ཤཱཀྱ་ཤེས་རབ།

དཔེ་མིང་དང་དཔེ་ཆ།

བླ་མ་མར་པ་ལོ་ཙཱའི་རྣམ་པར་ཐར་པ་ཞེས་བྱ་བ།
དཔལ་རྩིག་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས།

རྣམ་ཐར་འདི་ནི་ལྷོ་བྲག་མར་པའི་གསུམ་འབུམ་ལས་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་ནང་དུ་འདུག།

རིགས་ཀ།

ལོ་རྒྱུས། རྣམ་ཐར།

རྩོམ་པ་པོ།

རྣམ་ཐར་འདིའི་རྩོམ་པ་པོ་རྔོག་ཆོས་སྐུ་རྡོ་རྗེ་ནི། རྗེ་བཙུན་མར་པའི་ཀ་ཆེན་བཞི་ལས་ལྷོའི་ཀ་བ་ཡིན། ཡབ་བན་ཆེན་ཁ་པོ་དང་། ཡུམ་འོད་ལྡན་མའི་སྲས་སུ་རབ་བྱུང་དང་པོའི་མེ་བྱི་ཕྱི་ལོ་ ༡༠༣༦ ལོར་འཁྲུངས། གཞུང་གི་རི་བོའི་འབྲོག་པ་ཡིན། སྔགས་རྙིང་མ་སློབ་ཏུ་གཙང་སྒྱེར་ཕུའི་དགེ་བཤེས་སྒེར་ཆུང་བའི་མདུན་དུ་བྱོན། སྒྱེར་ཕུའི་ཆགས་ལོ་དང་ཡང་མཇལ། བྱེ་མ་ལུང་པ་ལས་མཚན་བརྗོད་གསན། དེ་དུས་དགེ་བཤེས་སྒྱེར་ཆུང་པ་ལས་རྗེ་མར་པའི་སྙན་པ་ཐོས་པས་དད་པའི་སྤུ་ལོང་གཡོས། ཆོས་འཕྲོ་མྱུར་བར་ཞུས་ནས་གཞུང་དུ་ལོག། རྟ་གཅིག་ཁྲིད་ནས་ལྷོ་གྲོ་བོ་ལུང་དུ་བྱོན། རྟ་ཕུལ་བས། ཁྱོད་ཀྱི་རྟ་ཕུལ་བ་དེ་ཕྱག་རྟེན་ཡིན་ན་ཆེ། འབུལ་བ་ཡིན་ན་ཆུང་གསུང་། དེའི་དུས་རྔོག་རང་དགུང་ལོ་བཅུ་དྲུག་ཙམ་དང་། རྗེ་མར་པ་ཞེ་དྲུག་ཙམ་ཡིན། ཐོག་མར་བདག་མེད་ལྷ་མོ་བཅོ་ལྔའི་དབང་དང་མན་ངག་ཞུས། ཉམས་སུ་བླངས་པས། རིང་པོར་མ་ཐོགས་པར་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དངོས་སུ་གཟིགས། བླ་མ་ལ་བདག་སྐལ་བར་ལྡན་ནམ། ཆོས་འདི་བྱིན་རླབས་ཆེ་བ་ཡིན་ཞུས་པས། གཉིས་ཀ་ཡིན་གསུང་། དེ་ནས་གཞུང་དུ། ན་མ་ཟླུམ་པོ་ཞིག་གི་ཁར་གནས་གཞི་ཁྱུང་ལྟ་བུ་ཞིག་བཏབ་པས་ཟླུམ་ཁྱུང་དུ་གྲགས་པ་དེར། མར་པ་ལན་དུ་མར་སྤྱན་དྲངས། དངོས་རྫས་སྤང་དག་ལན་གསུམ་བྱས་ནས་དགྱེས་རྡོར་རྩ་འགྲེལ། མཱ་ཡ། གདན་བཞི་ཡོངས་རྫོགས། སོ་སོའི་མན་ངག ཁྱད་པར་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་རྣམས་གནང་། རྗེས་ཀྱི་རྒྱུད་པ་བདུན་ཚུན་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག ཁོ་བོ་རང་གིས་བྱིན་གྱིས་རློབ་པ་ཡིན་གསུངས། འདིས་ཐོས་པ་དང་སྒྲུབ་པ་སྟབས་སུ་མཛད་པས་ཡེ་ཤེས་ཀྱི་སྐུ་བརྙེས། འཆད་ཉན་མཛད་པས་སློབ་མ་བསམ་གྱིས་མི་ཁྱབ་པ་ཐོན། དགུང་ལོ་རེ་བདུན་པ་ཆུ་རྟ་ ༡༡༠༢ ལོར་དབེན་གནས་ནས། སྟོན་བཙས་མ་བརྔ་བའི་དུས་(བོད་ཟླ་དགུ་པའི་ཚེས་གསུམ་ཟེར་བའང་འདུག)གསུང་ཆེན་པོས་བོས་ཏེ། ངའི་ཕྱིས་ལ་སུ་འགྲོ་འདོད་པ་ཤོག་གསུངས་པས། གཞན་སུ་ཡང་མ་བྱུང་བར་ཀུན་གྱིས་མཐོང་བར་ཌཱ་མ་རུ་ཁྲོལ་ལེ་ནམ་མཁའ་ལ་གཤེགས་སོ། །དེ་ལ་སློབ་མ་རམ་ཀླུ་གོང་པ། སྤ་ལྦ་བ་ཅན། རྔོག་དད་པ་ཅན། རྒྱ་འ་མ་ཅན། སུམ་པ་ཕོད་ཁབ་ཅན། ལྷོ་པ་ཆུང་མ་ཅན་སོགས་མང་ཞིང་། སྲས་ནི་རྔོག་མདོ་སྡེའམ་ཞེ་སྡང་རྡོ་རྗེ་ཞེས་བྱའོ། །

མི་སྣ་གཙོ་བོ།

མར་པ་ཆོས་ཀྱི་བློ་གྲོས། ནཱ་རོ་པཎ་ཆེན།

ནང་དོན།

མར་པ་ཆོས་ཀྱི་བློ་གྲོས་ཇི་ལྟར་རྒྱ་གར་དུ་སོང་ཚུལ་དང་། བླ་མ་ཅི་ཙམ་ལ་མཇལ་ཚུལ་ནས་འཕྲོས་ཏེ། ཁོང་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས།

ནང་དོན་རགས་བསྡུས།

དཔེ་ཆ་འདི་ལ་ཤོག་ངོ་ཉུང་ཉུང་ལས་མེད་ནའང་། འདི་ནི་མར་པ་རང་ཉིད་ཀྱི་བུ་ཆེན་རྔོག་ཆོས་སྐུ་རྡོ་རྗེས་རྩོམ་པ་ཡིན་པས་ན། ལོ་རྒྱུས་ཁུངས་དག་ཅིང་། ཕྱི་རབས་ཀྱི་ངག་སྒྲོས་དང་རྟོག་བཏགས་ཀྱིས་མ་ལྷད་པའི་ཁྱད་ཆོས་ལྡན། འོན་ཀྱང་འདི་ལ་ལོ་ཚིགས་མེད་པས་ན་ལོ་རྒྱུས་ཞིབ་འཇུག་གི་རྩ་བའི་རྨང་གཞིའི་ཆ་ནས་ཞན་ཆ་ཡོད་པ་སྨོས་མེད་རེད། བཤམ་ནས་རྣམ་ཐར་འདིའི་གཞུང་ངོ་སྤྲད་རགས་རིམ་ཞུས་ན།
དེའང་དཔེ་ཆ་འདིའི་མགོ་ནས་ཐོག་མར་བླ་མ་མར་པའི་རིགས་རུས་དང་། ཡབ་ཡུམ་གྱི་མིང་སོགས་ཞིབ་བརྗོད་ཀྱིས་ཁོང་ཉིད་ངོ་སྤྲོད་བྱས་དོན་ནི། དེའང་ཁོང་གི་གདུང་ནི་མར་པ་དང་། ཡབ་ལ་དབང་ཕྱུག་འོད་ཟེར་ཡུམ་ལ་རྒྱ་མོ་བློ་གྲོས་ཞུ། ཡུལ་ལྷོ་བྲག་ཏུ་འཁྲུངས། འོན་ཀྱང་འཁྲུངས་ལོ་ལ་གསལ་ཁ་མི་འདུག། ཁྱིམ་ཚང་གི་གནས་སྟངས་ནི་ཁོང་གི་ཕ་ལ་སྤུན་གཉིས་དང་། ཁོང་ལ་མིང་སྲིང་གཉིས་ལས་མེད། ཆུང་ངུའི་དུས་སུ་ཁོང་ནི་བྱིས་པ་མ་རབས་ཤིག་ཡིན་པར་གདའ། བསམ་པ་ངན་པ(གཏིང་རོ་ངན་པ)། ཆང་འཐུང་བ། གཞན་ལ་འཐབ་པ། ཁྲོ་གཏུམ་ཆེ་བ་བཅས་ཀུན་སྤྱོད་ཤིན་ཏུ་རྩིང་། དེ་ནས་ཁོང་སྐབས་དེར་མིང་དུ་གྲགས་པའི་མཁས་པ་འབྲོག་མི་ལོ་ཙཱ་བའི་མདུན་དུ་ཡབ་ཀྱིས་བསྐྱལ་བ་དང་། དེར་བཞུགས་སྐབས་འབྲི་ཀློག་དང་སྒྲ་བསྒྱུར་སྦྱོང་པའི་མགོ་བརྩམས། འོན་ཀྱང་དབང་ཡོན་ཆེ་བས་རང་ཉིད་རྒྱ་གར་ལ་འགྲོ་རྒྱུའི་ཐུགས་ཐག་བཅད།
དེ་ནས་ཁོང་རྒྱལ་གར་དུ་ཕེབས། ཕེབས་ལོ་ལ་གསལ་ཁ་མི་འདུག། ལམ་ཁ་ནས་བལ་ཡུལ་དུ་ཐོན་དུས་ན་རོའི་སློབ་མ་བླ་མ་ཕམ་ཐིང་པའི་མདུན་ནས་གདན་གཞི་འགྲེལ་པ་བདུད་བརྩི་འོད་ཞུས། དེ་ནས་ཁ་ཆེའི་བྱང་ཕྱོགས་པུ་ལ་ཧ་རི་ནས་ན་རོ་དང་མཇལ། ཕ་རྒྱུད་མ་རྒྱུད་གཙོས་དབང་ཡོངས་རྫོགས་ཐོབ། ལོ་བཅུ་ལ་བཞུགས། ཐོག་དང་པོར་བོད་ལ་ལོག། ལམ་བར་ནས་བལ་ཡུལ་གྱི་དུག་མཚོ་ཁོལ་མ་ནས་དཔེ་ཆ་ཆུ་ལ་ཤོར། རྐྱེན་དེས་ལག་སྟོང་དུ་བོད་ལ་ལོག་རྒྱུ་མེད་པར་སེམས་ནས་ཡང་དུ་ན་རོ་པ་མཇལ་སར་ཕྱིན། ལམ་བར་ནས་མཻཏྲི་དང་མཇལ། དགྱེས་རྡོར། བདེ་མཆོག། གདན་གཞི་ཞུས། ཕྱིར་བདེ་ལེགས་ངང་བོད་ལ་ལོག།
ཡང་བོད་ནས་རྒྱ་གར་དུ་ཕེབས། ལོ་ལྔ་ལ་ནཱ་རོའི་མདུན་དུ་བསྡད། བསྲེ་འཕོ་སོགས་གནད་ཀྱི་གདམ་ངག་མང་པོ་གསན།
དེ་ནས་ནཱ་རོའི་བཀའ་བཞིན་དུག་མཚོའི་ཕ་རོལ་དུ་སོང་ནས་བུད་མེད་གཅིག་གི་མདུན་ནས་གདན་གཞི་དང་། མཚན་བདེ་བ་རྡོ་རྗེ། རྒྱུད་གདམས་པ་མ་ལུས་པར་ཞུས། དེ་ནས་མཻཏྲི་དང་ཡང་དུ་མཇལ། སྔར་རྒྱུད་ཟབ་མོའི་གདམས་པ་མ་ཞུས་པས་ཐེངས་དེར། ཡི་དམ་ལྷན་ཅིག་ཇོ་མོ་རྗེ་བཙུན་མ་གནང་བ་ལགས།
ཡང་དུ་གསེར་བཙལ་བར་བོད་དུ་བྱོན། གཙང་ལ་སྟོད་ཀྱི་ཀློག་སྐྱ་སྟོན་པ། བྱང་པ་མགོ་ཡགས་བཅས་ལ་ཆོས་གསུངས་པས། གསེར་སྲང་འགའ་ཞིག་ལག་སོན་བྱུང་སྟེ། སླར་ཡང་རྒྱ་གར་ལ་ལོག་པར་ནཱ་རོ་པཎ་ཆེན་སྤྱོད་པ་ལ་གཤེགས་ཟིན། མེ་ཏྲཻ་དང་མཇལ། དེ་ནས་ནཱ་རོ་དང་མཇལ། བླ་མ་ནཱ་རོས་སྐྱེ་བ་གསུམ་གྱིས་སངས་རྒྱས་པའི་ལུང་བསྟན། ཡང་བསྐྱར་བོད་དུ་ལོག།
བོད་དུ་ལོག་རྗེས་དགོན་པ་མཁྱེན་ལུང་ནས་ཇོ་མོ་སྙེ་མོ་བཟང་མནའ་མར་བླངས་པར་སྲས་བདུན་འཁྲུངས། མར་པ་ལ་སྡོམ་པས་སྲས་དགུ་ཡོད། སོ་སོར་ནི་མདོ་སྡེ། དགེ་འདུན། ཆོས་དཔལ། དམར་ལེབ། དཔལ་གྱི་འོད། གྲགས་གསོད། བསོད་ནམས་དཔལ། ནམ་མཁའ་དཔལ། ཉི་མ་དཔལ་བཅས་ཡིན།
དགོང་ལོ་བརྒྱད་ཅུའི་བྱ་ཡི་ལོ། རྟ་ཟླ་བརྒྱད་པ། ཚེས་བཅུ་བཞི་ཉི་མ་རྩེ་ཤར་ལ་འདས་པ་ཡིན་འདུག།

ཁོང་གི་སྐུ་ཚེའི་ནང་རྒྱ་གར་ལ་ལན་གསུམ། བལ་ཡུལ་ལ་ལན་ལྔ། ནཱ་རོའི་མདུན་དུ་ལོ་ཉི་ཤུ་ཟླ་བ་བདུན། བར་མ་ཆད་པར་ལོ་དྲུག་ཟླ་བ་བདུན་ལ་བསྟེན། མར་པ་རིན་པོ་ཆེ་ལ་རྒྱ་བར་གཉིས་ལ་བླ་མ་བཅོ་ལྔ་ཡོད། དེའི་ཁྲོད་གྲུབ་ཐོབ་ལྔ་དང་ཉི་ཟླ་ལྟ་བུའི་ནཱ་རོ་མཻཏྲི་གཉིས་ཡོད་ཅེས་རྣམ་ཐར་འདི་ལས་བྱུང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1228