ནད།
                       དུར་ཁྲག     མགོ་ལོག
ཁྱེད་ཀྱི་ལག་པའི་ནང་གི་རི་ར་བ་ཁང་ཁྱིམ་དང་བཅས་པ
ནད་དུག་ཕོག་འདུག
འོན་ཀྱང་ནམ་མཁའ་གཅིག་པུ་དྭངས་ཤིང་གཙང
དེ་བས་ཉི་ཟླ་གཉིས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཆོག་པ་རེད
                                                  2020/2/1/ཉིན་བྲིས།
[ཕྲན་དཔྱད/ བཙན་མིག  (མགོ་ལོག)]
ང་ལ་མཚོན་ན་ཁྱེད་ཀྱི་སྙན་ངག་དག་ལས་འདི་ནི་ཆེས་ཐེངས་མང་བཀླགས་མྱོང་བའི་སྙན་ངག་ཅིག་ཡིན། སྙན་ངག་འདིའི་འབྲི་ལུགས་ནི་ལོ་རབས་བརྒྱད་ཅུའི་རྗེས་སུ་དར་བའི་རང་མོས་སྙན་ངག་ཟེར་བ་དེ་ཡིན།
འབྲི་ལུགས་འདི་བོད་ཀྱི་རྩོམ་སྟེགས་སུ་བསླེབས་ནས་དུས་ཡུན་རིང་བོར་ཕྱིན་མེད་ཀྱང་འབྲི་མཁན་གྱི་གྲངས་ཚད་མང་དུ་ཕྱིན་པར་མ་ཟད། དེ་བས་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད་སྲིད།  ཁྱེད་ལ་མཚོན་ན་ཡང་རང་མོས་སྙན་ངག་ལ་འཇུས་ཏེ་ལོ་ངོ་ཁ་ཤས་ཕྱིན་འདུག དེ་བས་དེའི་ཕྱོགས་ཀྱི་སློབ་སྦྱོང་ཡང་མི་དམན་པ་ཞིག་བླངས་ཡོད་སྲིད།  ངས་ནམ་རྒྱུན་ཁྱེད་ཀྱི་སྙན་ངག་མང་ཆེ་བ་ཀློག་བཞིན་ཡོད། དེ་དག་ལས་དམིགས་བསལ་གྱིས་  ནད་  ཅེས་པའི་སྙན་ངག་འདི་ནི་བསམ་བློའི་རྒྱགས་ཕྱེ་དང་སྒྱུ་རྩལ་གྱི་བློས་བསླངས་སོགས་གང་གི་ཐད་ནས་ཡང་སྔོན་དང་མི་འདྲ་བར་ཡར་རྒྱས་ཡོད་པ་ཤེས་ཐུབ།  སྙན་ངག་པ་ཞིག་ལ་མཚོན་ན་རང་ལ་ཐུན་མོང་མ་ཡིན་པའི་སྙན་ངག་གི་གཤིས་ཀ་རེ་ཡོད།  དེ་ནི་ཡིད་བརྙན་འགོད་སྟངས་དང་བསྡུས་བརྗོད། དཔེ་གཟུགས་སོགས་ཀྱི་ལམ་ནས་སྟོན་གྱིན་ཡོད།  དེ་བས་ཁྱོད་ལ་ཡང་རང་ཉིད་ལ་དབང་བའི་སྙན་ངག་གི་གཤིས་ཤིག་དགོས།
“ཁྱེད་ཀྱི་ལག་པའི་ནང་གི་རི་ར་བ་ཁང་ཁྱིམ་དང་བཅས་པ” “ནད་དུག་ཕོག་འདུག “  ཅེས་པའི་སྙན་ངག་འདིའི་འགོ་འཛིན་ལུགས་ནི་ཆེས་འཇིགས་སུ་རུང་བ་ཞིག་རེད།རེད་དེ་གློ་བུར་དུ་སྐྱོ་ནས་ངུ་རུ་འཇུག་ཐུབ་པ་དང་གློ་བུར་དུ་དགའ་ནས་དགོད་དུ་འཇུག་ཐུབ་པ་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་བླ་ན་མེད་པའི་ཁྱད་ཆོས་རེད་སྙམ། སྙན་ངག་འདིའི་མགོ་བཟུང་བ་དང་མཉམ་དུ་ང་ཚོ་ལ་འཇིགས་སྐྲག་དང་སྐྱོ་སྣང་མིག་མདུན་གྱི་འཚོ་བ་ལ་ཡང་རེ་ཆད་གནང་འདུག  “འོན་ཀྱང་ནམ་མཁའ་གཅིག་པུ་དྭངས་ཤིང་གཙང” ཞེས་པའི་ཚན་པ་འདིས་ང་ཚོར་སླར་ཡང་དབུགས་ཐེངས་གཅིག་མངགས་རྒྱུའི་གོ་སྐབས་སྤྲད་འདུག་པར་མ་ཟད་སེམས་ཁོང་གི་ཉི་ཟླ་གཉིས་ཡང་བདེ་འཚམས་ཡིན་པ་བསྟན་ཡོད།
“དེ་བས་ཉི་ཟླ་གཉིས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཆོག་པ་རེད” ཅེས་པའི་མཇུག་བསྡུ་སྟངས་འདིས་ང་ཚོ་དང་ཆེས་བར་ཐག་ཉེ་བའི་ཉི་ཟླ་གཉིས་བདེ་འཇགས་སུ་གནས་ཡོད་པར་མ་ཟད་དེ་དང་བར་ཐག་ཆེས་ཉེ་བའི་གངས་རི་དང་གངས་སེང་ཡང་བདེ་འཚམས་ཡིན་པ་བསྟན་ཡོད། སྙན་ངག་འདི་ནི་ཆེས་སྤྱིར་བཏང་གི་ཐ་སྙད་དཀྱུས་མ་འགས་གྲུབ་པ་ཞིག་རེད།  ཡིན་ནའང་། སྙན་ངག་འདིས་ཆེས་སྤྱིར་བཏང་མ་ཡིན་པ་ཞིག་བརྗོད་འདུག་པར་སྙམ།
མཇུག་ཏུ་ཞུ་རྒྱུར།
གུས་པོས་སྙན་ངག་དི་བཀླགས་པའི་ཚོར་བ་ཉི་ཚེ་བ་ཞིག་གཞིར་བཟུང་སྟེ་བྲིས་པ་ཡིན། ཁོ་བོར་མཚོན་ན་རྩོམ་རིག་གི་སློབ་སྦྱོང་དང་བློ་སྦྱོང་གང་གི་ཐད་ནས་ཡང་དམན་པས་འདིར་དཔྱད་པའི་སྟོབས་མེད་ཀྱང་གྲོགས་པོར་ལོ་སྔོན་མ་ནས་གཡར་དམ་བྱས་ཡོད་པས་མ་བྲིས་ཁ་མེད་དུ་གྱུར། མཐར་ཀློག་པ་པོ་དང་སྒོས་སུ་སྙན་ངག་པ་དུར་ཁྲག་ལགས་ལ་ཁོ་བོས་འདིར་ཉེས་བཤད་བྱས་ཡོད་ན་གུ་ཡངས་གནང་རྒྱུ་མཁྱེན་མཁྱེན་ཞུ།