རྩོམ་པ་པོ་ཀྲུང་མཱ་གཞོན་པས་བརྩམས།

      ཨོ་རྒྱན་རྡོ་རྗེས་བསྒྱུར།

 

འགྲོ་བ་མི་ཞེས་པའི་མཚན་ཉིད་ཅིག་ལྡན་རུང་དོན་ངོ་མའི་ལྷད་མེད་དྭངས་གཙང་གི་བརྩེ་དུང་ཞིག་ལ་གདམ་ཀ་བྱེད་དབང་མེད་པའི་བུ་མོ་མཱ་ཀེ་ལི་ཐེའི་མ་རྩ་རིང་ལུགས་ཀྱི་བསམ་བློ་རྙིང་རུལ་བསླད་འོག་ནས་མྱངས་བའི་མི་ཚེ་སྐྱོ་གར་རིང་ལུགས་འདི་བཀླགས་རྗེས་ངའི་སེམས་ལ་ཡང་བརྗོད་མི་ཤེས་པའི་འཚོ་བ་སྐྱུར་མོ་ཞིག་དང་ན་ཟུག་ཅིག་གིས་འཁུམས།

སྒྲུང་གཏམ་འདི་ལས་ངེས་ཐོབ་དང་གོ་ས་ལ་བརྟེན་ནས་ལང་ཚོ་དར་ལ་འབབ་པའི་བུད་མེད་དག་གི་མི་ཚེ་ལ་ལག་རྩེད་རྩེད་བཞིན་མི་གཤིས་ལ་རྡོག་རུལ་གཏང་བ་དང་འདྲ་མཉམ་རྒྱབ་ཏུ་སྐྱུར་ཞིང་བརྩེ་དུང་ལ་གཏོར་བཤིག་གཏོང་བའི་རྫུན་བཟོ་དང་སྡུག་རྩུབ་ཀྱི་ཀུན་སྤྱོད་ལྡན་པའི་སྐུ་དྲག་དག་ལ་སྡང་སེམས་ཆེན་པོ་སྐྱེས་བྱུང་ལ་ཁོང་ཚོ་ནི་མི་ཞེས་པའི་མཚན་ཉིད་ཐོབ་ཡོད་རུང་དོན་ངོ་མ་དུད་འགྲོ་སེམས་ཅན་ལས་ཀྱང་ཀླ་ཀློ་དང་སྡུག་རྩུབ་ཆེ་བའི་སྤྱོད་པ་དག་ལ་ལྷག་ཏུ་ཁྲོ།

སྒྲུང་གཏམ་དེའི་ནང་གཙོ་བོ་ནི་བུ་མོ་མཱ་ཀེ་ལི་ཐེ་དང་ཧར་མ་གཉིས་ཀྱི་དྭངས་ཤིང་གཙང་ལ་མཛེས་སྡུག་ཡིད་དབང་འཕྲོག་པའི་ལས་དབང་གི་ཁུག་གསོ་ཞིག་ནས་ལྷད་མེད་བརྩེ་དུང་གི་གེགས་དང་བར་ཆད་དག་ཞིབ་བརྗོད་བྱེད་པའི་སྒྲུང་གཏམ་ཞིག་རེད་འདུག གས་ཆག་ཀྱི་ལས་དབང་འདི་ལ་མྱོང་རོལ་བྱེད་རྗེས་སླར་ཡང་རང་ངོས་ཀྱི་འཚོ་བ་ལ་བསམ་གཞིག་མ་བྱེད་ཀ་མེད་བྱུང་ལ་དེ་བའི་བུད་མེད་དག་གི་ལས་དབང་སྐྱུར་མོ་དེ་འདྲ་ཞིག་རང་གི་རྣ་བའི་ལམ་དུ་ནམ་ཡང་མ་ཐོས་ན་བསམ།

རྣམ་དཀར་དགེ་བའི་ལས་ལ་གོ་ལྡོག་ལོག་ནས་རང་གཅེས་ཀྱི་འདུ་ཤེས་དབུལ་ཞིང་གཞན་བརྟེན་ལ་དགའ་བའི་བུད་མེད་དག་གི་ལས་དབང་དག་ལ་ཡིད་རེ་དུངས།    ད་དུང་ཁོང་ཚོས་ཁ་རྒྱུན་ལ་ནམ་ཞིག་སྐྱེས་པ་འཇོན་ཐང་ཅན་ཞིག་གི་མནའ་མ་འགྲོ་རྒྱུ་བྱུང་ན་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཐོབ་ངེས་ཟེར།     རང་གི་མཛེས་ཉམས་ལ་བརྟེན་ནས་འཇོན་ནུས་ཅན་གྱི་སྐྱེས་པ་ཞིག་གི་ཆུང་མ་བྱེད་རྒྱུ་ནི་བུད་མེད་ཕལ་ཆེ་བ་ཞིག་གི་ཕུགས་འདུན་དུ་འགྱུར་ཟིན།    སྐབས་དེར་ངའི་རྩོམ་པ་པོ་ཚེ་རིང་སྐྱིད་ལགས་ཀྱིས་བརྩམས་གནང་བའི་《ལྷམ་ཡ་གཅིག》ཅེས་པའི་བརྩམས་ཆོས་ནང་གི་མི་སྣ་དབང་མོ་མཚོས་རྒྱུ་ནོར་ནི་བདེ་སྐྱིད་དུ་འཛིན་ནས་བྱ་སྤྱོད་སྐྱུག་བྲོ་བ་རེ་རེ་བཀོད་ཡོད་པ་དག་ཡིད་ལ་ཝ་ལེར་འཆར།

འོན་ཀྱང་སྡུག་རྩུབ་ཆེ་བའི་དོན་དངོས་ཀྱི་འཚོ་བ་ནི་དེ་འདྲ་ཞིག་ག་ལ་ཡིན།    རྒྱན་སྤྲོད་ལ་སྤྲོ་ཞིང་རང་ཁ་རང་གསོའི་ནུས་པ་གང་ཡང་མེད་པའི་བུད་མེད་དག་གི་ལས་དབང་ནི་སྨད་ཚོང་མའི་ལས་ལས་གཞན་ཅི།

སྒྲུང་གཏམ་འདི་ལས་ངས་ང་ཚོའི་བོད་པའི་བུད་མེད་ཀྱི་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བརྩམས་གནང་བའི་《མེ་ཏོག་དང་རྨི་ལམ》ཞེས་པའི་ནང་གི་བུད་མེད་དག་གི་ལས་དབང་སྐྱུར་མོ་དག་ཡིད་ལ་འཁོར་བྱུང་།    དེ་ལས་ཕྱིའི་རྣམ་པ་ལ་དག་སྣང་ཆེ་ཞིང་གཏམ་འདོད་དང་ངོ་དགའ་ལ་དགའ་བའི་ང་ཚོ་བོད་ཀྱི་བུད་མེད་དག་གིས་རང་ལ་བརྟེན་ནས་འཚོ་བ་རོལ་རྒྱུ་ལས་ནུས་མེད་སྲིན་འབུ་ལྟ་བུའི་ལས་དབང་ལ་ཕྱོགས་ཚེ་ང་ཚོའི་ལས་དབང་ཡང་ཉམས་ང་བ་ཞིག་ལས་གང་།

ཡང་འདང་རེ་རྒྱབ་ན་འདས་ཟིན་པའི་ལོ་རྒྱུས་ཀྱི་རྐང་ལམ་ཁྲོད་དུ་བོད་མོ་ཚོས་འོད་སྟོང་འབར་བའི་རྐང་རྗེས་བཞག་མྱོང་ལ་ལན་ཚ་བསྐ་གསུམ་གྱི་དཀའ་སྡུག་ལོ་ཟླ་ཡང་སྐྱེལ་མྱོང་འདུག  དེའི་ཐོག་ནས་ལོ་རྒྱུས་སམ་ཕྱིན་ཟིན་པའི་ལམ་གྱི་གྲུ་ཁ་རེ་རེ་ནས་བོད་མོ་ཚོས་རང་ལ་དབང་བའི་ལམ་ཞིག་གཏོད་འདུག་བསམ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བུད་མེད་ཚོའི་གནས་བབས་ལ་ཡང་འགྱུར་གྱིན་པ་མཐོང་གསལ་རེད། དེ་སྔོན་ངས་བུད་མེད་ཚོའི་ཐོབ་ཐང་དང་བདེ་ཐང་སྐོར་གྱི་དཔེ་དེབ་འགའ་བཀླགས་མྱོང་། མ་ཟད་སྙིང་གཟེར་བའི་འདས་སོང་གི་བུད་མེད་ལས་དབང་ལ་ཞེ་མཐུན་པའི་ཡ་ང་སྐྱེས་མྱོང་།   ངའི་བློ་བབས་ཤིག་ནི་མཁས་པ་ཕོ་མོ་མང་པོའི་ཕྱོགས་ལྷུང་དང་བྲལ་བའི་ལྟ་ཚུལ་རེ་རེའི་གསེབ་ནས། བོད་མོ་ཚོས་རང་ཉིད་ལ་ངོས་འཛིན་གསལ་པོ་ཞིག་བྱུང་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ།  དེང་སྐབས་ང་ཚོའི་ཁོར་ཡུག་ན་བུད་མེད་ཀྱི་ཐོབ་ཐང་གླེང་དང་གླེང་བཞིན་པ་ཞིག་རེད་ལ།  བུད་མེད་ཀྱི་རྩོམ་པ་པོ་ཡང་གང་མང་འདོན་བཞིན་འདུག དེ་ངོ་མ་དགའ་འོས་པ་ཞིག་རེད།  ཡིན་ནའང་། བོད་མོ་ཚོས་ཁ་ནས་ཐོབ་ཐང་གླེང་ན་ཡང་དོན་དངོས་ང་ཚོའི་ཐོབ་ཐང་ལ་ངོས་མི་ཟིན་མཁན་མང་། དེས་ན་ང་ཚོས་ཡོད་ཚད་ཀྱི་གཞི་རུ་འགྱུར་བའི་བདེ་ཐང་དང་རང་གཅེས་ཀྱི་བསམ་པ་ལྡན་པ་བྱས་ནས། རང་དང་འཚམ་པའི་གནས་བབས་ཤིག་ནས་རང་ལ་དབང་བའམ་རང་ལ་འོས་སུ་རུང་བའི་ཐོབ་ཐང་ལ་བརྩོན་ན་བཟང་ངེས་བསམ། ཕོ་མོ་འདྲ་མཉམ་ཡིན་མིན་ནི་བྱ་སྤྱོད་དང་མཉམ་འགྲོ་མཉམ་འདུག   རྐུབ་སྟེགས་མཐོ་དམན་ཙམ་མ་ཡིན་པར་དེ་ནི་དུས་ཚོད་འདྲ་མཉམ་དང་སློབ་གསོ་འདྲ་མཉམ་དེ་ཡིན་ངེས།

གང་ལྟར་བུད་མེད་ཚོས་སྐྱུག་བྲོ་བའི་ལས་ལ་མ་འཇུག་པར་ནམ་ཡང་གཞན་གྱི་འཁང་ར་དང་འཕྱ་དམོད་ཟུར་ཟའི་གནས་སུ་མ་ལྷུང་བར་རང་གཅེས་དང་དཔེ་ཀློག་གི་ཁྲོད་ནས་རང་ཉིད་ཀྱི་མགོན་རང་ཉིད་འགྱུར་བ་བྱེད་དགོས་སོ་སྙམ།

 ལྷ་སྲས་སྒྲོལ་མ།   ༢༠༢༠་༣་༢༢