[ཟིན་བྲིས་པ།   རབ་གསལ། ]

 

《དེབ་ཐེར་དཀར་པོ》ཞེས་བྱ་བའི་ལོ་རྒྱུས་ཀྱི་བསྟན་བཅོས་འདི་ཉིད་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་འགངས་ཆེན་ཞིག་ཡིན་ལ།  ཁོང་གི“ཕ་གཞིས”ཀྱི་ནོར་བུ་རྩ་ཆེན་ཞིག་ཀྱང་ཡིན།

དེབ་ཐེར་འདིའི་ནང་གི“བོད་ཆེན་པོ”ནི་དབུས་གཙང་ལ་བོད་དང་མདོ་ཁམས་ཕྱོགས་ལ་བོད་ཆེན་པོ་བྱའམ།རྒྱལ་པོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་།  དེའི་ལྷག་མའི་ཡུལ་ལ་བོད་ཟེར་བ་ཡིན་ཞེས་པ་དེ་གཉིས་ཀར་མི་གོ་ཞིང་།  བོད་ཆོལ་ཁ་གསུམ་མམ་བོད་ཡོངས་རྫོགས་ཞེས་པའི་དོན་ཙམ་ཡང་མ་ཡིན་པར།  བརྗོད་བྱའི་དབང་དུ་བྱས་ན་ཆོས་རྒྱལ་མེས་དབོན་དག་གི་སྐབས་སྟོན་པ་ཡིན་པས།འདིར་བོད་ཆེན་པོ་ཞེས་པ་བཙན་རྒྱལ་གྱི་དོན་ཏེ།རྩོམ་རིག་གི་ཐ་སྙད་ཀྱི་དབང་དུ་བྱས་ན་ནི་རླབས་ཆེ་བའི་བོད་ཅེས་པ་དང་གཅིག་གོ།ཆོས་རྒྱལ་མེས་དབོན་དག་གི་སྐུ་རིང་ལ་བོད་ཆེན་པོ་ཡིན་ཚུལ་བསྡུས་ན་གསུམ་ཡོད་དེ།དང་པོ་མི་འབོར་གྱི་ཆ་ནས་དང་།  གཉིས་པ་ས་ཁྱོན་གྱི་ཆ་ནས་དང་།  གསུམ་པ་ཆབ་སྲིད་མངའ་ཐང་དཔུང་སྟོབས་ཀྱི་ཆ་བཅས་སོ།།   བོད་སིལ་བུའི་དུས་སུ་མི་འབོར་ས་ཡ་བདུན་ཡོད་པ་ཡིན་ཟེར། སྤྱི་ལོ་1947ལོ་མགོའི་ར་སྟག་གཉིས་ཀྱི་འགལ་བའི་དུས་ཟིང“སེ་རའི་དམག”ཟེར་བ་མཇུག་གྲིལ་བ་རེད།

ལོ་རྒྱུས་སྨྲ་བའི་དབང་པོ་སི་ཏ་ཧྥུའུ་ཨ་ནོ་སི་ཡིས།  དུས་རབས་རེ་རེར་རང་གི་ཡུན་ལ་བྲིས་པའི་ལོ་རྒྱུས་ཡོད་དེ།  དེ་ནི་སྔ་མའི་ལོ་རྒྱུས་བྲིས་པ་མ་དག་པས་མིན་ལ།  དུས་རབས་རེ་རེར་གནད་དོན་གསར་བ་དང་དོགས་གཞི་གསར་བ་འབྱུང་སྲིད་ཅིང་།  དེའི་དོན་མཐུན་གྱི་ལན་འཚོལ་དགོས་པས་ཡིན།

དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་རབས་ཀྱི་ཡི་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག(གནའ་བོའི་ཞི་ལ་སྟེ་འདི་ལ་ཡ་བ་ན་ཡང་ཟེར)དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོག་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ཏེ་བོད་སིལ་བུའི་དུས་ཙ་ན་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་པ་ཡིན་ནོ།།  དེབ་ཐེར་དཀར་པོ་ཞེས་པའི་དོན་ནི།  དགེ་ཆོས་ཁོང་གིས།  ཕྱོགས་ལྷུང་ཞེན་པས་དམར་པོར་མ་བྱས་ཤིང་།།  ངོ་བསྲུང་ཚིག་གིས་སྔོན་པོར་མ་བྱས་ལ།།  ཕྱིས་བྱུང་གཏམ་གྱིས་སེར་པོར་མ་བྱས་བ།།དེའི་ཕྱིར་འདི་ནི་དེབ་ཐེར་དཀར་པོའོ།།ཞེས་གསུངས་སོ།།

དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས།  དེབ་ཐེར་སྔོན་པོ་ལ་སྔ་རབས་ལོ་རྒྱུས་ཡིག་ཆ་གཞན་དག་གི་ལོ་རྒྱུས་ཐད།  རང་རང་སོ་སོའི་ཆོས་འབྱུང་དང་རྣམ་ཐར་ནང་འཁོད་པ་གཞིར་བཟུང་ནས་འབྲི་གནང་མཛད་ཐོག་ཚང་མར་གདེང་འཇོག་མཐོན་པོའི་བསྟོད་བསྔགས་གནང་བ་མ་གཏོགས།  རང་ཉིད་ཀྱི་གྲུབ་མཐའི་ཕྱོགས་བཟུང་ནས་གཞན་ལ་ཟུར་ཟ་དང་དམའ་འབེབས་ཀྱི་ཚིག་གཏན་ནས་བཀོད་མེད་པའི་དབང་གིས་ཀློག་པ་པོ་ཚོས་བལྟས་ན་འགོས་ལོ་ཉིད་ཀྱི་རྩ་བའི་གྲུབ་མཐའ་གང་ཡིན་གསལ་བོར་ཤེས་མི་ཐུབ།  ཅེས་གསུངས་སོ།།     དེབ་དཀར་འདི་ཉིད་སྤྱི་ལོ1954ལོར་ཧྥ་ཙུང་ཏ་ཤྲིས་རྒྱ་ཡིག་ཏུ་བསྒྱུར་ཅིང་།  ཕྱིས་སྤྱི་ལོ1963ལོར་ཝང་ཡུས་ནོན་གྱིས་ཞུ་དག་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་པར་དུ་བཏབ།  1978ལོར་བསམ་གཏན་ནུར་བུས་དབྱིན་ཡིག་ཏུ་བསྒྱུར་ཅིང་བོད་ཀྱི་དཔེ་མཛོད་ཁང་ནས་པར་དུ་བཏབ་སྟེ་འགྲེམ་སྤེལ་གནང་འདུག་གོ།

བོད་ཀྱི་ལོ་རྒྱུས་བསྟན་བཅོས་ནི་ལོ་རྒྱུས་དང་།  དེབ་ཐེར།  ཆོས་འབྱུང་།  བྱུང་བ་བརྗོད་པ།རུས་མཛོད།རྣམ་ཐར།རྟོགས་བརྗོད།  གནས་ཡིག  དགོན་ཐོ།  གདན་རབས།  ཁྲི་རབས།  གདུང་རབས།དཀར་ཆག  རྩ་འཛིན།   གྲུབ་མཐའི་བྱུང་བ།   བླ་མའི་བརྒྱུད་པ།  སྐྱེས་རབས།  བཀའི་ཐང་ཡིག་ལ་སོགས་པ་རྣམས་ལ་ལོ་རྒྱུས་བསྟན་བཅོས་ཞེས་བྱ་ཞིང་།  གཞན་ཡང་ཏུན་ཧོང་གཏེར་ཡིག་གིས་གཙོས་པའི་གཏེར་ཡིག་སྣ་ཚོགས།  ཅོང་དང་དྲིལ་བུ་ལ་སོགས་པའི་ཁ་བྱང་།  རྡོ་རིང་ཡི་གེ།  ཁྲམ་ཡིག   ཁྲིམས་ཡིག   བྲག་བརྐོས་ཡི་གེ་ལ་སོགས་ཀྱང་དེར་འདུ་བ་ཡིན།   ལོ་རྒྱུས་གང་དག་འབྲི་བའི་ཚེ་ན་བརྗོད་བྱ་མང་ཉུང་གིས་རིགས་གསུམ་དུ་དབྱེ་བར་བྱེད་དེ།  ཡོངས་སུ་རྫོགས་པའི་ལོ་རྒྱུས་དང་།  ཡན་ལག་གི་ལོ་རྒྱུས།  ཆེད་དུ་བྱ་བའི་ལོ་རྒྱུས་བཅས་ཡིན།

འཕགས་པ་སྤྱན་རས་གཟིགས་དེ་ཉིད།  རང་ཅག་བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པ་དང་།  ཁ་བ་ཅན་གྱི་སེམས་ཅན་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པའོ།།  དཔེ་ཆ་འདིའི་ནང་གི་རིགས་ཟེར་པ་ནི་རྒྱལ་རིགས་ལ་གོ་ཞིང་།  རྒྱ་གར་དུ་རྒྱལ་རིགས་རྣམས་ཆེ་བ།  རྗེ་རིགས་རྣམས་བཙུན་པ།  བྲམ་ཟེ་རྣམས་གཙང་བ།  དམངས་རིགས་རྣམས་མང་བ།ཟེར་ཞིང་།  དཔྱ་ཁྲལ་གྱིས་འཚོ་བ་རྒྱལ་རིགས།ཚོང་བ་ལས་ཀྱིས་འཚོ་བ་རྗེའུ་རིགས།སྙན་དངགས་ཀྱིས་འཚོ་བ་བྲམ་ཟེ་རིགས།  ཞིང་ལས་ཀྱིས་འཚོ་བ་དམངས་རིགས།  ངན་ལས་ཀྱིས་འཚོ་བ་གདོལ་བའི་རིགས་ཀྱང་ཟེར་རོ།།

ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ཏེ།  མཁྱེན་པ་ནི་འཕྲུལ་གྱི་ཚུལ་ཆགས།  མཛད་པ་ནི་ལྷའི་ལུགས་དང་མཐུན།  མངའ་ཐང་དཔལ་འབྱོར་ནི་ལྷའི་དབང་བོ་བརྒྱ་བྱིན་དང་མཉམ།  དབང་དང་མཐུ་སྟོབས་ཀྱིས་ནི་བདུད་སྡིག་ཅན་སྐྲག་པར་བྱེད་པ།  མཐའ་བཞི་ལས་རྣམ་པར་རྒྱལ་ཏེ།འཛམ་བུ་གླིང(ཡ་གླིང་།)སུམ་གཉིས་ལ་དབང་མཛད་པ་ཡིན་ནོ།།   བོད་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་ཀུན་སྤྲུལ་བར་བཤད་དེ།  དཔེར་ན།  ལྷ་ཐོ་ཐོ་རི་གཉན་བཙན་ནི་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་བ།  ཐོན་མི་སམ་བྷོ་ཊ་ནི་འཇམ་པའི་དབྱངས།  མགར་སྟོང་བཙན་ནི་ཕྱག་ན་རྡོ་རྗེ།  བལ་བཟའ་ཁྲི་བཙན་ནི་ཇོ་མོ་ཁྲོ་གཉེར་མའི་སྤྲུལ་བ།  རྒྱ་བཟའ་ནི་རྗེ་བཙུན་སྒྲོལ་མ།གླང་དར་མ་ནི་བདུད་ཀྱི་སྤྲུལ་བ།  ལྷ་ལུང་དཔལ་རྡོ་ནི་ཕྱག་ན་རྡོ་རྗེའི་སྤྲུལ་བ་སོགས་སུ་བཤད་པ་རྣམས་ངེས་དོན་དུ་གོ་དགོས།  ཡུལ་ཡར་ལུང་ནི་བོད་བཙན་པོའི་ཡུལ་རྩ་བ་ཡིན་པ་དང་།  ཚེ་སྤོང་གི་རིགས་རུས་མཐོ་ལ་སྙེམས་པ་སོགས་ཀྱི་དབང་གིས་བཙུན་མོ་ཚེ་སྤོང་བཟའ་དང་གཡོ་རུ་ཡང་རང་བཞིན་གྱིས་དྲེགས་པ་ཡིན།  སྣ་ནམ་པའི་ཡུལ་ནི་དབུ་རུར་གཏོགས་ཤིང་།  འདིའི་རུས་རྒྱུད་ལས་ཆོས་རྒྱལ་ཁྲི་སོང་ལྡེ་བཙན་དང་ཁྲི་ལྡེ་གཙུག་བརྟན་སོགས་བཙན་པོ་རིམ་བྱུང་གི་བཙུན་མོ་འགའ་ཁབ་ཏུ་བཞེས་མྱོང་ཟེར་རོ།།

བོད་སིལ་བུ་འཐོར་རྗེས།ས་སྐྱ་བས(སྤྱི་ལོ1253-1354)ལོ་ངོ100ལ་སྲིད་བཟུང་ཞིང་།འཕགས་མོ་གྲུ་པས(1354-1618)ལོ་ངོ264ལ་སྲིད་བཟུང་།    སྡེ་སྲིད་གཙང་བས(1618-1642)ལོ་ངོ24ལ་སྲིད་བཟུང་།དགའ་ལྡན་ཕོ་བྲང་གིས(1642-1951)ལོ་ངོ309ལ་སྲིད་བཟུང་བ་ཡིན།

ཀཱནྱ་ཀུབྫའམ་སྒུར་མོའི་གྲོང་ཁྱེར་ནི་རྒྱ་གར་ནུབ་བྱང་ཕྱོགས་ཀྱི་གྲོང་ཁྱེར་གཙོ་ཤོས་ཡིན་ལ་ཆུ་བོ་གངྒའི་ནུབ་འགྲམ་དུ་ཆགས་ཡོད།   ཐང་ཟན་ཙང་གི་ལམ་ཡིག་ཏུ་གྲོང་ཁྱེར་འདི་ནི་ཧ་ཅང་རྒྱ་ཆེ་བ་མ་ཟད།  ལྕགས་རི་སྲ་ཞིང་བརྟན་ལ་མཛེས་སྡུག་ལྡན།  མཁར་ནང་དུ་ནང་པའི་དགོན་པ་གཅིག་དང་གཙུག་ལག་ཁང་ཉིས་བརྒྱ་ཙམ་ཡོད་པར་གསུངས།

བལ་ཡུལ་ཞེས་བརྗོད་པའི་རྒྱུ་མཚན་ནི།བལ་མང་པོ་འབྱུང་བའི་ཡུལ་ཡིན་པས་ན་དེ་ལྟར་བཏགས་པར་སེམས་ཏེ།  འདུལ་བའི་གླེང་འབུམ་ནང་།  བལ་ཡུལ་ན་བལ་དང་ལྡོང་རོས་མོད་པས།  ཞེས་པས་གོ་ནུས་ལ།  འདིའི་བལ་ནི་ལུག་བལ་ཡིན་ངེས་ཤིང་།  གཞན་དུ་ན་འཛམ་བུ་གླིང་གི་སྲིང་བལ་གྱི་ཕ་ས་ནི་རྒྱ་གར་ཡིན་པས།  རང་རེའི་བོད་ལ་ཡང་སྲིང་བལ་གྱི་ཚོང་ཆེན་བལ་ཡུལ་བརྒྱུད་ནས་ཐོན་པས་འབྱུང་ཁུངས་ཆ་འདྲའི་སྒོ་ནས་བཏགས་སམ་ཡང་སྙམ་མོ།།སྤྱི་ལོ༧༠༣ནི་འདུས་སྲོང་མང་པོ་རྗེས་འཇང་ལ་དམག་དྲངས་པའི་ལོ་ཡིན།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ཆུ་ཕུ་སྟག་གི་ལོ་སྟེ་སྤྱི་ལོ༧༦༣ལ་བློན་སྟག་སྒྲ་ཀླུ་ཁོང་དང་།  ཞང་རྒྱལ་གཟིགས།ཞང་སྟོང་བཙན་སོགས་ཀྱིས་དམག་འབུམ་ཕྲག་ཙམ་ཁྲིད་དེ་རྒྱལ་ས་ཁྲང་ཨན་བླངས་ཤིང་།  ཐང་ཏི་ཙུང(唐太宗ཐང་གི་རྒྱལ་རབས་བཅུ་པ)འཁོར་དང་བཅས་པ་ཤེན་ཅུ(陕州)སོགས་སུ་བྲོས།   ཁྲོ་ལོའི་ལོ་རྟགས་བརྗེས་ཤིང་།  བཙོན་མ་རྣམས་བཙོན་ཐར་གཏོང་བའི་བཀའ་རྒྱ་ཕབ།  སྲིད་སྐྱོང་དཔོན་རིགས་ཁག་རྣམས་བསྐོ་འཇོག་བྱས།  ཐང་གི་དཔོན་རིགས་ཐོབ་དང་གོ་ས་ལྡན་པ་རྣམས་ལྷོ་ཕྱོགས་ཀྱི་ཅིན་ཀྲིག(泾州)དང་ཞན་དབྱང(咸阳)དུ་བྲོས།  ལ་ལ་རི་ཁྲོད་དུ་གབ་ནས་སྡོད་དགོས་པ་བྱུང་།  རྒྱལ་ས་ཉིན་བཅོ་ལྔ་བཟུང་ནས་ཕྱིར་ལོག  རྒྱ་ནག་ནས་ལོ་བཞིན་དཔྱ་འབུལ་བར་ཆོད་དམ་བཞག   འདིའི་སྐོར(པཎ་ཆེན་བསོད་ནམས་གྲགས་པ)དེབ་དམར་གསར་མ་དང་།  ཏུང་ཧོང་གཏེར་ཡིག  པོ་ཏ་ལའི་བདུན་གྱི་རྡོ་རིང་སོགས་སུ་གསལ་ཞིང་།ཁྱད་པར་དུ་རྒྱའི་ཐང་ཡིག་གསར་རྙིང་ན་ཅུང་ཞིབ་པར་ཡོད།  ཁྲི་འདུས་སྲོང་གི་དུས་སུ་ཡུན་ནན་གྱི་ཡུལ་སྤྱིའི་མིང་ལ་འཇང་ཟེར་ཞིང་།ནང་གསེས།  མྱ་དཀར་པོ་དང་ནག་པོ་སོགས་ཡོད།  ཁྲི་འདུས་སྲོང་གིས་འཇང་ཕབ་པའི་ལོ་ཕྱི་མ་ལ་ཁོང་ཡུལ་དེར་སྐུ་གཤེགས།  ཡུན་ནན་གྱི་འཇང་པ་ཟེར་བ་དེ་ད་ལྟའི་དབང་དུ་བྱས་ན།གཙོ་བོར་ཆའང་རིགས་དང་།  དབྱིས་རིགས།  པའེ་རིགས།  ཕུའུ་མིས་རིགས་བཅས་འདུས།  དེ་དག་གི་ཡུལ་རྩ་བ་ཡང་མཚོ་བོད་མཐོ་སྒང་ཡིན་ལ་རིགས་ནི་བོད་ཀྱི་མི་རིགས་བཞི་ལས་མཆེད་པར་མཁས་པ་དག་གིས་བཞེད་དོ།།

ས་མིང་དང་ལོ་རྒྱུས་ཀྱི་བྱུང་བ་གཉིས་རྒྱུན་པར་གཅིག་ཏུ་འབྲེལ་བས།  ད་ལྟ་ཡོངས་གྲགས་ཀྱི་རྩོམ་རིག་དང་ལོ་རྒྱུས་ཁྱིམ་གཅིག་ཡིན།  ལོ་རྒྱུས་དང་ས་རྒྱུས་ཁྱིམ་གཅིག་ཡིན་ཟེར་བའི་སྐད་ཆ་དེ་བྱུང་བ་ཡིན།  ས་རྒྱུས་དང་ལོ་ཚིགས་ནི་ལོ་རྒྱུས་ཀུན་གྱི་ཉི་མ་དང་ཟླ་བ་ཡིན་ལ།  མིག་གཡས་གཡོན་གཉིས་ཀྱང་ཡིན།  ཞེས་སོ།།   དིང་སང་རྒྱ་གར་ལ་ཧིན་དུ་སྠན་དུ་གྲགས་པ་འདི་ཡང་པར་ཟིག་གི་ཐ་སྙད་ཡིན་ཞིང་།  དེ་དག་གི་སྐད་ལ་སིནྡྷུ་ལ་ཧིན་དུ་དང་།  ས་བྷ་ལ་ཧ་བྷ་སོགས་སུ་འབོད་པས་ཧིན་དུ་བྱ་བ་ཡང་རྒྱ་གར་ནུབ་ཕྱོགས་ཀྱི་སིནྡྷུའི་ཡུལ་གཅིག་པུའི་མིང་ཡིན་ལ།  རིམ་གྱིས་རྒྱ་གར་སྤྱིའི་མིང་དུ་འཇགས་པ་བཞིན་ནོ།།   གནའི་ཐ་སྙད་ལ་རྗེས་འཇུག་ད་ན་གཉིས་བརྗེས་པ་ཡང་ཤིན་ཏུ་མང་སྟེ།  དཔེར་ན།  བཙན་པོ་ལ་བཙད་པོ།  ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ།།

དབུས་དང་གཙང་ཞེས་ཆགས་པའི་དབུས་ལ་སྔོན་གྱི་ཡིག་རྙིང་རྣམས་སུ་དབུ་དང་གཙང་ལ་རྩང་ཞེས་བྲིས་བ་མང་།  གཙང་ཞེས་པའི་ཡི་གེ་འདི་ཡུལ་གྱི་མིང་ལ་སྤྱད་པའི་ཐོག་མ་ད་ལྟ་མཐོང་དུ་ཡོད་པ་ནི་དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པའི་ཡི་གེ་དེ་ཡིན་ལ།  རྡོ་རིང་ཡི་གེ་དེ་ནི་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་མྱང་ཏིང་འཛིན་བཟང་བོར་གནང་བའི་བཀའ་གཙིགས་གཉིས་ལས་ཕྱི་མ་དེ་ཡིན།  རྡོ་རིང་དེ་ནི་ཆུ་འབྲུག་སྤྱི་ལོ༨༢༡ལོར་བཙུགས།  དེ་ལས་གཙང་དང་ལ་སྟོད་ལ་སྩོགས་པ།   ཞེས་འབྱུང་ངོ་།།

མངའ་རིས་སྐོར་གསུམ་བྱ་བའི་མངའ་རིས་ནི་རྒྱལ་པོའི་ཆབ་འབངས་ཀྱི་མིང་སྟེ།  རྒྱལ་པོའི་མངའ་བདག་དང་འབངས་རིས་སུ་གྲགས་ཤིང་།  དེ་ཡང་ཕྱིས་ཆོས་རྒྱལ་གྱི་གདུང་རྒྱུད་མགོན་གསུམ་སོགས་ཀྱིས་ཡུལ་དེ་ཙམ་ཞིག་ལ་དབང་མཛད་པ་ན།  ཆབ་འབངས་ཀྱི་ཡུལ་དེ་ཁོ་ན་མངའ་རིས་ཞེས་ཟུར་དུ་བཏགས་པ་ཡིན་ནོ།།   ད་ལྟ་མངའ་རིས་ཞེས་གྲགས་པ་ནི་སྔོན་གྱི་བཙན་པོའི་དུས་སྐབས་སུ་ཞང་ཞུང་དང་གུ་གེ་སོགས་སུ་འབོད་པ་ཡིན་ལ།  ཕྱིས་བཙན་པོའི་གདུང་རྒྱུད་འཁྲུལ་མེད་འོད་སྲུང་གི་རྒྱུད་པ་རིག་པ་མགོན་དང་།  བཀྲ་ཤིས་མགོན།  ལྡེ་གཙུག་མགོན་སོགས་ཀྱིས་མར་ཡུལ་དང་།  སྤུ་རངས།  ཞང་ཞུང་སོགས་བཟུང་བས།  ཆབ་འབངས་སུ་གཏོགས་པ་དེ་ཙམ་ཁོ་ན་ལ་མངའ་རིས་ཞེས་པའི་སྤྱི་མིང་དེ་ཡུལ་བྱེ་བྲག་པ་ལ་ཟུར་དུ་བཏགས་པ་ཡིན་ནོ།།

ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ལ་ཁམས་ཞེས་གྲགས་ཤིང་།  ཁམས་ནི་ས་མཐའ་ལ་བྱས་པ་སྟེ།  མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟ་བུའོ།།  ཨ་མདོ་བྱ་བ་ནི་མདོ་བྱ་བའི་ཚིག་འདིའི་སྔོན་འཇུག་དག་པར་ཀློགས་པའི་དབང་གིས་ཨ་སྒྲ་ཞིག་སྔོན་ལ་རང་བཞིན་གྱིས་བྱུང་བ་ཡིན་ལ།  ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ན་བཙོང་ཁ་བདེ་ཁམས་སུ་གྲགས་ཤིང་།  ཨ་མདོ་བྱ་བ་ནི་ཨ་ཆེན་གངས་རྒྱབ་དང་མདོ་ལ་རིང་མོའི་རྒྱུད་ཀྱི་ཡུལ་སྤྱི་ལ་ཟེར།   སྔོན་གྱི་ཡིག་རྙིང་དག་ན་མདོ་སྨད་ཟེར་བ་ལས་ཨ་མདོ་ཟེར་བ་མེད་དོ།།   ད་ལྟའི་ཟི་ལིང་གི་མིང་ནི་ཟི་ན་རྒྱལ་པོའི་མཁར་ལས་ཐོགས་པ་ཡིན་ཟེར་བ་དང་།  ཟི་ནི་ཚུགས་བྱ་ར་བའམ་ཤོ་གམ་པའི་དོན་དང་།ལིང་ནི་ས་མཚམས་སྲུང་མཁན་དམག་མིའི་དོན་ཟེར་བའམ་ཡོད།   སྔོན་ཟི་ལིང་གི་ཡུལ་འདི་ལ་ཙོང་ཁ་བདེ་ཁམས་ཟེར་བ་ད་ལྟའི་ཕེན་ཨན་རྫོང་གི་མིང་ནི་བདེ་ཁམས་རྒྱ་ཡིག་ཏུ་བསྒྱུར་བར་ཟད་ཅིང་།  ཟི་ལིང་དང་ཕེན་ཨན།  སྟོང་སྐོར།  ལུང་མདོ།  བ་དན་སོགས་ལུང་བ་གཅིག་ཏུ་ཡོད་པའི་ཕྱོགས་ལ་ཙོང་ཁའམ་བཙོང་ཁ་དང་གཙོང་ཁ་ཆེན་མོར་འབོད་པ་ཡིན།  འགོས་ལོའི་དེབ་སྔོན་དུ་བླ་ཆེན་པོ་ཡང་ཙོང་ཁ་བདེ་ཁམས་སུ་འཁྲུངས་ཞེས་འབྱུང་བས།  བླ་ཆེན་དེ་རྗེ་བཙུན་ཙོང་ཁ་ཆེན་པོ་ལ་ཟེར་བར་འདུག་གོ།།

རྒྱལ་ཁམས་ཟེར་བ་ནི་རྒྱལ་པོ་གཅིག་གིས་དབང་བྱེད་པའི་མཐའ་དབུས་ཀྱི་ཡུལ་གྲུ་སྤྱིའི་མིང་ཡིན་ལ།  བོད་ཀྱི་རྒྱལ་ཁམས་དང་རྒྱའི་རྒྱལ་ཁམས་ཟེར་བ་སྔོན་གྱི་རྒྱལ་རབས་རྙིང་པ་ཏུན་ཧོང་གཏེར་ཡིག་སོགས་ན་ཡོད་ཟེར།   ཨ་མདོའི་རིགས་ཕལ་ཆེར་ཟེར་བའི་དོན་ནི་ཨ་མདོ་བ་རྣམས་བོད་གཅིག་པུ་ནས་བྱུང་བ་ཡང་མིན་ཏེ།  ཏུ་རུ་ཀ་དང་མི་ཉག་དང་ཧོར་ལ་སོགས་པའི་ཡུལ་ཕྲན་བོད་ཀྱི་འབངས་སུ་ཚུད་པ་ལས་ཀྱང་བྱུང་།  དེས་ན་ཏུ་རུ་ཀའི་ཡུལ་རྩ་བ་ནི་རྒྱ་གར་ནུབ་བྱང་ངོས་སུ་ཡོད་ལ།  དེ་ལས་ལི་ཡུལ་དུ་མཆེད་ཅིང་།  ལིའི་ཤར་མཐའ་མཚོ་སྔོན་གྱི་བྱང་དང་འབྲེལ་བས་རིགས་དེ་ལྟར་མཆེད་པ་ཡིན་ནོ།།

སྔོན་བོད་ཀྱི་དམག་རྣམས་སྦྲ་ཕུབ་ནས་འགྲོ་བ་ནི།  རྒྱལ་པོ་བཀའི་ཐང་ཡིག་ཏུ།  བྱང་ཕྱོགས་གེ་སར་ཡུལ་གྲུ་བཞུགས་པ་ཡང་།།  བར་དུ་བཀའ་འཁོན་བྱུང་ནས་བདོ་བ་ལ།།  སྲིན་པོ་གདོང་དམར་བོད་ཀྱི་དམག་གཡོས་ནས།།   གྲུ་གུ་ཡུལ་གྱི་ཨོང་དུ་མན་ཆད་དུ།།  བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི།།  ཡུལ་བརླག་མི་རྣམས་མོན་གྱི་ས་རུ་བསྐྱལ།།  ཁྱིམ་མཁར་མོན་གྱི་ས་ལ་གཏོར་ནས་ཀྱང་།།  ཡུལ་དུ་མི་ངན་བསྟེན་པ་སུན་ཕྱུང་སྟེ།།  སྤ་བཀོང་དེད་དཔོན་ཡུལ་མཁར་འཚོ་བར་བཞག།   གྲུ་གུ་གེ་སར་བོད་ཀྱི་བྲན་དུ་བྱས།།ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་མུ་ཏིག་བཙན་པོ་ཡབ་སྲས་ཀྱི་རིང་ཡིན་འདུག་གོ།    རྒྱ་ནག་ལ་རུ་བསྐྱོད་དམག་དཔུང་བྱ་བ་སྟེ་དོན་ལ་གུར་བརྒྱབ་ནས་སྡོད་པའི་སྲོལ་ནི་ཁྲི་སྲོང་ལྡེ་བཙན་རྒྱལ་སར་བཞུགས་པའི་ལོ་ལ་གསར་དུ་བྱུང་ངོ་།།

ཁྲིན་དུ་གྲོང་ཁྱེར་ནི་དྲི་ལྡན་ཞེས་པའི་སྒྲ་ལས་འགྱུར་བ་དང་།ཁུན་མིན་ནི་ཁངས་མེད་ཀྱི་སྒྲ་ལས་འགྱུར་བ།  སི་ཁྲོན་ཁྲུང་ཆིན་ནི་ཁྲོམ་ཆེན་པོའི་སྒྲ་ལས་འགྱུར་བ་སོགས་བདེན་ན་ནི།  དེ་ཀུན་ཀྱང་སྔར་ཐང་གི་དུས་སུ་བོད་ཀྱི་ལག་ཏུ་ཤོར་བའི་གྲོང་ཁྱེར་ཡིན་ངེས་སོ།།       མངོན་བརྗོད་ཀྱི་མིང་ནི་ས་པཎ་ཡན་ལ་ཤིན་ཏུ་ཉུང་ཞིང་།  ཕྱིས་ནས་སྔོན་གྱི་བརྡ་རྣམས་ལས་ཀྱང་སྤྱོད་པ་ཆེར་གྱུར་ལ།  གཙོ་བོ་ནི་སྙན་ངག་གི་རང་བཞིན་དུ་གྱུར་བའི་ཆབ་ཤོག་སོགས་ན་རྒྱུན་པར་སྤྱོད་དོ།།༼རྒྱལ་པོའི་མིང་ལ་ཐོག་མར་ལྷ་དང་ལྷ་སྲས་ཞེས་འབོད་པ་དེ་བོད་དང་ཞང་ཞུང་།  རྒྱ་གར།  རྒྱ་ནག་སོགས་དང་འདྲའོ།།  ༽

བློན་ཆེན་དང་ཕྱི་བློན་ནང་བློན་བྱ་བ་དག་ཀྱང་སྔོན་གྱི་ཐ་སྙད་ཡིན་ཞིང་།  བློན་ཆེན་ནི་བཀའ་ཆེན་པོ་ལ་གཏོགས་ཏེ་ཕྱི་ནང་གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ་དཔལ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་ལྟ་བུ་ཡིན་ལ།  གཅིག་མ་ཡིན་པར་དུ་མ་ཡོད་དེ།  དབོན་ཞང་རྡོ་རིང་ལ་བློན་ཆེན་པོ་དགུའི་མིང་བྱང་འདུག་གོ།   ཕྱི་བློན་ནི་ཕྱིའི་དགྲ་ལ་སོ་བྱེད་པ་དང་ཕྱི་ནས་བློན་ཁམས་ལ་དབང་དུ་བྱེད་པའི་བློན་པོ་སྟེ།  ཕྱི་བློན་བཀའ་ལ་གཏོགས་པ་ཅོག་རོ་བློན་བཙན་བཞེར་ལྷ་གོང་།  ཞེས་བྱུང་།  ཁྲི་སྲོང་གི་བློན་སྟག་སྒྲ་ཀླུ་ཁོང་ནི་ནང་བློན་ཆེན་པོ་དང་བཀའ་ཡོ་འགལ་འཆོས་པ་ཆེན་པོ་གཉིས་ཀ་ལ་གཏོགས་པ་རྡོ་རིང་ལ་གསལ་ལོ།།

ཞང་བློན་ནི་རྒྱལ་པོའི་བཙུན་མོའི་རིགས་ལས་བྱུང་བའི་བློན་པོ་ཡིན་ལ།  སྲོང་བཙན་ནས་ཁྲི་རལ་བར་ཞང་བློན་གྱི་མིང་ཐོགས་པ་དུ་མ་ཞིག་ཡོད་པ་བཀའ་གཙིགས་དང་རྡོ་རིང་གི་ཡི་གེ་སོགས་ན་གསལ་ཞིང་།  ཁྲི་སྲོང་ལྡེ་བཙན་ནས་ཁྲི་རལ་གྱི་བར་དུ་ཞང་བློན་ཆེན་པོ་དགུ་བྱ་བ་ཡང་བྱུང་མྱོང་།  ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཞང་བློན་སྣ་ཆེན་རིགས་བཟང༼ཡར་ཀླུངས་པ༽ཞེས་པ་བློན་པོ་གཙོ་བོ་ཞིག་ཡིན་པར་བཀའ་ཐང་དང་དེབ་དམར་གསར་མ་སོགས་ན་བཤད།སྟོང་དཔོན་ཁྲི་དཔོན་སོགས་ནི་སིལ་བུའི་དུས་ཀྱི་བརྡ་ཡིན་ནོ།།  རྡོ་རིང་ལ་ལི་ཡུལ་མཐོང་ཁྱབ་ཏུ་སོ་བློན་སྡེ་ལྔ་བྱ་བ་བཞག་ཅེས་འབྱུང་།འོ་ན་ཞེས་པ་འོ་དེ་ན་ཞེས་པ་བསྡུས་ཟེར།  ཆས་ནི་ཆ་ལུགས་བསྡུས་པ་ཡིན་གསུངས་སོ།།

གནམ་རི་སྲོང་བཙན་གྱི་ཡན་ཆོད་དུ་རང་རེའི་ཡུལ་འདིར་རྒྱལ་ཁབ་གཞན་གྱི་ཚོང་འགྲུལ་སོགས་ཀྱང་ཆེར་མེད་པར་ངེས་ལ།  བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་འགར་སྟོང་བཙན་རྒྱའི་གོང་མ་ཐང་ཐེ་ཙུང་གི་ཙུང་གི་སྲས་མོ་སློང་བར་སོང་སྐབས་རྒྱའི་ཕོ་བྲང་གི་རི་མོ་ཡན་ལི་འབེན་གྱིས༦༥༠ལོར་བྲིས་པའི་བློན་ཆེན་མགར་གྱི་གཟུགས་རིས་ད་ལྟ་པེ་ཅིན་གོང་མའི་ཕོ་བྲང་དུ་ཉར་ཚགས་བྱས་ཡོད་སྐད།  ལྭ་བའི་སྟེང་མཛེས་སྡུག་གི་སྰ་ཧྲན Sassanian གྱི་རི་མོ་དང་བྱེའུ་དང་སྲོག་ཆགས་གཞན་དག་གིས་ཀྱང་རྒྱན་ཡོད་པའི་ཁྱད་ཆོས་མངོན་གསལ་ཅན་དེས་བོད་མིའི་རྒྱན་གོས་ལ་ཏ་ཟིག་པའི་ཆ་བྱད་ཀྱི་ཆ་མཚུངས་ཁྱད་ཆོས་ལྡན་ཡོད༼བོད་ལྗོངས་ཞིབ་འཇུག༡༩༨༢དེབ༣པའི་ཤོག་གྲངས་༣༡ལས༽པ་ཤེས་ཐུབ་པས་བཙན་སྐབས་ནས་ཏ་ཟིག་སྟེTaziks དེང་གི་Lranདང་བོད་བར་འབྲེལ་བ་དམ་ཟམ་ཡོད་པ་རྟོགས།

ཏ་ཟིག་གི་ཡུལ་དུ་ནང་པའི་བསྟན་པ་དར་ཟེར་བ་ནི་ནང་པའི་བསྟན་པ་རྒྱ་ནག་ལ་ཐོག་མར་མཆེད་པའི་ཁུངས་ཏ་ཟིག་ལ་གཏོགས་པའི་ཞེས་པ་དེ་ཡིན་པས།ཡུལ་འདིར་ནང་པའི་བསྟན་པ་དར་བའི་དུས་ཀྱང་ཤིན་ཏུ་སྔ།  ཤེས་རིག་ལག་རྩལ་གྱི་ཆ་ལ་འགྲན་ཟླ་དང་བྲལ་གཤིས་སྟག་གཟིག་ནོར་གྱི་རྒྱལ་པོ་ཞེས་ཀྱང་གྲགས་པ་ཡིན།  བོད་ཡིག་གི་དཔེ་ལ་ཏ་ཟིག་དང་།  ཏ་སྰིག  སྟག་གཟིག  ཏ་ཆིག   ཏག་ཆིག  ཏ་ཞིག  ར་ཞིག  པར་ཟིག  པར་སིག   པར་སིལ།  སྟག་གཟིག་པར་པར་སིལ་སིལ།  ཞེས་འབྲི་ཚུལ་མི་འདྲ་བ་དུ་མ་ཡོད།   དབྱི་ལང་གི་དོན་ནི་ཕྱུག་པོ་ཞེས་པའི་དོན་དུ་འདུག་པས་སྟག་གཟིག་ནོར་གྱི་རྒྱལ་པོ་ཟེར་བ་ཡང་དོན་དེ་ཡིན་ནོ།།

རྒྱལ་པོའི་བཀའ་འབུམ་ནི་མ་ཎི་བཀའ་འབུམ་ཡིན་ལ།མ་ཎི་བཀའ་འབུམ་ནི་ཆོས་རྒྱལ་སྲོང་བཙན་གྱི་གསུང་ཡིན་པར་སྔོན་བྱོན་མཁས་པ་ཕལ་མོ་ཆེས་བཞེས་ཀྱང་བྲག་སྒོ་རབ་འབྱམས་པས་གུ་རུ་ཆོས་དབང་གིས་བརྩམས་པར་བསྙད་བཏགས་པ་ཡིན་ཟེར་ཞིང་།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་ཀྱང་ཕལ་ཆེར་དེ་ལྟར་རོ།།  དཔའ་དར་ནི་དཔའ་བོའམ་དམག་དཔོན་བྱས་རྗེས་ཅན་ལ་གནང་བའི་དར་གོ།  །

ཁྱུང་འབྲུག་གཉིས་ཀྱི་གནམ་ལ་འཕུར་དགུའི་ནང་གི་ཆེས་གཉན་པ་དང་བཙན་པ་མཚོན།  སེང་སྟག་གཉིས་ཀྱིས་ས་ལ་རྒྱུ་དགུའི་ནང་ནས་ཆེས་བཙན་པ་མཚོན་པ་དང་།  རྟ་མཆོག་དཀྱིལ་ལ་ཡོད་པས་སྔོན་གྱི་སྟོང་སྡེའི་དམག་དཔུང་མཚོན་པ་སོགས་རིགས་པས་དཔྱད་པ་མང་དུ་འགྲོ་བ་ཡོད།  ཁྱུང་གི་གཟུགས་ནི་སྔོན་བོད་མི་རྣམས་ཀྱིས་གྱད་མི་དང་ལྷན་དུ་བྲིས་པ་སྟོད་མངའ་རིས་སུ་མཇལ་དུ་ཡོད་པ་ལོ་ངོ་ཁྲི་བཞིའམ་ལྔའི་གོང་གི་རི་མོ་ལ་ཡོད་ཚུལ་གསལ་བས   (འབྲུག་སྤྲིན་གྱི་ནང་ན་འགྲོ་ཚུལ་འདི་ཡང་རྒྱ་དཀར་ནག་གང་ལའང་མེད་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་སྒྲོས་ཡིན)།  སྟག་སེང་ཁྱུང་འབྲུག་ནི་སྟོབས་ཤུགས་ཟད་དུ་མེད་པ་ཞིག་ལ་འཛིན་པའི་བག་ཆགས་དེ་གོང་སྔ་མོ་ཞིག་ནས་བོད་ལ་ཡོད་ཅིང་།  ཕྱིས་དེ་ལ་ཆོས་ལུགས་ཀྱི་བཤད་པས་རྒྱན་སྤྲོས་ནས་སེང་གེས་ཆུ་དང་།  ཁྱུང་གིས་མེ།  སྟག་གིས་རླུང་།   འབྲུག་གིས་ནམ་མཁའ།  རྟ་མཆོག་གིས་ས་སྟེ་འབྱུང་བ་ལྔ་མཚོན་བའོ།།

—–