ཡིག་འབྲི་བ། མངའ་བདག

 

རྒྱ་བླ་ཞེས་པའི་མིང་དེ་གསར་དུ་དར་བ་ཞིག་མིན་ཞིང་། དེ་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཞིག་ནས་འཇམ་མགོན་ས་པཎ་དང་འགྲོན་མགོན་ཆོས་འཕགས་སོགས་མི་རིགས་གཞན་གྱིས་དབུ་བླ་བྱས་ཏེ། གཞན་སྡེ་རིག་གནས་ཀྱིས་དབང་བསྒྱུར་བྱས་པའི་ལམ་ལུགས་ཤིག་དར་མྱོང་བ་དེ་ལས་རིམ་གྱིས་བརྒྱུད་པའི་ལུགས་སྲོལ་ཞིག་ཡིན་པ་འདྲ། ཐོག་མར་ལམ་ལུགས་དེས་ལོ་རྒྱུས་ཀྱི་ཟུར་གཅིག་ལ་ཕན་ནུས་འདོན་ཐུབ་ཡོད་ཀྱང་། ངོས་གཞན་ཞིག་ནས་ལོ་རྒྱུས་ལ་ནག་ཐིག་ཚད་མེད་ཅིག་ཀྱང་ཕབ་ཡོད་པར་སེམས། གང་ལྟར་དེང་གི་དུས་སུ་རྒྱ་བླ་ཞེས་པ་དེས་བོད་རྒྱུད་ནང་བསྟན་ལ་བསམ་བློ་ཡང་གཏོང་དང་བསམ་མཐའ་ཡང་བཅག་བྱེད་དགོས་པའི་གནས་སུ་གྱུར་འདུག སྤྱིར་བཏང་རྒྱ་བླ་དག་གི་ཁྲོད་ན་དོན་དངོས་ཀྱིས་གཞན་ཕན་གཉེར་མཁན་དང་ནང་བསྟན་ལ་བསམ་བློ་འདོན་མཁན་རེ་ཟུང་ཡོད་པ་སྨོས་མི་དགོས། རེད་དེ་ཕལ་ཆེར་ཞིག་གིས་བསྟན་པ་དང་སྟོན་པ་གཉིས་ག་རླག་བཞིན་ཡོད་ལ་མི་རིགས་དང་རིག་གཞུང་གཉིས་ག་འཇིག་ཉེན་ལ་ཐུག་གིན་ཡོད་པས་ཁེ་ཉེན་གཤིབ་སྡུར་གྱི་ཁྲོད་ནས་ངས་ཅིས་ཀྱང་མཚམས་འཇོག་དགོས་པའི་རེ་བ་ཞུ་འདོད་པ་ཡིན།

ཡང་ཁ་ཅིག་གིས་སྤྲུལ་སྐུ་ཞེས་པའི་མིང་དེ་ཁྱེར་ནས་ད་དུང་ཆོས་རྗེ་རིན་པོ་ཆེ་དང་། མཁའ་འགྲོ་མ་སོགས་ཀྱི་ཐ་སྙད་རྫིག་པོ་རེ་ཁུར་ནས་ཀུན་བཟང་ཡབ་ཡུམ་གྱི་པར་རིས་རེའི་མདུན་དུ་ནང་བའི་ལྟ་བའི་ཟབ་གནད་མཐར་ཐུག་འདི་ཡིན་པར་བརྗོད་དེ། འདོད་ཆགས་རང་མཚན་ལ་ངོམས་མེད་དུ་རོལ་ནས་གསང་སྔགས་ཀྱི་ངོ་གདོང་ལྡོག་ཕྱོགས་སུ་བསྒྱུར་མྱོང་ལ། ང་དང་འབྲེལ་ཚད་ངན་སོང་དུ་ལྟུང་མི་དགོས་པར་སྐྱེ་བུ་འགའི་ལུང་དུ་བསྟན་འདུག་ཟེར་ནས་ལུང་ཚིག་རྫུན་བཟོ་ཡང་བྱེད་མྱོང་གདའ།

ཞོར་དུ་སྤྲུལ་སྐུའི་ལམ་ལུགས་ཞེས་པ་དེ་མི་འཐད་ཅེས་ཞུ་མི་ཕོད་རུང་ད་ལྟའི་སྤྲུལ་སྐུ་འགའ་ལ་བསམ་གཞིག་ཅིག་བྱས་ན། ཁོ་རང་ལ་མིང་དེ་ཐོབ་པ་ནས་བཟུང་ཁོ་ལ་རང་དབང་ཐོབ་པ་དང་འདྲ་བས། བསྟན་པ་དང་སེམས་ཅན་སུ་ཡིན་གང་ནས་ཤེས་ང་རྒྱལ་དང་སྒེར་གཅོད་སྒེར་དབང་རྐྱང་རྐྱང་གིས་བྱ་བ་བསྒྲུབ། “སྤྱི་སྤྲུལ་སྐུ་ཞེས་པ་ནི་ཐེག་པ་ཆེན་པོའི་སངས་རྒྱས་ཀྱི་སྐུའི་རྣམ་གྲངས་ཤིག་གི་དངོས་མིང་ཡིན་ལ། དེ་ནི་སངས་རྒྱས་ཀྱིས་གཞན་དོན་མཛད་པའི་སྐུ་ཡི་རྣམ་པ་ཞིག་གམ་གཟུགས་སྐུའི་བྱེ་བྲག་ཅིག་ཡིན། དེ་ལ་ནང་གསེས་ཀྱི་དབྱེ་བ་དུ་མ་ཡོད་ཅིང་། བྱངས་སེམས་འཕགས་པ་ལ་དེ་དང་ཕྱོགས་མཐུན་པའི་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་སྟོན་པ་ཡོད་ལ། སོ་སྐྱེའི་གང་ཟག་ལའང་ཏིང་ངེ་འཛིན་གྱི་སྟོབས་ལ་བརྟེན་ནས་སྤྲུལ་པ་འགྱེད་པ་ཡོད། སྤྲུལ་སྐུ་མཚན་ཉིད་པ་ནི་སངས་རྒྱས་ལ་མ་གཏོགས་མེད་ཀྱང་། འདྲ་འབྲེལ་རྒྱུ་མཚན་ལ་བརྟེན་ནས་སྤྲུལ་སྐུ་ཞེས་པའི་མིང་ཐམས་ཅད་ལ་བཏགས་སམ་སྙམ།”ཞེས་གསུངས་པ་འདི་ནི་བདེན་པའི་གནས་སུ་འཁུམས།

དེ་སང་གི་སྤྲུལ་སྐུ་འགའའི་མཛད་སྤྱོད་ནི་མི་ཕལ་བ་ཞིག་གི་བསམ་སྤྱོད་ལས་ཐབས་ཆག་ཅིང་། དེ་ལས་ཀྱང་ཚབས་ཆེ་བ་ནི་སྐུ་སྐྱེ་སྔོན་མའི་སྐྱེ་ཆེན་དེ་ཚོ་གཞུང་ལུགས་རྒྱ་མཚོའི་ཉིང་བཅུད་ལ་ཕ་ཁྱིམ་ལ་བུ་འཛུལ་བ་ལྟ་བུའི་ཤེས་རབས་དང་གཞན་ཕན་བྱང་སེམས་ཀྱིས་ཐུགས་རྒྱུད་ཕྱི་སྣུམ་ནང་སྣུམ་དུ་གྱུར་པའི་སྐྱེ་ཆེན་དེ་དག་ཞིང་ལ་གཤེགས་པའི་ཤུལ་དུ། དེའི་སྤྲུལ་སྐུར་ངོས་འཛིན་པ་ཕལ་ཆེར་བ་ནི་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་སྐྱོན་མེད་ཙམ་ཡང་མི་འཇོན་ཞིང་། བཟང་ཕྱོགས་ཀྱི་བག་ཆགས་སད་པའི་སྐུ་ཡོན་ཅི་ཡང་མཐོང་དུ་མེད་པ་ཙམ་དུ་མ་ཟད། བག་ཆགས་ངན་དགུའི་བསམ་སྤྱོད་ཀྱི་དྲི་ངན་ཕྱོགས་སུ་འཐོར་ཏེ། ངན་སྤྱོད་སྣ་དགུའི་ཕྲིན་ལས་གང་སར་སྤེལ་ནས་ད་དུང་འདྲ་འདྲ་འགྲིག་འགྲིག་གིས་བསྟན་པ་སྤེལ་བར་ཁ་གཡར་ཏེ། དོན་དུ་འགྲོ་བའི་སྤྱི་ནོར་ཆེན་མོ་དམ་ཆོས་སྨན་གྱི་ལྗོན་པ་རྩ་བ་ནས་འབྱིན་པའི་བསྟན་བཤིག་གི་ལས་ལ་བྲེལ་གྱིན་ཡོད་པ་ནི་ཀུན་པོས་མཐོང་དུ་བཏུབ་པའི་མངོན་གྱུར་གྱི་མཛད་པ་དེ་དག་ལགས་ན། ད་ནི་ཅིས་ཀྱང་རྨོངས་དད་དང་རྒྱུ་འབྱོར་གྱི་ཕྱེ་བྲེ་གང་གི་རིན་དུ་འགྲོ་བའི་སྤྱི་སྨན་ཆེན་མོ་དམ་ཆོས་གསེར་ཕྱེ་བྲེ་གང་ཕུལ་ནས་བརྗེ་བའི་དེང་གི་སྤྲུ་སྐུའི་ལམ་ལུགས་དེ་རྣམས། དགོན་བདག་དག་གིས་བསྟན་པ་ལ་སྤྱི་སེམས་ཆེར་བསྐྱེད་ཀྱི་ཐོག་ནས་རྩ་བ་དང་ཡན་ལག་གི་གཙོ་ཕལ་གྱི་དབྱེ་བསལ་ལེགས་པར་ཕྱེས་ཏེ། བསྟན་པ་རྒྱུན་སྐྱོང་གི་རྨང་གཞི་བཤད་སྒྲུབ་གཉིས་པོ་རྒྱུད་འཛིན་ཇི་ལྟར་གནང་བའི་སྐོར་ལ་བསམ་གཞིགས་ལེགས་པོ་གནང་བའི་རེ་བ་སྙིང་ནས་ཞུ་ཡིན།

ད་ནི་རྫོགས་ཚིག་ཅིག་གི་ཚབ་ཏུ་གསལ་བཤད་ཞུ་རྒྱུ་ལ། ང་ནི་ནང་པའི་ལྟ་སྤྱོད་ལ་དགའ་ཞེན་ཆེ་བས་དབང་གིས་ནང་བསྟན་གྱི་ཉམས་རྒུད་མཐོང་བའི་ན་ཟུག་གིས་བསྐྱེད་པའི་རེ་ཞུའི་འཕག་འཚག་ཅིག་ལས། གང་ཟག་སྒེར་གྱི་སྐྱོན་མཚང་འབྲུ་འདོད་དང་ཕྲག་དོག་གི་བསམ་པས་ཀུན་ནས་བསླངས་ཏེ་ཕྱག་སོར་གྱི་རྩེ་ལས་མངོན་པའི་རི་མོ་ཞིག་མིན་པའི་དོན་གྱིས། ཀློག་པ་པོ་རྣམས་ཀྱིས་ཀྱང་ད་ལྟའི་རང་རིགས་དང་རང་སྡེའི་གཙོ་རྒྱུགས་རིག་གནས་སུ་གྱུར་པའི་ནང་བསྟན་གི་གནས་བབ་ལ་གཞིགས་ཏེ་འཐད་མིན་ལ་སེམས་དགོས་པ་ལས་སུ་མེད་པ་ཡིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1259