མུ་འགོད།

གླང་ཡག་ཚུལ་ཁྲིམས་བསྟན་འཛིན། 

 

()

ཤར་ཕྱོགས་རི་བོའི་རྩེ་ནས།

དཀར་བསིལ་ཟླ་བ་ཤར་བྱུང་།

མ་སྐྱེས་ཨ་མའི་ཞལ་རས།

ཡིད་ལ་ཡང་ཡང་འཁོར་བྱུང་།  

ང་ཚོ་དང་ཁད་ཤིན་ཏུ་ཉེ་བའི་ཉི་མའི་འཆར་ནུབ་གཉིས་ཀྱི་ཉི་མ་འཆར་ཀའི་ཕྱོགས་ཏེ། ཤར་གྱི་རི་བོའི་རྩེ་ནས་དཀར་ཞིང་གསལ་ལ། རི་བོང་འཛིན་པའམ་ཟླ་བ་འཆར་བར་བསྟན། མ་སྐྱེས་ཨ་མ་ནི། ཡོངས་གྲགས་ཀྱི་འགྲེལ་ཚུལ་མི་མཐུན་ཏེ། སྡེ་སྲིད་ལ་གོ་སྟེ་རང་ལ་མ་ལས་བཀའ་དྲིན་ཆེ་བ་དང་དེའི་བཀའ་དྲིན་དྲན་པའོ།། ཤར་ཕྱོགས་རི་བོ་ཞེས་པ་ལྷ་སར་གོ་མཁན་ཡང་བྱུང་། གཞན་ཡང་ཁོང་ཉིད་སྐུ་བཞུགས་མ་འདོད་པའི་ཚུལ་བསྟན་པ་སྟེ། འདིར་མ་སྐྱེས་ཨ་མ་སོགས་ནི། མཁས་པ་ཁ་ཅིག་གིས། ཡུལ་སྟོང་བ་ཉིད་དེ། བདེ་སྟོང་ཟུང་འཇུག་གམ། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་ལམ་རྒྱུད་ལ་འཁྲུངས་པར་བཤད་པ་དང་། ཡང་ཁ་ཅིག་གིས་ནི། འོག་ཏུ་བསྟན་འགྱུར་གྱི་སྡེ་སྲིད་ལ་བཤད་པ་དང་། སྲིད་དབང་གི་རྩོད་པར་མ་དགྱེས་པ་དང་། དེང་སང་ཡོངས་ཁྱབ་ཀྱི་གོ་བ་ལེན་སྟངས་ནི་ཀློག་པ་པོ་ཁྱེད་ཀྱི་ཐུགས་ལ་གསལ་བས་མ་བྲིས་པ་ལགས། ད་ནི། སྐབས་དོན་ལ་འཇུག་པར་བྱ། མ་སྐྱེས་ཨ་མ་ནི། སྐབས་དེར་ཕོ་བྲང་ནང་དུ་སྡེ་སྲིད་དང་ལྷ་བཟང་གཉིས་ཀྱིས་སྲིད་དབང་འཕྲོག་རྩོད་ཀྱི་རྙོག་གྲ་དང་རྩོད་གླེང་ཤིན་ཏུ་ཆེ་བས་བབ་དང་བསྟུན་ན་ཁོང་གི་ཐུགས་མ་དགྱེས་པས་ཁོང་ཉིད་སྐུ་བཞུགས་མ་འདོད་པས་མ་འོངས་བར་སྐྱེ་བའི་མ་ཡུམ་བསྟན་པ་གསལ། ཡང་གོང་གི་ཚིག་རྐང་གཉིས་དང་སྦྱར་ཚེ། རང་ལ་བཀའ་དྲིན་ཆེ་བའི་སྡེ་སྲིད་ལ་གོ་བ་ནི་ངས་ཀྱང་བདེན་པའི་གཏམ་དུ་མཐོང་། སྡེ་སྲིད་ནི་རང་ལ་བློ་ཁོག་གཉིས་མེད་ཀྱི་མི་ཞིག་ཡིན་པས་ཁོང་གི་བརྩེ་འདང་ནི་ལྷད་མ་ཞུགས་པའི་ཨ་མའི་ཞལ་རས་བཞིན་ཡིད་ལ་ཡང་ཡང་འཁོར་བར་མངོན། 

()

ན་ནིང་བཏབ་པའི་ལྗང་གཞོན།  

ད་ལོ་སོག་མའི་ཕོན་ལྕོག  

ཕོ་གཞོན་རྒས་པའི་ལུས་པོ།  

ལྷོ་གཞུ་ལས་ཀྱང་གྱོང་བ།  

མི་ཚེ་ནི་བྱིས་པའི་དུས་དང་། གཞོན་ནུའི་དུས། དར་མའི་དུས། རྒན་པའི་དུས་ཏེ། རིམ་བཞིན་བརྒལ་དགོས་ཤིང་། གཞོན་པའི་སྣང་བ་དེ་རྫོགས་ནས་རྒན་པོའི་ན་ཚོད་དེར་སླེབས་སྐབས་ལུས་ཀྱི་དབང་བོ་དག་ཉམས་ཤིང་། ལུས་ཕུང་གི་འགུལ་སྐྱོད་དཀའ་བ་དང་། ལུས་ཀྱང་ཇེ་ལྕི་སོང་བ་དང་རྐང་ལག་གིས་མི་ཐེག་པར་བསྟན། དེ་བཞིན་རེ་སྒུག་གི་ཞིང་སར་བཏབ་པའི་ལྗང་གཞོན་དེ། དུས་དང་གནམ་གཤིས་ཀྱིས་སོག་མའི་ཕོན་པོ་རུ་གྱུར་བས་ཕངས་སེམས་བསྟན། 

རང་སེམས་སོང་བའི་མི་དེ།

གཏན་གྱི་འདུན་མར་བྱུང་ན།

རྒྱ་མཚོའི་གཏིང་གི་ནོར་བུ།

ལོན་པ་དེ་དང་འདྲ་བྱུང་།

སེམས་ཀྱི་བུ་ལོན་ཏེ། འཇིག་རྟེན་གསུམ་ནའང་རྙེད་རྒྱུ་མེད་པའི་ཡང་ཡང་བརྩེ་ཞིང་སྐྱོང་བའི་མི་ནི། རྒྱ་མཚོའི་གཏིང་གི་ནོར་བུ་བཞིན་རེ་ཞིག་རྙེད་ཐབས་བྲལ་བས། སྐབས་འདིར་ཤེས་གསལ་ཡོང་བ་ནི། ཁོང་ཐུགས་ཤིན་ཏུ་སྐྱོ་བཞིན་ཡོད་པར་མངོན་འོང་། འཐོབ་འདོད་ཀྱི་རེ་བ་ཤིན་ཏུ་ཆེན་པོ་ཡོད་པ་དང་། རྨི་ལམ་དུའང་ཡང་ཡང་རྨིས་མྱོང་བའི་རེ་བའི་གསེབ་ཏུ་སྦས་ཡོད་པས། མ་ཐོབ་པར་སྐྱོ་གདུང་ཁོ་ནའོ།། བློས་ཐུབ་ཀྱི་ཆོས་སྲིད་གཉིས་ཀྱི་ལུགས་ཟུང་བླ་རུ་མཐོ་བའི་མི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། འདོད་རྔམ་གྱི་དབང་བཙན་ཞིང་། ལྐོག་ཇུས་ཀྱི་ཐབས་བྲིན་པའི་སོག་པོའི་ལྷ་བཟང་ཧན་གྱིས་བཀྲོངས་པས་ད་ནི། རྒྱ་མཚོའི་གཏིང་གི་ནོར་བུ་དང་དཔེར་བྱས་ནས་ལག་ཏུ་ལོན་ཐབས་བྲལ་བར་བསྟན་པའོ།། 

()

འགྲོ་ཞོར་ལམ་བུའི་སྙིང་ཐུབ།

ལུས་དྲི་ཞིམ་པའི་བུ་མོ།

གཡུ་ཆུང་དྲུག་དཀར་རྙེད་ནས།

བསྐྱུར་བ་དེ་དང་འདྲ་བྱུང་།

འཁོར་བའི་རང་བཞིན་ནི་སྡུག་བསྔལ་ཁོ་ན་ངེས་ཏེ། ཡོད་ཚད་འགྱུར་བའི་ཆོས་ཅན་གྱི། དཔེར་བྱས་ན། ལམ་ཁར་འཕྲད་པའི་སྙིང་ཐུབ་ཀྱི་བྱམས་པ་དང་འདྲ་བས། ཇི་ལྟར་བློར་འབབ་ནའང་། རྟག་བརྟན་ཐེར་གཟུགས་ཀྱི་ངོ་བོར་མི་སྲིད་པས། ནམ་ཞིག་བྲལ་ངེས་པ་སྟེ། དཔེ་ཕྱི་མ་ནི། འཇིག་རྟེན་གྱིས་ཤིན་ཏུ་རིན་པོ་ཆེ་རུ་རྩི་བའི་བླ་གཡུ་ཞིག་རྙེད་ནས། དགའ་ཚོར་ཆེན་པོ་བྱུང་ཡང་། ཆོམ་རྐུན་སོགས་ཀྱིས་ཕྲོགས་པས་མཐར་སྡུག་བསྔལ་རྒྱ་ཆེན་བསྐྱེད་པ་ནང་བཞིན། སྙིང་ཐུབ་ཀྱི་སྡེ་སྲིད་དང་བྲལ་བས་ཁོང་གི་སྐུ་ངལ་དང་ཐུགས་སུན་ཆེན་པོ་གནང་བཞིན་པ་གསལ།

()

མི་ཆེན་དཔོན་པོའི་སྲས་མོ།

ཁམ་འབྲས་མཚར་ལུགས་བལྟས་ན།

ཁམ་སྡོང་མཐོན་པོའི་རྩེ་ནས།

འབྲས་བུ་སྨིན་དང་འདྲ་བྱུང་།

ང་ཚོས་ཐད་ཀར་ཚིག་གི་ངོ་གདོང་ལ་བལྟས་ན། སྐུ་དྲག་གི་ཁྱིམ་རྒྱུད་ནས་སྐྱེས་པའི་ཀོང་ཇོ་ནི། གཤིས་ཀ་དང་། འཚར་ལུགས་སོགས་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་མོ་དང་རྦད་དེ་མི་མཐུན་པར་མངོན་ཞིང་། དེའང་སྐུ་དྲག་གི་རིགས་ཀྱི་སྲས་དང་སྲས་མོ་ནི་ཆུང་དུས་ནས་ཀྱང་སྐྱིད་ཤ་སྟག་བརྒྱབ་ནས་ཡོང་བ་ཡིན་པས། གཤིས་ཀ་གྱོང་བོ་དང་། སྣང་བ་མཐོན་པོ་ཡིན་པ་ནི་རྒྱུན་ལྡན་གྱི་ལུས་ཤིག་ཏུ་་ཟད་དོ།། དཔེར་ན། སྡོང་མགོར་སྐྱེས་པའི་ཁམ་བུ་ནི། མདོག་དང་མངར་ཁ་སྐྱུར་གསུམ་གྱིས་ཁམ་བུ་སྨིན་པ་དང་སྦྱར། ད་ནི། ང་ཚོས་ཚིག་ཕྲེང་འདིར་ཞིབ་འཇུག་ཅིག་བྱ། ཁོང་གི་ཆོས་སྲིད་དང་བློ་གཏད་ཆོག་པའི་སྡེ་སྲིད་གཉིས་ནི། ལྷ་བཟང་ལས་རང་གི་ལག་ཏུ་མི་ཡོང་བར་བསྟན་ཡོད། འདི་ནས་ཁོང་གིས་ཐུགས་ཐག་ཅིག་བཅད་པར་མངོན་ཏེ། དེ་ནི་ཤིན་ཏུ་ལྐོག་གྱུར་གྱི་གསང་བ་ཞིག་གོ ཡང་། ཚིག་ཕྲེང་འདིའི་ནང་དུ་ཡི་གེ་ནོར་བ་ཡོད་པ་དང་། གོ་བ་གཞན་དུ་ལེན་མཁན་ཡང་བྱུང་ཡོད། 

()

སེམས་པ་ཕར་ལ་ཤོར་ནས།

མཚན་མོའི་གཉིད་ཐེབས་གཅོག་གི

ཉིན་མོ་ལག་ཏུ་མ་ལོན།

ཡིད་ཐང་སྐྱོ་རོགས་ཡིན་པས། 

གོང་དུ་ཞུས་པ་བཞིན། ཆོས་སྲིད་ནི་བཅོམ་ཞིང་སྡེ་སྲིད་ནི་དཀྲོངས་པས། ཆབ་སྲིད་ཀྱི་མངའ་དབང་ཡོད་ཚད་ལྷ་བཟང་གིས་ཕྲོགས་པས། མཐར་ཁོང་ཉིད་རྒྱལ་བའི་སྐུ་སྐྱེས་རྫུན་མ་རུ་ཐུགས་ཐག་བཅད་ཅིང་ཁྲི་ལས་ཕབས་ཏེ། རྒྱ་ནག་གིས་ཀྱང་འཛིན་བཟུང་བྱས་པའི་མ་ཉེས་ཁ་གཡོགས་སོགས་ལ་འབྲེལ་བ་ངེས་ཅན་ཨེ་ཡོད་སྙམ། ཁོང་ཉིད་ལམ་བར་ནས་གློ་བུར་དུ་སྐུ་འདས་གྲོངས་སུ་ཕྱིན་པའང་འདོད་མཁན་བྱུང་། མདོར་ན། གོང་གི་ཚིག་རྐང་གཉིས་པ་དང་བཞི་པ་ལས་གོ་བར་གྱིས། 

()

མེ་ཏོག་ནམ་ཟླ་ཡལ་སོང་།

གཡུ་སྦྲང་སེམས་པ་མ་སྐྱོ།

བྱམས་པའི་ལས་འཕྲོ་ཟད་པར།

ང་ནི་སྐྱོ་རྒྱུ་མི་འདུག  

དུས་རིམ་འགྲོས་ཀྱི་སྟོན་ཁའི་དུས་ཚིགས་སུ་སླེབས་པ་ན། མེ་ཏོག་གི་དུས་ཡུན་ཡང་ཟད་པ་ཡིན་པས། རྩེ་རོགས་ཀྱི་བུང་བ་ཁྱེད་རང་སེམས་པ་མ་སྐྱོ་དང་། འདི་ནི། འུ་གཉིས་ཀྱི་ལས་དབང་ཙམ་མིན་པར་འདས་བྱས་ཀྱི་ཆོས་ཀུན་ལ་ཁྱབ་པས། སྐྱོ་བ་ག་རེ་བྱེད་ཅེས་པར་བསྟན། ཁོང་གི་སྐུ་སྐྱེས་རིམ་བྱོན་གྱིས་ཆོས་སྲིད་ཀྱི་ལུགས་ཟུང་བླ་རུ་བཏེགས་པས། ཁོང་གི་སྐུ་དུས་སུ་ཅུང་ཉམས་རྒུད་དུ་སོང་ཡོད་ནའང་། དེ་ནི་མི་རྟག་པའི་རང་མཚང་ཞིག་ལས། ཁོང་གིས་མ་འཇོན་པའི་གྲས་སུ་རྩི་རྒྱུ་མེད་ཨང་། བྱམས་པའི་ལས་འཕྲོ་ཟད་ཅེས་པ་འདི་ལ་འགྲེལ་ཚུལ་དུ་མ་ཡོད་དེ། བྱམས་པས་ཁོང་གི་བླ་མ་སྡེ་སྲིད་དང་། ཡང་ན། ཆོས་སྲིད་གཉིས་ལ་སྦྱར། ངས་ནི། ཁོང་ལ་སྦྱར་ན་ཏག་ཏག་འཚམས་པར་འདོད་དེ། ཁོང་གི་སྐུ་ཚེ་ནི་ཀྱག་ཀྱོག་གི་བཞུད་ལམ་ཆེན་མོ་ཞིག་སྟེ། ཆོས་སྲིད་ཀྱི་ཁྲི་ལས་ཕབས་ཤིང་། མཐར་རྒྱང་འཕུད་བཅས་བཏང་བས་ནི། ཁོང་གི་སྐུ་ཚེ་ནི་སྐུ་སྐྱེས་རིམ་བྱོན་གྱིས་མ་ཁུར་བའི་ཤིན་ཏུ་འགག་དོག་མོ་ཞིག་ཏུ་ངོས་འཛིན་བྱེད་རིགས་སྙམ། དེ་ལྟ་ནའང་། ཁོང་ནི། སྐུ་ཚེ་རྒྱས་སྤྲོས་དང་འཚོ་ཆས་ཀྱིས་བརྒྱན་ནས་མ་བཞུགས་པར་དཀའ་ཁག་འབའ་ཞིག་གདོང་གཏད་ནས་སོང་བ་རེད་དམ་ཨང་།

()

རྩི་ཐོག་བ་མོའི་ཁ་ལ།

སྐྱི་བསེར་རླུང་གི་ཕོ་ཉ།

མེ་ཏོག་སྦྲང་བུ་གཉིས་ཀྱི།

འབྲེལ་མཚམས་གཅོད་མཁན་ལོས་ཡིན།

འདི་དང་ཤོ་ལོ་ཀ་གོང་མ་གཉིས་ནི། དོན་གཅིག་པ་རང་སྟེ། འོན་ཀྱང་། ངོ་གདོང་ནས་གཞན་དུ་འགྲེལ་ཆོག་སྟེ། ལྗང་ལྡེམ་ལྡེམ་གྱི་སྐྱེད་ཚལ་ཞིག་ཏུ། མེ་ཏོག་གི་རིགས་འདྲ་མིན་སྣ་ཚོགས་བཞད་ཡོད་པ་དེ་ལ་མི་འདོད་པའི་བ་མོ་ཞིག་བབ་པར་མ་ཟད། སྐྱེད་ཚལ་བཅོམ་པའི་སྐྱི་བསེར་གྱི་རླུང་བུ་དྲག་པོ་ཞིག་ལྡིང་བས། ད་ནི། སྦྲང་བུ་དང་མེ་ཏོག་གཉིས་སོ་སོར་མི་འབྲལ་ཐབས་མེད་པ་དང་། བར་ཆད་དེའི་དབང་གིས་ཁ་བྲལ་བར་གོ ཤོ་ལོ་ཀ་འདི་ཚོར་བཙན་ཤེད་ཀྱིས་འགྲེལ་བ་དུ་མའང་སྣང་ངོ་། །འོན་ཀྱང་། ཡོད་ཚད། བདེན་པས་སྟོང་བ་རུ་ངོས་འཛིན་པ་ནི། མིག་དང་ལྡན་པའི་སྐྱེས་བུ་ཞིག་གི་ལུགས་སུ་མིན་པར་ཟད་དོ།། 

()

ངང་བ་འདམ་ལ་ཆགས་ནས།

རེ་ཞིག་སྡོད་དགོས་བསམས་ཀྱང་།

མཚོ་མོ་དར་ཁ་འགྲིགས་ནས།

རང་སེམས་ཁོ་ཐག་ཆོད་སོང་།

སྐབས་འདིར་ངང་བ་ནི། དཔེ་བྱས་པ་ཡིན་ཞིང་། དཔེ་ཅན་ནི་ང་ཚོའི་སེམས་ལ་གསལ་ཁ་དོད་པོ་ཡོད་པའི་ངང་པ་ལྟ་བུའི་ཚངས་དབྱངས་རྒྱ་མཚོ་ཁོང་ནི། ན་འདམ་དུ་ཆགས་ནས་རེ་ཞིག་སྡོད་དགོས་བསམ་པས། ཆོས་སྲིད་ཀྱི་ཁྲི་ལ་བཞུགས་ནས་བོད་འབངས་ཚོར་སྐྱིད་པའི་ཉི་མ་ཞིག་ཨེ་འཆར་ལ་རེ་ན་ཡང་། མཚོ་མོར་འཁྱགས་རོམ་འཐིམས་པས། ནག་ཕྱོགས་བདུད་ཀྱི་དཔུང་བཙན་པ་དང་། བསྡད་ཐབ་མ་བྱུང་བ། རང་སེམས་ཁོ་ཐག་ཆོད་པར་གསལ།

(༡༠)

གྲུ་ཤན་སེམས་པ་མེད་ཀྱང་།  

རྟ་མགོས་ཕྱི་མིག་བལྟས་བྱུང་།  

ཁྲེལ་གཞུང་མེད་པའི་བྱམས་པས།  

ང་ལ་ཕྱི་མིག་མ་ལྟ།  

ཚིག་འདིའི་ངོ་གདོང་ལ་ཐད་ཀར་བལྟས་ན། ཚིག་ཕྲེང་དང་པོ་གཉིས་ཀྱིས་སེམས་མེད་ཀྱི་རྟ་མགོ་བཞིན་དཔེ་བསྟན། ཕྱི་མ་གཉིས་ཀྱིས་ཁྲེལ་གཞུང་དང་ཕྱི་ཐག་མེད་པའི་བྱམས་པ་སྟེ། རང་ངོས་ནས་འདོད་ཚུལ་ལ་སྦྱར་བར་བྱ་རྒྱུ་ལས་དམིགས་བསལ་ཚིག་ཐག་བཅད་རྒྱུ་མ་བྱུང་ཡང་། ང་ཚོས་མྱོང་བའི་ཐོག་ནས་འགྲེལ་བཤད་ཐུང་ངུ་ཞིག་གནང་ན། མི་ཞིག་མི་ཞིག་ལ་མཛའ་བརྩེ་དང་ཡུན་འདྲིས་ཡོད་མེད་ནི་ཁྲེལ་གཞུང་དང་ཕྱི་ཐག་ལ་རག་ལས་ཤིང་། ཁྲེལ་གཞུང་དང་ཕྱི་ཐག་ནི་མཛའ་བརྩེའི་རྨང་ལྟ་བུ་ཡིན། དེ་མཚུངས་ཡུན་འདྲིས་ནི་ཁྲེལ་གཞུང་གི་ཁྱད་ཆོས་ཤིག་ལགས་པས། སྐབས་འདིར་སེམས་མེད་དང་། གྲུ་ཤན། ཁྲེལ་གཞུང་མེད་པའི་བྱམས་པ། ང་ལ་ཕྱི་མིག་མ་ལྟ་སོགས་ཀྱིས་ཁོང་གི་ཐུགས་ཤིན་ཏུ་ཕམ་བཞིན་ཡོད་པར་གསལ།

༡༡

ང་དང་ཚོང་འདུས་བུ་མོའི།

ཚིག་གསུམ་དམ་བཅའི་མདུད་པ།

ཁྲ་བོ་སྦྲུལ་ལ་མ་བརྒྱབ།  

རང་རང་ས་ནས་གྲོལ་སོང་།

འདས་བྱས་ཀྱི་ཆོས་ཀུན། འགྱུར་ངེས་པའི་བདག་ཉིད་ཅན་ཏེ། དཔེར་ན། ཚོང་འདུས་སུ་སྙིང་ཐུབ་ཀྱི་བུ་མོ་དང་འཕྲད་དེ། ཕན་ཚུན་མཛའ་གཅུགས་ཀྱི་རི་མོ་འབུར་དོད་ཅིག་བྲིས་ཀྱང་། འདུས་མཐར་བྲལ་ཏེ་རང་གི་གནས་སུ་འགྲོ་བ་ལས་འོས་མེད་པས། མཛའ་གཅུགས་ཀྱི་རི་མོ་དེ་ཡང་སྦྲུལ་མདུད་བཞིན་ཞིག་པར་བསྟན་པའོ།།

ང་ཚོའི་སེམས་ལ་དམིགས་བསལ་རྒྱུས་ལོན་གང་འཚམས་ཡོད་པའི་རྒྱལ་བའི་སྐུ་སྐྱེ་འདི་ཉིད་ནི། བོད་ཀྱི་ལོ་རྒྱུས་དེབ་ཐེར་རུ་འཁོད་པའི་མི་སྣ་དམིགས་བསལ་བ་ཞིག་ཏུ་རྩི་ཆོག་སྟེ། ཁོང་གིས་དགའ་ལྡན་སྲིད་དབང་དོར་ཏེ། མི་སར་དཀྱུས་མ་ཞིག་གི་ཚུལ་བཟུང་ནས་དབུས་ནས་བྲོས་བྱོལ་གནང་བ་དང་། ཁམས་དང་ཨ་མདོ་སོགས་སུ་སྤྲང་བོ་དབྱུག་ཐོགས་བཞིན་དུ་འཁྱམ་ནས་སོང་བ་ནི། ལོ་རྒྱུས་ཀྱི་སྒེའུ་ཁང་དུ་རེ་རེ་བཞིན་དུ་མཇལ་དུ་ཡོད་དེ། ཁོང་ཉིད་ཀྱི་རྣམ་ཐར་དང་།ཚངས་མགུར་ཞིབ་འཇུག་སོགས་སུ་གསལ་བ་ལྟར་རོ།། འོན་ཀྱང་། ཁོང་གི་སྐུ་ཚེའི་རྣམ་ཐར་ནི་ཆེས་རྙོག་གྲ་ཅན་ཞིག་ཏུ་ངེས་ཏེ། མཁས་བླུན་མང་པོས་ཁོང་གི་རྣམ་ཐར་དང་རྗེས་ལམ་བསྙེགས་ཀྱང་བདེན་པའི་དཔྱད་དོན་ཆེར་མ་རྙེད་པ་སོགས་ཀྱིས། ཁོང་ནི། ཆེས་དོགས་གཞི་ཆེ་བའི་མི་སྣ་ཞིག་ཏུ་གྱུར་བ་རེད་ཨང་། འདི་ནི། བདག་གི་ཚོར་ཤེས་ཀྱིས་བྲིས་པ་མང་ཆེ་བས། ཡར་མར་ཀུན་ལ་ཁུངས་གཏུགས་ནས་བྲིས་པ་མིན་སྟབས། ཐུགས་འཇགས་གནང་བར་ཞུ། ད་ནི་མཚམས་འདི་ནས་འཇོག ལེའུ་ཚན་རྗེས་མར་མཇལ།