རྩོམ་པ་པོ། མའེ་ཅ། (麦家)
        དཔལ་འཇོས་བསྒྱུར།
རྩོམ་པ་པོ་ཞིག་ལ་མཚོན་ན་རང་ཉིད་ཀྱི་བསམ་བློར་དོ་ཁུར་དང་།དུས་རྒྱུན་བསམ་བློ་དང་ལྷན་དུ་མཐུན་སྒྲིལ་ཡོད་པའི་ཐོག་སྐད་ཆའི་སྒྱུ་རྩལ་ལ་ལག་རྡང་འབྲེལ་རྒྱུ་ནི་འགན་འཁྲི་གལ་ཆེན་ཞིག་ཏུ་གྲུབ་པར་ཁོ་བོས་སེམས། དེ་བཞིན་རྩོམ་པ་པོས་སྐད་ཆའི་སྒྱུ་རྩལ་ལ་དོ་སྣང་བྱེད་པ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་དོ་ཁུར་བྱས་པ་ཡིན་པར་ཁོ་བོ་ལ་ཡིད་ཆེས་ཡོད། སྟབས་བདེ་བོར་ལབ་ན་ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་དོ་ཁུར་བྱེད་པ་ཇི་བཞིན་སྐད་ཆའི་སྒྱུ་རྩལ་ལ་དོ་ཁུར་བྱེད་དགོས། མ་མཐའ་ཡང་ངས་དེ་ལྟར་བསམ་གཞིག་དང་ཕུགས་འདུན་ཁྲོད་ནས་རྩོམ་འབྲི་མུས་ཡོད།
ངས་བསམ་པར་རྩོམ་པ་པོ་ནི་རང་གཤིས་ཅན་གྱི་སྲོག་ཆགས་ཡིན་པས་རྩོམ་འབྲི་སྐབས་ཁེར་རྐྱང་དང་བསམ་གཞིག གསོན་ཤུགས། རང་གཤིས་སོགས་ངེས་པར་མཁོ་ལ། ཞར་དུ་ཀློག་པ་པོ་ཞིག་ཀྱང་ངེས་པ་དོན་གྱིས་མཁོ་གལ་ཆེ། བརྩམས་ཆོས་ཤིག་བྲིས་ཚར་རྗེས་སྒམ་ཆུང་དུ་ཉར་རྐྱང་བྱེད་པ་ནི་བརྩམས་ཆོས་དེ་དོན་སྙིང་ངེས་ཅན་ཞིག་ལས་ལེགས་གྲུབ་མ་བྱུང་བ་ཡིན་ཞིང་།བརྩམས་ཆོས་ཤིག་ལེགས་པར་གྲུབ་ཡོད་མེད་ནི་ཀློག་པ་པོའི་རྣམ་དཔྱོད་ཀྱིས་བཟང་ངན་གྱི་དབྱེ་འབྱེད་ལས་ར་སྤྲོད་ངེས་ལ། དེ་ནི་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀྱི་བར་ན་བརྒལ་ཐབས་མེད་པའི་འབྲེལ་བ་ཞིག་ཏུ་འཁུམ་ཡོད།
 ༣
ང་ལ་མཚོན་ན། རྩོམ་རིག་ནི་འཚོ་བའི་གོམས་གཤིས་སུ་གྲུབ་ཅིང་།དེ་ནི་ངའི་ཚེ་སྲོག་ཡིན་ཞེས་བརྗོད་ནའང་ཐལ་མི་ཆེ། དེ་བས་ངས་ཚེ་སྲོག་དེར་བསྟུན་ཐབས་ཙམ་མ་ཡིན་པར་ལམ་སྟོན་ཞིག་གི་ཆེད་དུ་ཞིབ་འཇུག་བྱེད་ངེས་ཡིན།
རྩོམ་པ་པོའི་རྩོམ་གཤིས་ནི་རིམ་གྱིས་གྲུབ་པ་ཞིག་སྟེ།ཁོའི་འཚོལ་ཞིབ་ཁྲོད་ཀྱི་གསར་རྙེད་བྱུང་བ་དེ་རིམ་གྱིས་གོམས་ལོབ་ཏུ་གྱུར་བའི་དངོས་པོ་ལ་རྩོམ་གཤིས་ཞེས་བརྗོད་ན་ཆོག རྩོམ་འབྲི་བའི་གོ་རིམ་ཁྲོད་ངེས་གཏན་མེད་ལ། ལམ་ནོར་ཐེབས་པ་དང་།ལས་ཐུག་ལམ་ཐུག་བྱུང་བ་སོགས་མང་པོ་ཡོད་ངེས། ངས་བསམ་པར་མཁས་པ་ཡུས་ཧྭ་ཡིས་“མིང་དོན་མཚུངས་པའི་རྩོམ་པ་པོ་ཞིག་ཏུ་འགྱུར་བ་ནི་བསམ་གཞིག་དང་དཔེ་ཀློག་མ་ཡིན་པར་རྩོམ་འབྲི་བ་རྒྱུན་སྐྱོང་བྱེད་རྒྱུ་དེ་ཡིན་”ཞེས་པ་ནི་རྨད་དུ་བྱུང་བའི་གཏམ་ཞིག་གོ།།སྨྱུག་གུ་ལག་དང་འབྲལ་མེད་ཀྱི་གོ་རིམ་ལས་ད་གདོད་ཉམས་མྱོང་དང་།གསར་རྙེད། འཚར་ལོངས་འབྱུང་ངེས།  རྩོམ་གཤིས་ཡང་དེ་ལྟར་གྲུབ་པ་རེད།
རྩོམ་རིག་ནི་དངོས་ཡོད་ལ་བྲོས་བྱོལ་དང་འོལ་ཚོད་ཀྱི་སྒོ་ནས་དོན་དངོས་ལ་ཡིད་མི་ཚིམ་པའི་རྨི་ལམ་ཞིག་སྟེ། གལ་སྲིད་རྩོམ་རིག་གི་དམིགས་ཡུལ་ནི་ཁྱོད་རང་དངོས་ཡོད་ཀྱི་དཀའ་སྡུག་དང་།འཇོན་མེད་ཐ་ཤུལ། དཀྱེལ་ཡངས་མེད་པའི་ལམ་བུ་ཞིག་ཏུ་འཁྲིད་པ་ཡིན་ཚེ། རྩོམ་རིག་གནས་པའི་དགོས་པ་ཡོད་མེད་ཀྱི་ཐེ་ཚོམ་ཞིག་ང་ལ་ཤུགས་ཀྱིས་སྐྱེ་འོང་། རྩོམ་རིག་ནི་སྐྱེས་བུ་ཆེ་གེ་མོ་ལ་གཤོག་པ་བསྩལ་བ་ཇི་བཞིན། ཁྱོད་རང་ཡངས་བའི་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་པའི་བྱ་དངོས་འབའ་ཞིག་ཡིན་དགོས་ངེས་རེད།
རྩོམ་རིག་གི་དངོས་ཡོད་རང་བཞིན་དེ་བརྗོད་བྱ་རང་ངོས་ལ་འབྲེལ་བ་མེད་པར་ངེས་ཤེས་ཐོན་དགོས། ཡཱ་ཧུ་དཱ་པའི་མཁས་པ་ཁ་ཧྥ་ཁ་ཡིས་གཏམ་རྒྱུད་ཀྱི་ལམ་ནས་བརྩམས་གནང་མཛད་པ་དག་ལ་དངོས་ཡོད་སྙིང་བོ་ལྡན་པ་མ་ཟད། བཟོ་ལས་དཔལ་ཡོན་གྱིས་མི་ལ་གཞན་འགྱུར་བྱས་པ་བསྟན་ཞིང་། དེ་མཚུངས་དཔེ་བརྗོད་མང་པོ་ཡོད་དོ།། མདོར་དྲིལ་ན། རྩོམ་རིག་གི་དངོས་ཡོད་རང་བཞིན་ནི་དངོས་ཡོད་འཚོ་བ་ཇི་བཞིན་མངོན་དགོས་པ་མ་ཡིན་ལ། དེ་ནི་གཡོ་ཟོལ་དང་ཀླད་མེད་ཀྱི་བྱ་ཐབས་ཁོ་ནའོ།། དེ་བས་རྩོམ་རིག་གི་དངོས་ཡོད་རང་བཞིན་ནི་ཐབས་ལམ་སྣ་ཚོགས་ལས་མངོན་འགྱུར་འབྱུང་དགོས་པ་ཞིག་གོ།། རྩོམ་རིག་དང་དངོས་ཡོད་གཉིས་ལ་ཐད་ཀར་གཅིག་ལ་གཅིག་བརྟེན་གྱི་ཙམ་མ་ཡིན་པར་ཡི་གེ་དང་བསམ་བློ། ས་བོན་དང་ཞིང་ས་ལྟ་བུའི་འབྲེལ་བར་དོན་དམ་དུ་གྲུབ་ཡོད།
ང་དངོས་གནས་རྩོམ་འབྲི་བར་མགྱོགས་པོ་མེད། འོན་ཀྱང་རྒྱུན་བསྐྱངས་ཀྱི་ལམ་བུ་ལ་ཕྱིར་མིག་རེ་འཕང་ཚེ་ཡ་མཚན་དལ་བར་མི་སྣང་ལ། དེ་བས་རྩོམ་ཡིག་འབྲི་བར་དལ་བས་མི་སྐྱོན་ཏེ། རྒྱུན་བསྐྱངས་པས་མཆོག་གོ།། ངས་ནམ་རྒྱུན་རྩོམ་ཡིག་ལེགས་པོ་འཁྱོང་མིན་ལ་སེམས་ཁུར་བྱས་པ་ཡིན་ཞིང་། ང་ལ་དེ་འདྲའི་དངངས་སྐྲག་གི་སེམས་ཁམས་ཤིག་ཡོད་པས་རྩོམ་ཡིག་འབྲི་བར་དལ་བ་བྱས་པ་ཡིན་ངེས།
རྩོམ་ཡིག་འབྲི་བ་ནི་དགའ་རོགས་སྒྲིག་པ་དང་མཚུངས་པར་རྩོམ་པ་པོས་་སྤྲོ་སེམས་འཁོལ་བའི་ངང་རེ་སྒུག་བྱས་ཆོག
དོན་དམ་པར་རྩོམ་ཡིག་འབྲི་བར་དཔེ་ཀློག་ནས་འགོ་བརྩམ་དགོས་ཤིང་། དཔེ་ཀློག་ནི་ང་ལ་མཚོན་ན་རྩོམ་ཡིག་འབྲི་བ་ལས་ཀྱང་གལ་ཆེ་སྟེ།  དེ་ནི་ངས་འཚོ་བ་ལ་རོལ་མྱོང་བྱ་སྟངས་ཤིག་ཡིན། ང་ལ་ཆེས་མཁོ་བའི་ལེགས་སྐྱེས་ནི་ཁོམ་དལ་དང་ལྷོད་ཡངས་ངང་དཔེ་ཁང་ནས་ལྷིང་འཇགས་ཀྱིས་དཔེ་ཀློག་བྱ་རྒྱུ་དེའོ།།
༡༠
རྩོམ་ཡིག་འབྲི་བ་ནི་རང་ཉིད་ཀྱི་ནང་སེམས་ཕྱིར་མངོན་པ་ཞིག་སྟེ།རང་ཉིད་ཀྱིས་མི་ཚེ་དང་སྤྱི་ཚོགས་ལ་བཟུང་བའི་ལྟ་ཚུལ་ཕྱིར་ཡི་གེའི་ལམ་ནས་མངོན་པ་ཞིག་ལ་བྱའོ།།
༡༡
ཀློག་པ་པོའི་ཡིད་བློ་ཚིམ་པའི་བརྩམས་ཆོས་ཞིག་འབྲི་བར་རང་ཉིད་ཀྱི་རང་གཤིས་འཚོལ་བ་ནི་ཆེས་ཐབས་སླ་ཤོས་དེ་ཡིན་ཞིང་། ཡི་གེ་ནི་ཆེས་སྟོབས་ཤུགས་ལྡན་པའི་ལག་ཆ་ཡིན་ངེས།
༡༢
རྩོམ་པ་པོ་ཞིག་གིས་བརྩམས་ཆོས་གང་འདྲ་བྲིས་ཀྱང་མཐའ་མཇུག་དངོས་ཡོད་འཇིག་རྟེན་ལས་མི་བརྒལ་བ་ནི་རིན་ཐང་དངོས་གནས་པ་ཡིན། རྩོམ་ཡིག་གང་བྲིས་ཀྱང་དངོས་ཡོད་མངོན་པའི་ཆེད་ཡིན་ཞེས་པ་ནི་ངའི་བརྗོད་འདོད་པ་ཡིན། མ་མཐའ་ཡང་་ལུང་མེད་རྟོག་སྣང་གི་བརྩམས་སྒྲུང་ནུབ་ཕྱོགས་བསྐྱོད་པའི་ཟིན་ཐོ་ལྟ་བུ་ལས་ཀྱང་ང་ཚོས་འཇིག་རྟེན་ཀྱི་ངོ་གདོང་གཞན་ཞིག་མཐོང་ཡོང་། གལ་སྲིད་རྩོམ་ཡིག་དང་དངོས་ཡོད་གཉིས་ནི་རྦད་དེ་འགལ་བ་ཡིན་ཚེ་དེ་ལ་ཀློག་པ་པོ་ཡོད་མི་སྲིད་བས་རྩོམ་ཡིག་གང་དེ་སྤྱིར་བཏང་གི་ངོས་ཟུར་ལས་དེའི་བརྗོད་སྙིང་དང་དངོས་ཡོད་བར་འབྲེལ་བ་དམ་དུ་གྲུབ་པ་མ་ཟད། དེས་སྐྱེས་བོའི་གཉུག་གཤིས་དང་འཇིག་རྟེན་གྱི་ངོ་བོ་ཕྱིར་སྟོན་པ་ཞིག་ཡིན་པས་ད་ཆར་ཡང་རྒྱུན་མ་ཆད་པར་དུས་རབས་སོ་སོར་འཕེལ་རྒྱས་དང་ཀློག་པ་པོ་འབྱུང་གིན་པ་དེའོ།།