བ་དག་དང་དྲུག འབོ་ནས་སྐྱེས་བུ་ཁ་རྗེ་དང་། བུ་མོ་གམ་བཟའ་གཉིས་ཏེ་བརྒྱད། གཡུ་གཞེར་གཡུ་རྗེ་ཁྲི་འོད་བཅས། དེ་དགུའི་འདོད་ལུགས་སོ་སོར་སྣང་། ”ཞེས་གསུངས་པ་དང་། ད་དུང་རྒྱལ་རབས་དེབ་ཐེར་དཀར་པོ་ལས། “སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།”ཞེས་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་འཁོད་ཅིང་མགྲིན་པ་གཟེེངས་སུ་བསྲིངས་ཆོག་པའི་བོད་རྗེ་ལྷ་བཙན་པོ་སྲོང་བཙན་སྒམ་པོ་བོད་རྗེའི་ཁྲི་རུ་ཕེབས་ཤིང་། བོད་ཁམས་སྐྱོང་བ་ནས་བཟུང་། ཤར་རྒྱ་ནག བྱང་གེ་སར། ནུབ་ཏ་ཟིག ལྷོ་རྒྱ་གར་མཚོན་པའི་ཁྱིམ་མཚེས་ཁག་ཏུ་ཞི་བའི་མཇལ་འདོམ་དང་། དྲག་པོ་དཔུང་བསྐྱོད་སོགས་གང་བརྩམས་ཀྱང་འདོ་རིགས་ཅང་ཤེས་རྟ་ཕོ་དང་ཁ་འབྲལ་ཐབས་མེད་པ་ཆགས་ཡོད། སྤུར་རྒྱལ་གྱིས་ཤར་ནས་ནུབ་དང་། བྱང་ནས་ལྷོར་གཏུགས་པའི་དཔུང་བསྐྱོད་བྱས་ཤིང་། དམུ་རྨོག་བཙན་པོའི་དམག་འཐབ་རྒྱལ་ཁ་དེ་དག་ཀྱང་། འདོ་རིགས་རྟ་ཕོ་འམ། བོད་རྟ་ལ་འབྲེལ་བ་ངེས་ཅན་ཡོད་པར་ལོ་རྒྱུས་སྨྲ་བའི་ཞལ་ནས་མ་གསང་སྲོང་པོར་སྨྲ། ད་དུང་གོང་གི་རྟ་ཡི་གཞུང་བཤད་དཔེ་ཆ་དག་ལ་གཞིགས་ན། བོད་བཙན་པོའི་སྐབས་ནས། རྟ་མཆོག་གསོ་ཚགས་ལ་ཆེད་མཁས་པ་ལུང་པ་གཞན་ནས་དྲངས་པ་དང་། ལྷག་པར་དུ་བོད་རང་ལ་རྟ་ཡི་བསྟན་བཅོས་རབས་དང་རིམ་པ་ཡོད་པ་འདི་དག་ནི་གངས་ཅན་གཙུག་ལག་སྣ་བརྒྱ་བཞད་པའི་སྐྱེད་ཚལ་ཁྲོད་དུ། ལྷོད་ཀྱིས་གྲོལ་བའི་སེར་ཅན་མེ་ཏོག་ཅིག་དང་ཅི་འདྲའི་མི་མཚུངས་ཨང་། འདི་ནས་ཞོར་ལ་འབོད་སྐུལ་ཞིག་ནི། ཕོ་ཤེས་མེད་ཀྱིས་དགུན་འཁྱག་རྟ་རྒྱུག་བྱེད། ཅེས་པའི་དཔེ་ལྟར། རྟ་མཆོག་ལ་བརྩེ་དུང་ཡོད་པ་ཙམ་གྱིས་མི་འཐུས་པར། བོད་རང་གི་མེས་པོ་གོང་མ་ཚོས་རྟ་མཆོག་གསོ་སྐྱོང་བྱེད་ཕྱོགས་སྐོར་གྱི་རྟ་ཡི་བསྟན་བཅོས་དག་ངེས་པར་དུ་བཀླག་དགོས་ཤིང་། དེ་དག་ནང་བསྟན་པའི་རྟ་མཆོག་སྐྱོང་ཐབས་དང་། གང་ཞིག་བྱེད་རིག་པ་དང་གང་ཞིག་བྱེད་མི་ཉན་པའི་རྣམ་གཞག་ལ་མ་རྨོངས་པ་གནང་དགོས། དེ་ལྟར་མ་སོང་ན། རྗེ་ཙོང་ཁ་པའི་ཞལ་ནས། འཇིག་རྟེན་རྒུད་པ་ཇི་རྙེད་པ། དེ་ཡི་རྩ་བ་མ་རིག་པ་གསུངས་པ་ནང་བཞིན། རྟ་བདག་གིས་མ་རྩ་ཆེན་པོ་བཏང་ནས། ཉོས་པའི་རྟ་མཆོག་རྣམས་ཤི་གོད་བྱུང་ན། དཔལ་འབྱོར་གྱོང་གུད་དང་། རྩ་ཆེ་རྟ་མཆོག་དེ་དག་གསོ་སྐྱོང་སྤང་བླང་ལ་རྨོངས་པའི་རྐྱེན་གྱིས་ཤི་ལམ་དུ་དེད་ན་སེམས་བསམ་པའི་གཏིང་ནས་གུ་ཡངས་ཐུབ་པ་ཞིག་ཀྱང་མ་རེད་སྙམ།  གོང་དུ་རྟེན་འབྲེལ་གྱི་བརྡ་རུ་རྟ་དཔྱད་མཐོང་ན་ཀུན་གསལ་མེ་ལོང་ལས་ལུང་ཚིག་ཉུང་ཙམ་དྲངས་ཡོད་མོད། ཞིབ་ཕྲ་རྟ་ཡི་རིགས་དབྱེ། རྟ་འདུལ་སྦྱོང་གནང་སྟངས། མགོ་རྣ་སྤུ་མདོག་ལ་བརྟག་ནས་རྟ་བཟང་ངན་ངོས་འཛིན་ཕྱོགས་སོགས། གཞུང་དེར་ཞིབ་ཕྲ་བྲིས་འདུག་པས་སྤྱན་མིག་གཡོ་དགོས་པར་མ་ཟད། དེ་མཚོན་པའི་རྟ་ཡི་བསྟན་བཅོས་ཁག་མང་པོ་ཡོད་པ་དག་ལ་ཞིབ་གཟིགས་བྱེད་དགོས་པ་བཅསོ།།

སྐྱ་ལོ་མཁར་དམར་གྱི་ཕ་རྟ་རྟ་ཡི་རྒྱལ་པོ་བྱ་འབྲུག

 

འཛམ་གླིང་ས་སྒང་རིང་པོ་སྟེང་དུ་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞེས་མིང་གིས་བརྗིད་པའི་གླིང་སྒྲུང་ནང་དུ་ཡང་། སྐུ་རྗེ་སེང་ཆེན་རྒྱལ་པོའི་ཆིབས་རྟ་འདོ་རྗེ་རྐྱང་རྒོད་འཕུར་ཤེས་ཀྱང་མི་སྐད་སྨྲ་བའི་རྟ་མཆོག་ཅིག་ཏུ་བཞེངས་བསྐྲུན་བྱས་ཡོད་པར་མ་ཟད། རྟ་མཆོག་འདི་ཉིད་ཀྱིས་གེ་སར་སྐྱེས་བུ་དོན་འགྲུབ་མཆོག་གི་དཔུང་ཡ་བྱས་ནས། ཕྱོགས་བཞི་བདུད་ཆེན་བཞི་དང་། རྫོང་ཆེན་བཅོ་བརྒྱད། རྫོང་ཕྲན་གྲངས་མེད་ཕབ་པ་དང་།  ད་དུང་འདོ་རྗེ་རྐྱང་རྒོད་འཕུར་ཤེས་མེད་ན། སེང་ཆེན་ནོར་བུ་དགྲ་འདུལ་ཡར་ཁམས་བྱང་མ་རི་བརྒྱུད་དུ། བདུད་མོ་མེ་བཟས་དྲངས་པའི་བརྗེད་ཟས་བརྗེད་ཆུ་ཡིས་མཐའ་ད་དུང་ཡང་རྨོངས་པར་གྱུར་ནས།  སླར་ཡང་ཁྲ་མོ་གླིང་གི་ཡུལ། སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་པང་ཐོག་ལ་ལོག་ཐུབ་མེད་པ་ཁོ་ཐག་རེད།  ད་དུང་སྟག་གཟིག་དང་གླིང་པ་འཁྲུག་རྐྱེན་ནི་འདོ་བ་ཁྱུང་གཤོག་སྔོན་པོའི་བདག་ཐོབ་ལ་བརྩད་པ་ཡིན་ཚུལ་སྒྲུང་ཡིག་ནང་གསལ་ཡོད།  གོང་འཁོད་ཀྱི་གཏམ་རྒྱུད་དེ་དག་ནི། སྒྲ་ཇི་བཞིན་ཧྲིལ་གྱིས་ལེན་མི་རུང་ནའང་། ལོ་རྒྱུས་ཀྱི་ས་བོན་མང་པོ་གཏམ་རྒྱུད་དེ་ཚོའི་ཕབ་ཏུ་སྦས་ཡོད་པ་ཤེས་གལ་ཆེའོ།། བསམ་དགོས་པ་ཞིག་ལ། དབྱར་དུས་ཐུང་ཞིང་དགུན་ཟླ་རིང་བའི་མདོ་དབུས་མཐོ་སྒང་དུ། མི་སེམས་འཆར་ཡན་ཀློང་དུ་ཁྲིད་པར་ནུས་པའི་གླིང་སྒྲུང་འདི་དག་མེད་ན། སྟག་ཤ་རའི་དཔུང་རྩལ་དང་། སྨན་མཛངས་མའི་ལང་ཚོ་འདི་བས་གཉོམ་པའི་ཚད་ལ་ཡོད་སྲིད་ཅིང་། ཁོ་ཚོས་དཔྱིད་ཉི་དང་སྟོན་ནམ་རིང་མོ་ཇི་ལྟར་བསྐྱལ་སྲིད་དམ་སྙམ་ནས། ཚོར་བ་མི་བདེ་བ་ཞིག་གིས་དབུགས་ཧྲིང་འགའ་ཤོར་སོང་། གླིང་སྒྲུང་ནི་བོད་ཀྱི་འཚོ་བ་གསལ་བའི་མེ་ལོང་ཡིན་ཞིང་། སྐད་ཆའི་མཛོད། གནའ་མིའི་ལོ་ཟླ་སྤྱད་ཀྱི་གློག་བརྙན་གྱི་ཚབ་ཡིན།  དེ་ནི་གླིང་སྒྲུང་ནང་གསལ་བའི་རྟ་མཆོག་སྐོར་ནས་ཆ་ཤས་ཙམ་སྨོས་པ་ལགསོ།།

 

    སྐྱ་ལོ་མཁར་དམར་གྱི་མ་རྟ་རྟ་མཆོག་སྔོན་མོ།

མདོ་ཁམས་སྒང་དྲུག་གི་ཡ་གྱལ། དངུལ་ཟླ་ཟལ་མོ་སྒང་གི་ཆ་ཤེས། ཚ་བ་སྒང་གི་འགྲམ་སྟེགས། མདོ་ཁམས་ཆུ་ཆེན་བཞི་ཡི་ནང་གསེེས་དངུལ་ཆུ་ཁམ་པའི་རླབས་འགྲོས་དལ་གྱིས་སྒྱུར་བའི་གཡོན་ཟུར། ཆགས་མེད་འགྲོ་མགོན་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཕྱག་བཏག་པའི་དབང་ལྡན་ཞུ་ཡི་གདན་ས་འོག་མ་ཁྲ་རྒན་ཀུན་གྲགས་གླིང་གི་མཆོད་འབངས་སུ་གཏོགས་པ། ཝ་མེ་སྡེ་ཤོག་ཟུང་གིས་མཉམ་འབྲེལ་ཐོག་ནས།  སྒང་པ་བོད་ལ་གྲགས་སྙན་གཡུ་འབྲུག་ལྟར་ལྡིར་བའི་རྟ་མཆོག«འབྲི་སྟོད་བྱ་དཀར»གྱི་བུ། རྟ་ཡི་རྒྱལ་པོ«བྱ་འབྲུག»ཅེས་རྨིག་བཞི་ཐོག་སེར་གློག་དང་འདྲེེས་པའི་འདོ་མཆོག་གང་གི་བུ་རྒྱུད་གྲུང་མ། མ་རྟ་གྲགས་ཅན་འབྲི་སྟོད་འབྲི་སྐྱ་ཚང་གི་རྟ་རིགས་ལས་མཆེད་པའི་རྟ་མཆོག«སྐྱ་ལོ་མཁར་དམར»ལ་དམངས་སྒོར 288888 ཙམ་ཕུལ་ནས་དེ་རིང་ལྷོ་རོང་དམར་རི་ཡུལ་དུ་གཡེར་ཉོས་བྱས་ནས་དྲངས་ཡོད་པ་དེའོ།།  སྤྱིར་ན་ཡུལ་འདིར་མདོ་སྟོད་ཚ་བ་སྒང་གི་རྟ་མཆོག་ཅེས། མདོ་དབུས་ཁམས་གསུམ་ལ་མིང་དུ་གྲགས་པའི་རྟ་རྒྱུད་གཤིན་སའི་ཡུལ་ཞིག་ཡིན་མོད། དེང་སང་«འབྲི་སྟོད་བྱ་དཀར»དང་། «བྱ་འབྲུག»ཅེས་ཡོངས་ཁྱབ་ཏུ་གླེང་སློང་ཆེ་བའི་རྟ་མཆོག་འདི་ཚོའི་རིགས་རྒྱུད་དག་མ་རང་ཡུལ་ཕྱོགས་སུ་རྒྱུད་སྤེལ་ཐུབ་ན། ཡག་ཐོག་ལ་བཟང་དང་། མཛེས་ཐོག་ལ་རྒྱན་ལྟ་བུ་འགྱུར་བའི་ཀུན་སློང་ཞིག་གིས་ད་རེས་རྟ་མཆོག «སྐྱ་ལོ་མཁར་དམར» ཡུལ་འདིར་དྲངས་པའི་འབད་བརྩོན་བྱས་པ་ཡིན་ཞེས་རྟ་བདག་གི་ངག་ནས་ཐལ་བའི་སྐད་ཆ་མཆི་མས་བསླད་པ་ཙམ་མེད་པ་དེའོ།། ཁྱེད་ཅག་གིས་ལྕགས་བྱ་དལ་གྱིས་ལྡིང་པའི་རྗེས་ཤུལ་དང་། མེ་འཁོར་ཤུགས་ཀྱིས་བགྲོད་པའི་ཕྱི་རྟིང་དུ། དགོས་མེད་རྟ་རྒན་ཞིག་ལ་གཅེས་འཛིན་ཐལ་དྲགས་འདུག་ཅེས་གཤེ་ཞིང་བརྡེགས་སྲིད་ན་ཡང་།  རྟ་མཆོག་ལ་བཅངས་པའི་བརྩེ་དུང་དང་། རྟ་མཆོག་ལ་ཁེན་པའི་རེ་སྙིགས་ཀྱིས། སྒང་པ་བོད་ཀྱི་དབུ་རྣ་ས་ལ་ཟགས་མ་མྱོང་ཞིང་། ཡ་གླིང་གི་དཔའ་བོའི་ཀི་སྒྲ་རྟ་མཆོག་གི་སྒལ་པའི་སྟེང་ནས་གྱེར་ཞིང་། སྲོང་བཙན་སྒམ་པོས་བྱང་ཐང་དུ་འབྲོང་རྒོད་གཡུང་ལ་ཕབ་དུས། རྟ་མཆོག་གི་རྐང་བཞི་ལ་བརྟེན་ནས་ཡོད་ཅིང་། སྐུ་རྗེ་སེང་ཆེན་གྱིས་དཔའ་རྟགས་འཛམ་བུ་གླིང་ལ་བཞག་དུས། འོག་རྟ་རྐྱང་རྒོད་ཡིན་པ་དྲན་ཤེས་ཀྱིས་ཟིན་པར་གྱིས་ཤིག་ཨང་། སྟོང་ལོ་དུ་མར་བསགས་པའི་ཆགས་བག་གི་རྒྱུན་ཞིང་དང་། ལོ་རབས་ལོ་ཡི་ཕྲེང་བར་གངས་ཅན་པའི་འཚོ་བའི་དཔུང་ཡ་རུ་སྔོན་བསྐྱོད་གནང་མྱོང་མཁན་གྱི་སྒོ་ནོར་བཀའ་དྲིན་ཅན་འདི། དེ་རིང་ཁར་རྩང་རླངས་འཁོར་ཛོ་གདན་འཇམ་པོ་མཐོང་བ་དང་། འཕྲུལ་རྟ་རྐང་མགྱོགས་རིག་མ་ཐག་ནས། རྟ་རྒན་རྔོག་ཆད་དང་། དུས་རབས་ཀྱིས་གཡུགས་ཟིན་པའི་དུད་འགྲོ་ཞེེས་རྡེག་ཞོར་གཤེ་ཞོར་ཕངས་སེམས་སེན་མོ་ཙམ་མེད་པར་རི་སྒང་ལ་གློད་བཞག་ན། ང་ཚོ་ནི་དྲིན་ལ་དྲིན་གཟོ་མི་ཤེས་པ་དང་། ཕྱི་ཐག་དང་ཡིད་གཞུང་གང་ཡང་མེད་པའི་མི་བུ་ཅོལ་ཆུང་ཞིག་ལ་བགྲངས་ན་མི་འོས་སམ།

 

ད་ལྟའི་བོད་ལ་གང་ཞིག་བྱས་ན་རྡུགས།།

བོད་རྒུད་རྟ་དང་ཆོས་ཀྱིས་བྱས་སོ་སྐད།།

ད་ལྟར་ཡིན་ན་སྲོང་བཙན་སྒམ་པོ་ཉིད།།

རྒུད་པའི་གཏེ་པོ་ཞིག་ཏུ་བགྲངས་འོས་ཏེ།།

རྟ་སྐྱོང་ཁྲིམས་བཅས་མཁར་རྩེག་ཨར་ལས་དང་།།

ཆོས་དྲངས་གཙུག་ལག་བཞེངས་ལ་ཆེས་དཔལ་བའི།།

རླབས་ཆེན་མི་སྣ་ཞིག་ཏུ་བསྔགས་པས་སོ།།

ད་ལྟའི་བོད་ལ་ཡོད་ཚད་དགྲ་རུ་སྣང་།།

ཆོས་མིན་སྲིད་མིན་ངེས་འབྱུང་ཐན་ཐུན་གྱིས།།

ཞིང་བསྐྱུར་ཕྱུགས་གཏོར་རྟ་འགོག་འབུ་འགོག་བྱེད།།

ཡོད་ཚད་མཁན་རྫུན་རྗེས་སུ་ཅལ་གྱིས་འདྲོགས།།

ད་ནི་ཉེར་མཁོའི་དངོས་ཟོག་མི་འདུག་ན།།

ཚང་མས་བྲག་ཕུག་འཚོལ་ཞིག་གངས་ཅན་པ།།

འདོ་རིགས་རྟ་རྩེད་གངས་ཅན་བོད་ཀྱི་རྒྱན།།

དེ་ཚུལ་ཤེས་ན་གངས་ཅན་ཨ་མའི་བུ།།

འོན་ཀྱང་ཕྱོགས་གཅིག་མཐའ་རུ་ལྷུང་དྲགས་ནས།།

ཨ་ཉོག་ཨོངས་ཤ་རས་ཀྱིས་མ་ཐུམ་ཞིང་།།

ཨ་མའི་དྲིན་ལན་རྟ་སྐྱོང་ཞོར་ནས་ཉམས།།

ཨ་ཕར་ཏ་ཁ་འཚམ་འདྲི་ཞུ་གྲངས་ལས།།

ཨ་ཕོ་རྒྱུག་འདུར་རྟ་རར་གྲངས་མང་ན།།

ཨ་ཁུ་སྦྲུལ་གྱིས་གླེན་རྟགས་རེད་ཅེས་སྨྲ།།

 

ཞེས་ཝ་སྒོ་ཨོ་ཡོ་ཚེ་རིང་གིས་སྐྱ་ལོ་མཁར་དམར་དང་འབྲེལ་བའི་རྩོམ་ཐུང་ཞིག་བྲིས་ཤོག་ཅེེས་པའི་བསྐུལ་མ་ལ་བརྟེན་ནས། མདོ་གམ་ལྷ་བཙན་རྒྱལ་པོའི་གནས་ཀྱི་འཁྲིས་སུ་དལ་རྟེན་རྙེད་ཅིང་། དཔལ་གྱི་འདུས་གྲྭ་ཁྱུང་དགོན་ནས་ཐོས་བསམ་ཅུང་ཟད་བསགས་མྱོང་བའི་གྲྭ་སྤྲང་སྦྲུལ་ཞགས་སུ་འབོད་པ་དེས་ཚྭ་ནེ་དབེན་ཁྲོད་དུ་སློབ་ཁྲིད་བར་གསེང་ནས་ཐོལ་བྱུང་དུ་བྲིས་ཏེ་ཕུལ་བའོ།།

2020/4/7ཉིན།