མི་སེམས་ཀྱི་འཁྱག་རོམ།
(ཁག་བཞི་བ།)
སྙན་ངག་པ་ཞིག་ཁང་བ་རུ།།
ཁེར་བུར་བསྡད་དེ་སྙུ་གུ་ཡིས།།
སྙན་ངག་བརྒྱ་རྩ་བརྒྱད་ཅིག་བྲིས།།
དེ་ཡི་བརྩམས་ལོ་ནམ་ཞིག་ཡིན།།
དེ་ནས་སྙན་ངག་དེ་ག་རུ།།
དམག་དཔོན་གཅིག་དང་དམག་མི་གཉིས།།
ཐག་རིང་ཅིག་ནས་ཡོང་བ་ཡིན།།
རྒྱབ་ཁབ་ཞེས་ཀྱང་གཏན་ནས་མེད།།
འཁྲུག་ལོ༡༩༩༠ལོར།།
མི་རྐྱང་རྟ་རྐྱང་ལྟ་བུ་ཡི།།
སྙན་ངག་འབྲི་བའི་དམག་དཔོན་ཞིག།
རྒྱལ་སར་འཁོད་རྗེས་རང་སྲོག་བཅད།།
ད་ལྟའི་མི་སེམས་དཀྱིལ་འཁོར་དུ།།
བརྩེ་དུང་ཆུ་ལ་བསྒྲེས་པ་ཡི།།
སྐྱོ་བ་ཞེ་ལ་ཉར་མཁན་ནི།།
ང་ཚོ་ལྟ་བུ་ཡིན་ནམ་ཅི།།
ལོ་ཟླའི་ཁུང་བུ་རེ་རེ་ནས།།
ནགས་ཚལ་མེ་རུ་སྦར་སྦར་ནས།།
སྲོག་ཆགས་དག་ནི་རྐུ་མ་བཞིན།།
ང་རང་ས་ནས་བྲོས་ཟོལ་བྱས།།
འཚོ་བའི་གྲུབ་ཆ་ལ་ལུང་དག།
བརྒྱད་གཅིག་ལོ་ཡི་ལོ་འཁྲུག་བཞིན།།
ཕྱི་ནང་འགལ་ཞིང་བརྩེ་དུང་ཉམས།།
སྙིང་རྗེ་བརླན་པའི་སེམས་པ་སྐོམ།།
ཆུ་ལ་ཉ་མོ་འཁོར་བཞིན་དུ།།
གངས་ལ་གངས་སེང་འགྱིང་ལྟར་དུ།།
གློག་བརྙན་ནང་གི་དམག་འཁྲུག་ཀྱང་།།
གཅིག་གིས་གཅིག་ལ་འཁྱུད་ནས་སོ།།
འཐབ་རྩོད་དྲག་པོ་མ་གནང་རུང་།།
སེམས་ཉིད་འཁྱག་ཏུ་གྱུར་རྗེས་སུ།
མི་གཉིས་སྙིང་གི་ཚེར་མ་ནི།།
ནམ་ཟླ་བཞིན་དུ་རིང་དུ་གྱུར།།
དུས་རྒྱུན་གྲོགས་པོས་ང་རང་ལ།།
ལོ་རྒན་དྲུག་ཅུ་མ་རག་བར།།
སྙན་ངག་ཁ་ཟས་འཚོལ་དགོས་སྨྲ།།
ང་རང་སྨྲེང་བ་ཆེ་བས་ཡིན།།
སྨྲེང་གླུ་འགུགས་དུས་དབྱངས་ཉིད་དང་།།
ཚིག་འགྲོས་ཁོ་ན་མ་ཡིན་པར།།
ཉན་པ་པོ་དང་ཀློག་པ་པོར།།
ཚོར་བ་ཡོང་ཐབས་གཙོ་ཞིག་ཡིན།།
དེ་ཡང་མ་ལགས་འཇིག་རྟེན་དུ།།
སྤྲེལ་ཕོ་ལོ་ལ་ཡོང་བ་དང་།།
སླར་ཡང་སྤྲེལ་ཕོ་ལོ་ཉིད་ལ།།
གནམ་གྱི་ཕྱེད་ཀ་བྱས་ནས་སོང་།།
སྨྲ་བརྗོད་རང་དབང་ཅན་ཞིག་གི།
སྙན་ངག་པ་ཞིག་ཡོང་གྱུར་ན།།
ང་ལ་ཚེ་སྲོག་མི་དགོས་ཤིང་།།
བརྩེ་དུང་དེའང་མེད་ན་ཆོག།
དཔེར་ན་ང་ཚོ་ཉམ་ཆུང་བའི།།
ཁོག་ཏུ་གནས་པའི་རིགས་དག་ལ།།
ཡུལ་དང་འཁོར་ཡུག་ཁོ་ན་ཡིས།།
སྙན་ངག་འབྲི་བའི་བགོ་མི་སྐལ།།
གཞས་ཚིག་ཅིག་ལས་ཁྱེད་རང་ནི།།
བདག་གི་སྣང་བའི་ཞིང་བཀོད་དུ།།
རྡོ་བ་བཞིན་དུ་བཞག་པས་ན།།
ཁུ་སིམ་ཁྲོད་དུ་ཞེ་ལ་ཉར།།
རྡོ་ཁང་གྲུ་བཞི་ཁང་མིག་གཅིག།
མི་གཉིས་ལས་གཞན་འདུག་དཀའ་བས།།
ཁྱེད་ལ་ཆོག་གམ་ཞེས་དྲིས་རྗེས།།
ལོས་ཆོག་ཨང་ཞེས་གསུངས་ནས་སོང་།།
རྒྱུ་མཚན་མེད་པར་ལོ་ངོ་གཉིས།།
བདེ་བར་བཞུད་ཅིང་ཉི་ཤུ་ལོར།།
སླར་ཡང་བསྐྱལ་འགོ་རྩོམ་པ་ན།།
དབྱར་གཞུང་བཞིན་དུ་མཛེས་ནས་སོ།།
ཚོང་པ་ཚེ་རིང་ལོ་བརྒྱས་ཀྱང་།།
དར་ལྕོག་ཁྲ་ཁྲ་བཙོང་ནས་སོང་།།
ད་ནི་ཉེར་ལྔ་ཚེས་བཅུ་ལ།།
མཐོ་ས་ཞིག་ཏུ་བསྒྲོན་ན་བསམ།།
ཁྱེད་ཀྱི་ལོག་ཕེབས་གཅིག་པོ་ཡིས།
ཅི་ཙམ་སྤྲོ་བས་ཁེངས་སོང་ཨང་།།
ཟླ་བ་སྒྲོལ་མ་མིན་ན་ཡང་།།
སེམས་སུ་ཉར་ན་ལོས་ཆོག་བསམ།།
ཞལ་རྡུལ་ཉེ་བར་རྔུབ་ཙ་ན།།
སྐུ་དྲག་ཞིག་ཏུ་འགྱུར་ནས་ཡོང་།།
དེ་ནས་བར་སྐོར་གླིང་གང་གི།
སྙིང་པོ་ཅན་རྣམས་ཁྱོད་ཀྱི་ཡིན།།
གཅིག་ནས་བརྒྱ་ལ་བརྒྱ་ཡོད་མོད།།
སེམས་ཀྱི་སྐྱོ་བ་དག་ཕྱིར་དུ།།
བརྒྱ་ལ་བརྒྱད་ཅིག་ཡོང་ན་བསམས།།
འོན་ཀྱང་བྱམས་པས་མིན་ཞེས་གསུངས།།
༢༠༢༠/༤/༣ཉིན།
མི་སེམས་ཀྱི་འཁྱག་རོམ།
(ཁག་ལྔ་པ།)
ཁྱོད་རང་གཏན་དུ་བྲལ་གྱུར་ཅིང་།།
ང་ལ་བདེ་མོ་འཇོག་སྟངས་དེས།།
སེམས་ཀྱི་ཕྱི་ནང་གཉིས་ཀ་རུ།།
འཁྱག་པས་སིབ་སིབ་སྡམ་པ་ན།།
མི་ལོ་ག་དུས་ཤིག་ནས་ཀྱང་།།
ང་གཉིས་ལྷན་དུ་ངོོ་ཤེས་ཞིང་།།
སླར་ཡང་མི་ལོ་ག་དུས་ནས།།
ང་གཉིས་གྱེས་བྲལ་བྱ་དགོས་བྱུང་།།
འདུ་འཛོམས་ཁྲོད་ཀྱི་མི་ཚེ་ལ།།
སྙིང་པོ་ཅི་ཡང་མི་འདུག་ཨང་།།
ཡུན་རིང་འཚོ་སྡོད་མ་བྱས་རུང་།།
སེམས་པ་ཆུ་ལ་སྦྱར་དོན་ཅི།།
གླུ་དེའི་ཚིག་སྦྱོར་འགྲིག་པ་ལ།།
ཚིག་དེའི་དབྱངས་ཀྱང་ཡག་པ་ལ།།
སྦྱོར་བའི་ཆའང་མཛེས་པ་ལ།།
ང་ཡི་སྐྱོ་བ་མཚོན་སོང་ཨང་།།
ད་ལྟའི་སྐྱེ་བོའི་བརྩེ་དུང་ལ།།
མཁྲེགས་པོ་གཏན་ནས་མི་འདུག་ལ།།
བརྟན་བརླིང་དེའང་མི་འདུག་པས།།
སྙན་ངག་བྲི་དོན་སྔ་ནས་སོང་།།
སོས་ཀའི་མི་རྣམས་གཉིད་དུ་ཡུར།།
འབྲོག་མོ་དག་ནི་ལས་ལ་བྲེལ།།
སྲོད་ཀྱི་ཉི་ནུབ་ཁ་གང་ལ།།
འོད་ཀྱི་མེ་ཏོག་ཡང་ཡང་འཐོར།།
བུ་དང་བུ་མོའི་ལས་དབང་ཡང་།།
འཇའ་ཚོན་བཞིན་དུ་དབྱར་ཀའི་དུས།།
གང་ནས་གང་དུ་འཆར་འདུག་ཅིང་།།
འཇའ་ཚོན་བཞིན་དུ་ཡལ་ནས་སོང་།།
ཁེར་རྐྱང་མཚོ་དང་མཚོ་ནང་དུ།།
གསེར་ཉ་ཁོ་ནའི་གཤོག་པ་ཡིས།།
མཚོ་སྙིང་སིལ་བུར་དཀྲུགས་ན་ཡང་།།
མཚོ་ལ་སྙིང་པོ་མི་ཡོང་འདུག།
མྱོང་སྣང་དེ་ཡི་རིགས་སུའང་།།
ཉག་ག་དཀྱོགས་མཚམས་མང་ལགས་པས།།
དེ་ལ་གངས་རྒྱན་མེ་ཏོག་ཅེས།།
མཁས་པ་སྐོར་གྱི་གདགས་ནས་སོ།།
སྒམ་རྙིང་ནང་གི་གཡུ་རྣ་ལ།།
གསར་རྙིང་འཆད་ན་རྒྱུ་རྙིང་མོད།།
རིན་ཐང་བཤད་ཚེ་ཨ་ཕའི་ངོར།།
དམར་ཉམས་དོད་ཅིང་སོ་རྩ་འཛུམ།།
ཁྱོད་རང་བདེ་དང་བདེ་ཕྱིར་དུ།།
དགོན་དུ་རིམ་འགྲོ་མང་དུ་བསྒྲུབ།།
གེགས་དང་བར་ཆད་སེལ་ཕྱིར་དུ།།
ཨ་ཅག་སྒྲོལ་མ་ཡང་ཡང་སྒོམ།།
མི་ཚེ་གཅིག་ལ་འཚོ་བའི་ནང་།།
བྱིས་འདང་ཟབ་པའི་ལོ་ཆུང་གི།།
སྣང་བ་ཁྲེལ་བའི་ཆུང་འདྲིས་ནི།།
ད་ནི་གཞན་དུ་གནས་ལ་སོང་།།
རྨི་ལམ་འཁྲུག་ནས་ཡུན་དེ་རིང་།།
མིག་གཉིས་ན་ཞིང་དུས་རྒྱུན་དུ།།
མཆིལ་མ་འཁོར་དྲག་སྙིང་ཁྲག་ཀྱང་།།
མང་པོ་མི་འདུག་སྙིང་སྡུག་ལགས།།
ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ།།
ཆུ་ཚོད་འབུམ་དང་སྐར་མ་ཁྲི།།
ཚེ་སྲོག་བཞིན་དུ་འཛར་ན་ཡང་།།
ཁྱོད་ཀྱི་ཕྱི་ནང་གལ་ཆེན་ཡིན།།
རྩིས་འཁོར་འཐེབ་གཞོང་ཆུང་བ་དང་།།
ཁྱོད་ཉིད་སྦྲུམ་མ་ཆེ་བས་ལན།།
ད་ནི་སྨྲ་བརྗོད་རང་དབང་ཡང་།།
ཐ་སྙད་ཚོགས་ཀྱིས་འཁྱུད་ནས་སོང་།།
ལོ་ངོ་དེ་ཡི་དཀྱིལ་ཉིད་དུ།།
འཁྱག་རོམ་ཞིག་གི་སྒྲོམ་ནང་དུ།།
གཅེར་བུར་ཉལ་བའི་ཁེར་མ་ཞིག།
ང་ལ་ཅེར་བཞིན་འཆི་ནས་སོང་།།
སྔོན་ཆད་སྐྱིད་ཅིང་སྐྱིད་ན་ཡང་།།
ད་རེས་སྐྱོ་ཞིང་སྐྱོ་དགོས་ཏེ།།
ཁྱོད་ཀྱི་ཞབས་རྗེས་སིལ་བུ་ཡིས།།
ང་ཡི་རང་དབང་ཁྱེར་སོང་ངོ་།།
དྲན་ཤིང་ཚེ་རབས་ལས་ཀྱི་རླུང་།།
ཕྲ་ཞིང་གཉེན་པའི་མཛུབ་མོ་ཡིས།།
ང་ཡི་ཉི་ཟླ་ར་བ་ནས།།
རྟ་ཕོ་ཁྱུ་ཞིག་དཀྲོགས་ནས་སོང་།།
སྤྲང་པོ་དབྱུག་པ་ཅན་ལགས་ཀྱང་།།
མུན་པའི་ཁྲོད་དུ་རང་ཉིད་དང་།།
བར་ཐག་ཉེ་བའི་མི་རྣམས་ལ།།
སྐར་མར་ལྟ་ཞིང་གྲངས་ཀ་འཐེན།།
སོས་དལ་མེད་པའི་སྒེར་སེམས་ནང་།།
གཞན་གྱི་བརྩེ་དུང་ཆུང་ངུ་ཡང་།།
ཆུབ་པ་མེད་ཅིང་ཉལ་ཐ་ཡིས།།
ཚེ་སྨད་བསྐྱལ་བའི་རང་ཉིད་སྡུག།
༢༠༢༠/༣/༧༨ཉིན་ཕ་ཡུལ་དུ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1274
དཔྱད་མཆན་སྤེལ།