དུས་ཐུང་དུ་སྐྱེས་བུ་དམ་པ་དགུ་བཅུ་ལྷག་གི་མི་ཚེར་ལྗོངས་རྒྱུར་བྱིན་པའི་
བསམ་བློའི་བླང་བྱ་ཟབ་མོ།

___<<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་>>ལ་མཇལ་བ།
ལྷ་རྒྱལ་འོད། (མཚོ་ལྷོ)

གླེང་གཞི།

གཞུང་འདི་ལྟ་བུ་ཞིག་ལ་མཇལ་ཟེར་བ་ལས་བཀླགས་ཞེས་པའི་འདས་ཚིག་ངས་སྦྱར་བར་མི་ཕོད་དེ་ཐོས་དམན་ང་ལྟ་བུ་ཞིག་གིས་གཞུང་ཆེན་འདི་ཉིད་བཀླགས་ཞེས་པའི་འདས་ཚིག་དེ་ངའོ་སྙམ་པའི་སྒོ་ནས་སྦྱར་བ་ནི་ཤིན་ཏུ་མི་རིགས་ཕྱིར་དཔྲལ་བ་གཏུགས་ཏེ་མཇལ་ཟེར་བ་ཁོ་ན་ཙམ་ཡིན་ནོ། ། ཡིན་ནའང་གཞུང་འདི་ཉིད་ལ་ཐོད་པ་གཏུགས་ཏེ་མཇལ་བ་ཁོ་ནའང་ཚོགས་བསགས་མེད་པའི་མི་ཞིག་ལ་མཚོན་ན་ཧ་ཅང་དཀའ་བར་སེམས། དེ་ལས་ཀྱང་རང་གི་ནུས་ཚོད་ཀྱིས་ཟིན་བྲིས་འདེབས་རྒྱུའང་ལས་སླ་མོ་ཞིག་མ་ཡིན་ནོ། ། རྒྱུ་མཚན་ནི་ཡུལ་གངས་རིའི་ཞིང་ཁམས་འདི་ལ་སངས་རྒྱས་བསྟན་པ་དར་འཕེལ་བྱུང་བའི་ལོ་ངོ་སྟོང་ཕྲག་ལྷག་གི་དུས་ཡུན་ནང་བོད་ལ་ཡང་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མཐའ་ཡས་པ་ཞིག་གི་རྨད་དུ་བྱུང་བའི་རྣམ་ཐར་ཡོད་པ་དང་དེ་ལ་དུས་སྙིགས་མ་ལྔ་བདོ་བའི་དུས་འདིར་དེང་སྐབས་ཀྱི་མི་ཞིག་ལ་མཚོན་ན་སྐྱེས་ཆེན་དམ་པ་བརྒྱ་སྟོང་མ་དགོས་སྐྱེས་བུ་དམ་པ་གཅིག་གི་རྣམ་ཐར་གྱི་ཞལ་ཁ་དབྱེ་རྒྱུ་ཡང་ཉིན་མོའི་སྐར་མ་ལྟར་སྣང་ཚོད་གདའ་བས་དུག་གསུམ་ཉོན་མོངས་ཀྱིས་བཅིངས་པའི་ཐོས་དམན་པ་ང་ལྟ་བུ་ཞིག་གིས་རྣམ་ཐར་འདི་ལྟ་བུ་ཞིག་ལ་མཇལ་ཏེ་ཞིབ་མོའི་སྒོ་ནས་སྨྱུ་གུ་ལག་ཏུ་བཟུང་སྟེ་དྲན་གསོའི་ཚུལ་དུ་ཟིན་བྲིས་གྲ་དག་ཅིག་གདབ་རྒྱུ་ཡང་དཀའ་ཚོད་འདུག་གོ། ། ཡིན་ནའང་རང་གི་ནུས་ཚོད་ཀྱིས་གཞུང་འདི་ལ་ཐ་ན་རྟེན་འབྲེལ་ཙམ་འཇོག་པའི་ཕྱིར་ཏུ་མི་ཤེས་ས་ནས་ཡང་དང་ཡང་དུ་བཀླགས་ཤིང་ཚིག་མཛོད་སོགས་ལག་ཏུ་བླངས་པའང་གྲངས་མེད་སྒོའི་མཐར་གཞུང་འདི་ཉིད་ཀྱི་མཇུག་གཏམ་བཀླགས་པར་བྱས་པ་ཡིན། ཐོས་དམན་པ་ངས་ཐོག་མར་གཞུང་འདི་ཉིད་ལ་མཇལ་འདོད་ཀྱི་ཀུན་སློང་དེ་གང་ཞིག་སྐྱེས་ཟེར་ན་དེ་ནི་དགེན་བཀའ་དྲིན་ཅན་ཤེས་རབ་བསྟན་དར་ལགས་ཀྱིས་མཐོ་གཅིག་སྐབས་སུ་ང་ཚོའི་ཆེད་སྦྱོང་ལ་གཞུང་འདི་ཉིད་ངོ་སྤྲོད་བྱས་པས་ངས་ཀྱང་རྣམ་ཐར་འདི་ཉིད་ལ་མཇལ་འདོད་ཀྱི་འདུན་པ་སྤུ་སུ་མ་ཞིག་སྐྱེས་ཀྱང་སྒྱིད་ལུག་པ་ངས་རྗེས་ཕྱོགས་ཡང་བཀླགས་མ་ནུས་པར་ལུས་སོ། ། དེ་ལྟར་རྣམ་གཡེང་དང་ལེ་ལོའི་ངང་རྩོམ་རིག་ལོ་རྒྱུས་རེ་ཟུང་དང་བོད་རིག་པའི་དཔྱད་རྩོམ་ཁ་ཤས་ད་དུང་སྒྲུང་རྩོམ་དང་སྙན་རྩོམ་མང་བོ་ཞིག་བ་ལང་ལྕེ་གཏོང་གི་ཚུལ་ཏུ་བཀླགས་ཤིང་ཅི་ཡིན་འདི་ཡིན་མ་ཤེས་པར་ལོ་གཅིག་འགོར་སོང་བ་རེད། མཐོ་གཉིས་སློབ་སྐབས་དང་བོའི་སྐབས་སུ་ཆ་ཧར་དགེ་བཤེས་བློ་བཟང་གིས་མཛད་པའི་རྗེ་བླ་མ་ཙོང་ཁ་བའི་རྣམ་པར་ཐར་བ་ལ་མཇལ་བ་དང་ད་དུང་པོད་གསུམ་ཅན་གྱི་བདག་ཉིད་ཅན་ཉམས་མེད་ཐུབ་པ་རིན་པོའི་ཆེའི་རྣམ་པར་ཐར་བ་ཐེག་དམན་གྱི་ལུགས་ལྟར་མཛད་པའི་<<སྤྲིན་དཀར་ལམ་རྙིང་>>ལ་ཡང་ཁ་གཡེང་མིག་གཡེང་ཙམ་བྱས་ཏེ་བཀླགས་ཞེས་པའི་འདས་ཚིག་དེ་སྦྱར་བ་ནས་བཟུང་བཀའ་གདམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་ལམ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་ཡང་བཀླག་འདོད་ཀྱི་བློ་སྤུ་སུ་མ་ཞིག་གི་འཕྲོ་བརྐྱངས་ཏེ་རང་ཉིད་རང་གིས་གཅུན་ཅི་ཐབས་ཀྱིས་ད་ལོ་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཞལ་ཁེབས་ཕྱེས་ཏེ་མཐར་མཛད་བྱང་དང་འཕྲོར་མཐུད་དེ་ཆེས་རྗེས་ཀྱི་པར་བྱང་སྨོན་ཚིག་བཀླགས་པ་ཙམ་ཡིན་ནོ། །

འཇིག་རྟེན་ཁམས་འདིའི་སྟེང་ལ་འཚོ་བའི་ལུས་ཅན་ཡོད་དོ་ཅོག་ནི་ཕན་པ་དང་བདེ་བ་གང་འབྱུང་བ་རྒྱལ་བ་བཅོམ་ལྡན་འདས་ཀྱི་བསྟན་པ་རག་ལས་པ་ངས་འདི་ནས་འུ་ཤོད་མི་ཤོད་མ་བྱས་ཀྱང་རྒྱལ་བོའི་སྲས་རྣམས་ཀྱིས་ཞལ་མཐུན་པར་བྱུང་ལ་བློ་ལྡན་རྣམས་ཀྱིས་དེ་དག་ལ་གཟིགས་པས་ཤེས་ནུས་པ་དང་འདིར་ལུང་ཚིག་ཀྱང་དྲངས་ན་གཞུང་འདི་ཉིད་ཀྱི་མཛད་བྱང་དུའང་“ལུས་ཅན་རྣམས་ལ་ཕན་བདེ་གང་འབྱུང་བ། ། རྒྱལ་བའི་བསྟན་པ་ཉིད་ལ་རག་ལས་ཞེས། ། རྒྱལ་དང་རྒྱལ་སྲས་ཀུན་གྱིས་མཐུན་པར་གསུངས། །”ཞེས་གསལ་ལ་རྒྱལ་བའི་བསྟན་པ་དེ་ཉིད་བརྟན་པོར་གནས་པ་ལ་གང་ལ་རག་ལས་ཤེ་ན་དེ་ནི་བྱང་ཆུབ་ཀྱི་ལམ་གྱི་རིམ་པ་ལ་རག་པའི་ཕྱིར་ན་ང་ཚོས་ཀྱང་ལམ་གྱི་རིམ་འདི་ཉིད་ཡང་དག་ཅིག་མ་ཤེས་ཀྱང་སྔོན་བྱོན་བཀའ་གདམས་དགེ་བའི་བཤེས་རྣམས་ཀྱིས་སྦྱིན་པ་ཇི་ལྟར་བཏང་ཚུལ། ཚུལ་ཁྲིམས་སྲུང་ཚུལ་། བཟོད་པ་སྒོམ་པ། བརྩོན་འགྲུས་བགྱིས་ཚུལ། བསམ་གཏན་ལ་གནས་ཚུལ། ཤེས་རབ་ཇི་ལྟར་སྒོམ་པ་སོགས་འདི་དང་འདིའོ་སྙམ་པའི་བློ་ཞིག་སྐྱེ་རྒྱུ་ཡོད་པ་ཞིག་ཡིན་དགོས་པ་ཡིན་པར་འདོད་དོ། ། ང་ཚོས་དེ་དག་གང་ཡང་མི་འཇོན་ནའང་མཐའ་ན་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་སློབ་གཉེར་ལ་བརྩོན་འགྲུས་ཇི་ལྟར་བགྱིས་པ་ཁོ་ནར་བསམས་ཏེ་དེ་ལྟར་དུ་རང་ཉིད་ཀྱི་མི་ནུས་ནའང་སྐྱེ་བ་རྗེས་མ་ལའང་སྨོན་ལམ་ཡག་པོ་ཞིག་འདེབས་རྒྱུ་ནི་གལ་ཆེ་བ་ཡིན་ནོ། ། སྔོན་བྱུང་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ཕྱི་རབས་སློབ་མ་རྣམས་ཀྱི་ལག་ལེན་དུ་གདབ་ཨེ་ཐུབ་ལ་འབད་དགོས་པ་དང་སློབ་གཉེར་ལ་བརྩོན་འགྲུས་ཇི་ལྟར་བགྱིས་པར་གཟིགས་ཏེ་དེང་སྐབས་ཀྱི་སྐད་ཆ་ལྟར་བཤད་ན་རང་ཉིད་ལ་སྙིང་ཕུར་བརྟན་པོ་ཞིག་གདབ་རྒྱུ་ནི་གལ་ཆེ་བ་ཡིན་པས་ད་ཐེངས་ངས་རྣམ་ཐར་འདི་ལ་མཇལ་བ་ཡང་ཆེ་ས་ནས་བཤད་ན་མར་མ་གྱུར་བའི་སེམས་ཅན་རྣམས་ཀྱི་དོན་དང་། ཆུང་ས་ནས་བཤད་ན་སློབ་གཉེར་བརྩོན་འགྲུས་ཇི་ལྟར་བགྱིས་པའི་ཆེད་དུ་ཡིན་ནོ། །

དང་བོ། གཞུང་འདིའི་མཛད་པ་བོའི་ཆེ་བ་བརྗོད་པ།

གཞུང་འདིའི་མཛད་པ་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ནི་གཙང་རྟ་ནག་པད་ཁུད་དུ་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་༡༧༡༣ལོར་འཁྲུངས། དགུང་ལོ་བདུན་ཐོག་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་དབུ་རྒྱན་ཆོས་འཕེལ་ཞེས་སྩལ། ཨ་ནིས་ཀློག་བསླབས། དགུང་ལོ་བརྒྱད་པར་བཀྲས་ལྷུན་དྲུང་རམས་པ་ནས་ཆོས་སྤྱོད་འཛིན་སྐྱོར་བྱེད་དུ་བཅུག ། དགུང་ལོ་བཅུ་ཐོག་བཀྲས་ལྷུན་ཆས་སྒོར་ཞུགས། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། མཚན་ཡེ་ཤེས་རྒྱལ་མཚན་འདོགས་པར་མཛད། དགུང་ལོ་བཅུ་བདུན་བར་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། རྣམ་འགྲེལ་ཐོག་ནས་མིང་བཏགས་གནང་རྒྱུ་ཡིན་ནའང་རང་མཉམ་འགའ་ཞིག་གིས་སྒྲོ་སྐུར་ལ་བརྟེན་མིང་སྐམ་པོར་མ་ཆགས་པར་སྐྱིད་གྲོང་དུ་ཕེབས། དེའི་ལོར་སྡོད་ཁང་སྤྱིལ་བུ་གསར་རྒྱག་གིས་ལོ་གསུལ་རིང་སྒྲུབ་ལ་བརྩོན། དགུང་ལོ་ཉི་ཤུ་ལ་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་ལ་དབུས་སུ་ཕེབས། ཕུར་བུ་ལྕོག་བྱམས་པ་རིན་པོ་ཆེ་མཇལ་ནས་ཟབ་ཆོས་འགའ་ཞུས་ཏེ་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ཏེ་ལོ་གཅིག་བཞུགས།དགུང་ལོ་ཉེར་གསུམ་པ་སྐྱིད་གྲུང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་བསྙུན་ཚུལ་གྱིས་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས། དགུང་ལོ་ཉེར་ལྔ་ལ་དིང་རིར་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ལ་བརྟེན་ནས་སྔ་རྗེས་མོ་ལོ་བཅུ་གཉིས་ཧྲིལ་པོ་སགྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། དགུད་ལོ་ཞེ་བཞི་ནས་རེ་ལྔའི་བར་སྐྱོད་གྲོང་བསམ་གཏམ་དུ་གླིང་དང་། དགའ་ལྡན་ཕུག་པ་ཆེ། ཆོས་སྡིངས་ཚུལ་ལྡན་གླིང་། བལ་ཡུལ་ཐང་དྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་རྟེནདང་བརྟེན་པར་བཅས་པ་ཉམས་གསོའི་མཛད་པ་གནང་། དགུད་ལོ་རེ་གཉིས་ལ་ཕེབས་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པ་འཇལ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་པཎྜི་ཏའི་མཚན་བསྟོད་བཞེས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར། བཞུགས་ནས་དགུང་ལོ་བརྒྱད་ཅུ་བར་ཡོངས་འཛིན་གནང་། ད་བུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་ལམ་རིམ་པ་གྱི་ཆས་འཆད་སྤེལ་ནར་མར་མཛད། དགུང་ལོ་དོན་བདུན་སྐབས་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ།དགུང་ལོ་གྱགཅིག་སྟེ་ཆུ་གླང་༡༧༩༣ལོ་ལ་སྐུ་གཤེགས།

དཔལ་ལྡན་བླ་མ་འདི་ཉིད་ཀྱིས་མདོ་སྔགས་གནད་ལས་བརྩམས་པའི་བསྟན་བཅོས་མང་དུ་མཛད་པ་ལས་དང་མདོ་ཕྱོགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་པ་《བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་བོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་གྱི་ཆོས་ཀྱིས་སྒྲ་དབྱངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་བསྡུས་དོན་ལྡེ་མིག》དང་《ཤེར་ཕྱིན་སྟོང་ཕྲག་བརྒྱད་པ་དང་མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་རིམ་གྱི་གནད་རྣམས་གསལ་བར་སྟོན་པའི་སྒྲོན་མེ།》སོགས་དང་། འདུལ་བ་ལས་བརྩམས་པ་《རྒྱལ་བའི་བསྟན་པའི་ནང་མཛོད་དམ་པའི་ཆོས་འདུལ་བའི་བྱུང་ཚུལ་བརྗོད་པ་རྒྱལ་བསྟན་གསལ་བྱེད་ཉིན་མོའི་སྣང་བ།》དང《འདུལ་བའི་ལས་ཀྱི་ཆོ་ག》སོགས་གསུང་འབུམ་པོད་བཅུ་དགུ་ཙམ་ཡོད་པ་ལས་ད་རེས་འདིར་《བྱང་ཆུབ་ལམ་གྱི་རིམ་པའི་རྣམ་པར་ཐར་པ་རྒྱལ་བསྟན་མཛེས་པའི་རྒྱན་མཆོག་ཕུལ་བྱུང་ནོར་བུའི་ཕྲེང་བ།》ཞེས་བྱ་བ་འདི་ཉིད་ནི་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་འཇམ་དཔལ་རྒྱ་མཚོས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཉིད་ཀྱིས་རང་རྣམ་གསུང་བར་གསོལ་བ་བཏབ་པའི་ཚེ་རྗེ་ཉིད་ཀྱི་རང་རྣམ་ནི་གསུང་དུ་མ་བཞེད་ལ་དེའི་ཚབ་ཏུ་《བྱང་ཆུབ་ལམ་གྱི་རིམ་པའི་རྣམ་པར་ཐར་པ་རྒྱལ་བསྟན་མཛེས་པའི་རྒྱན་མཆོག་ཕུལ་བྱུང་ནོར་བུའི་ཕྲེང་བ།》རྣམ་དཀར་དགེ་བ་སྐྱེ་བའི་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་མཛད་པའོ། །

གཉིས་པ། དཔེ་ཆ་ངོ་སྤྲོད།

དཔེ་ཆ་འདིའི་མཚན་ལ་《བྱང་ཆུབ་ལམ་གྱི་རིམ་པའི་རྣམ་པར་ཐར་པ་རྒྱལ་བསྟན་མཛེས་པའི་རྒྱན་མཆོག་ཕུལ་བྱུང་ནོར་བུའི་ཕྲེང་བ།》ཞེས་ཟེར་ལ་དཔེ་ཆ་འདི་ལ་སྟོད་སྨད་གཉིས་ཡོད་པ་དང་། སྟོད་ཆར་ཤོག་ངོས་༧༤༣ཡོད་པ་དང་། སྨད་ཆར་ཤོག་ངོས༧༨༤ཡོད་
མཛད་པ་བོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
བསྡུ་སྒྲིག་པ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།
རྩོམ་སྒྲིག་འགན་འཁུར་བ། བློ་བཟང་ཚེ་རིང་།
མདུན་ཤོག་འཆར་འགོད་པ། སྐལ་ཚེ།
དཔེ་སྐྲུན་ཚན་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་འདེབས་ཚན་པ། ལྷ་ས་གྲོང་ཁྱེར་མིང་ཤིན་པར་འདེབས་ཚད་ཡོད་ཀུང་སི།
པར་ཤོག 97.125
ཡིག་གྲངས། ཁྲི་85.9
པར་གཞི། 2011ལོའི་ཟླ་1པོར་པར་གཞི1བསྒྲིགས།
པར་ཐེངས། 2011ལོའི་ཟླ་1པོར་པར་ཐེངས1བཏབ།
པར་གྲངས། 01-4000
དཔེ་དེབ་ཨང་གྲངས། ISBN978-7-223-02992-6
རིན་གོང་སྒོར། 150.00(སྟོད་ཆ། སྨད་ཆ།)

སྟོད་ཆའི་དཀར་ཆག

བྱང་ཆུབ་ལམ་གྱི་རིམ་པའི་རྣམ་པར་ཐར་པ་རྒྱལ་བསྟན་མཛེས་པའི་རྒྱལ་མཆོགཕུ་བྱང་ནོར་བུའི་ཕྲེང་བ།
མཆོད་བརྗོད་དང་རྩོམ་པར་དམ་བཅའ། སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར། རྒྱ་ཆེན་སྤྱོད་རྒྱུད་ལས་རྗེ་བཙུན་བྱམས་མགོན་གྱི་རྣམ་ཐར། འཕགས་པ་ཐོགས་མེད་ཀྱི་རྣམ་ཐར། སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར། འཕགས་པ་རྣམ་གྲོལ་སྡེའི་རྣམ་ཐར། བཙུན་པ་རྣམ་གྲོལ་སྡེའི་རྣམ་ཐར། སློབ་དཔོན་མཆོག་གི་སྡེའི་རྣམ་ཐར། སློབ་དཔོན་དུལ་བ་སྡེའི་རྣམ་ཐར། མཁན་ཆེན་ཞི་བ་འཚོའི་རྣམ་ཐར། སློབ་དཔོན་སེང་གེ་བཟང་བོའི་རྣམ་ཐར། སློབ་དཔོན་ཀུ་ས་ལི་ཆེ་བ་རིན་ཆེན་བཟང་བོའི་རྣམ་ཐར། སློབ་དཔོན་ཀུ་ས་ལི་ཆུང་བའི་རྣམ་ཐར། གསེར་གླིང་བའི་རྣམ་ཐར། ཟབ་མོ་ལྟ་རྒྱུད་ལས་འཇམ་པའི་དབྱངས་ཀྱི་རྣམ་ཐར། འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར། དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར། རྒྱལ་སྲས་རིགས་པའི་ཁུ་བྱུག་ཆེ་བའི་རྣམ་ཐར། རིགས་པའི་ཁུ་བྱུག་གཉིས་པའི་རྣམ་ཐར། རླབས་ཆེན་སྤྱོད་རྒྱུད་ཀྱི་བླ་བརྒྱུད་ལས་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར། སློབ་དཔོན་ཨེ་ལ་དྷ་རིའི་རྣམ་ཐར། སློབ་དཔོན་དཔའ་བོའི་རྡོ་རྗེའི་རྣམ་ཐར། རིན་ཆེན་དཔལ་གྱི་རྣམ་ཐར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར། འབྲོམ་སྟོན་པ་རྒྱལ་བོའི་འབྱུང་གནས་ཀྱི་རྣམ་ཐར། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བའི་རྣམ་ཐར། ཟབ་མོའི་ཏིང་འཛིན་བརྟན་པའི་སྣེའུ་ཟུར་པའི་རྣམ་ཐར། འདུལ་བའི་སྡེ་སྣོད་ཀུན་འཛིན་ཐག་མ་བའི་རྣམ་ཐར། ལྷོ་བྲག་མཁན་ཆེན་ནམ་མཁའ་སེང་གེའི་རྣམ་ཐར། དགེ་བའི་བཤེས་གཉེན་པོ་ཏོ་བའི་རྣམ་ཐར། རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བའི་རྣམ་ཐར། བྱང་ཆུབ་ཐུགས་ཀྱི་བཀའ་བབ་འཆད་ཁ་བའི་རྣམ་ཐར།
བྱང་སེམས་སེ་སྤྱིལ་བུ་བའི་རྣམ་ཐར། བཤེས་གཉེན་ཆེན་པོ་ལྷ་ལུང་དབང་ཕྱུག་གི་རྣམ་ཐར། ལྷ་འགྲོ་བའི་མགོན་པོའི་རྣམ་ཐར། རྣམ་དག་ཚུལ་ཁྲིམས་ངད་ལྡང་བཟང་ཆེན་པའི་རྣམ་ཐར། འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བའི་རྣམ་ཐར། ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་པའི་རྣམ་ཐར། མཁན་ཆེན་ཆོས་སྐྱབས་བཟང་པོའི་རྣམ་ཐར། སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་རྣམ་ཐར། བྱ་ཡུལ་བ་གཞོན་ནུ་འོད་ཀྱི་རྣམ་ཐར། དགེ་བཤེས་དགྱེས་སྒོམ་པ་ཆེན་པོའི་རྣམ་ཐར། དགེ་བའི་བཤེས་གཉེན་སངས་རྒྱས་དབོན་གྱི་རྣམ་ཐར། མཁན་ཆེན་ནམ་མཁའ་རྒྱལ་པོའི་རྣམ་ཐར། མཁན་ཆེན་སེང་གེ་བཟང་བོའི་རྣམ་ཐར། མཁན་ཆེན་རྒྱལ་སྲས་བཟང་བོའི་རྣམ་ཐར། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར།རྒྱལ་བ་ཙོང་ཁ་བ་ཆེན་པོའི་རྣམ་ཐར། རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་ཐར། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་རྣམ་ཐར། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར། གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་རྣམ་ཐར། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་ཐར། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར། གྲུབ་ཆེན་ཆོས་ཀྱི་རྡོ་རྗེའི་རྣམ་ཐར།

སྨད་ཆའི་དཀར་ཆག

རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། མཁྱེན་རབ་དབང་ཕྱུག་འཇམ་དབྱངས་ཆོས་འཕེལ་གྱི་རྣམ་ཐར། ཞབས་དྲུང་ལྷ་པ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར། རྟ་ཕུག་པ་བློ་བཟང་དམ་ཆོས་རྒྱལ་མཚན་གྱི་རྣམ་ཐར། སྒྲུབ་ཁང་དགེ་ལེགས་རྒྱ་མཚོའི་རྣམ་ཐར། མཁར་རྡོ་བཟོད་པ་རྒྱ་མཚོའི་རྣམ་ཐར། ཕུར་ལྕོག་ངག་དབང་བྱམས་པའི་རྣམ་ཐར། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར། རྗེ་བཙུན་ཤེས་རབ་སེང་གེའི་རྣམ་ཐར། རྒྱལ་དབང་དགེ་འདུན་གྲུབ་པའི་རྣམ་ཐར། མཁས་གྲུབ་ནོར་བཟང་རྒྱ་མཚོའི་རྣམ་ཐར། རྒྱལ་དབང་དགེ་འདུན་རྒྱ་མཚོའི་རྣམ་ཐར། ཁྲི་ཆེན་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་བོའི་རྣམ་ཐར། ལྷ་བཙུན་བསོད་ནམས་དཔལ་བཟང་བོའི་རྣམ་ཐར། རྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར། སྤྱན་སྔ་ཆོས་དཔལ་བཟང་བོའི་རྣམ་ཐར། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར། ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར། རྒྱལ་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར། ཇོ་བོ་རྗེའི་ལམ་རིམ་མན་ངག་ཆུ་བོ་གསུམ་འདྲེས་ལས་རླབས་ཆེན་སྤྱོད་རྒྱུད་ཀྱི་བརྒྱུད་རིམ། མཁན་ཆེན་བདེ་བ་དཔལ་གྱི་རྣམ་ཐར། མཁན་ཆེན་དཀའ་བཞི་བ་གྲགས་པའི་རྣམ་ཐར། མཁན་ཆེན་པ་བྱང་ཆུབ་སེམས་དཔའ་བསོད་ནམས་གྲགས་པའི་རྣམ་ཐར། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་རྣམ་ཐར། རྗེ་བཙུན་རེད་མདའ་པའི་རྣམ་ཐར། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་གསང་བདེ་འཇིགས་གསུམ་གྱི་ཆོས་སྐོར་བརྒྱུད་རིམ་གྱི་མཚན་བྱུང་། དཔལ་འཁོར་ལོ་སྡོམ་པའི་ཆོས་སྐོར་གྱི་བརྒྱུད་རིམ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཆོས་སྐྱོར་གྱི་བརྒྱུད་རིམ། ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མིན་པ་བལའ་གདམས་ཐིག་ལེ་བཅུ་དྲུག་གི་བརྒྱུད་རིམ། མཛད་བྱང་། པར་བྱང་སྨོན་ཚིག

གསུམ་པ། ནང་དོན་ངོ་སྤྲོད།

རྩོམ་པ་བོས་ཐོག་མར་སྙན་ཚིག་གི་ཕྲེང་བའི་མདུན་བསུས་ཏེ་དཔེ་ཆ་འདི་ལས་དངོས་སུ་བསྟན་ཡོད་པ་ནི་ཆུ་འགོ་གངས་ལ་འབྲེལ་བ་བཞིན་འདིའི་ནང་དུ་ཐོག་མར་ཤཱཀྱ་རིགས་སུ་འཁྲུངས་པའི་ཉམས་མེད་ཐུབ་པ་རིན་པོ་ཆེའི་རྣམ་པར་ཐར་བ་ནས་བཟུང་རྒྱན་དྲུག་མཆོག་གཉིས་དང་རྗེ་བཙུན་བྱམས་པ་མགོན་པོའི་རྣམ་ཐར་ནས་བརྒྱུད་རིམ་བཞིན་སྔོན་བྱོན་རྒྱལ་བའི་བཀའ་ལས་གདམས་པའི་བཀའ་གདམས་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་པར་ཐར་བ་བརྗོད་ཡོད་ལ་བཀའ་གདམས་དགེ་བའི་བཤེས་གཉེན་དེ་རྣམས་སྡུག་བསྔལ་དང་ལེན་བཟོད་པ་དག་བདག་གཞན་ཉམས་བརྗེ་སོགས་སོ་སྐྱེས་ཕལ་བའི་མི་ནུས་པའི་ལམ་གྱི་རིམ་དག་སྔོན་བྱོན་བཤེས་གཉེན་རྣམས་ཀྱིས་རང་སེམས་ནི་སྒོ་མོ་ཞིག་ཡིན་ན་དེ་ཡི་སྒོ་རུ་ཉོན་མོངས་ཀྱི་དགྲ་བོ་འཇོམས་པའི་མདུང་ཐུང་འཛིན་མཁན་གྱི་དྲན་ཤེས་བསྟེན་པར་བྱས་ཡོད་ལ། དྲན་ཤེས་དེ་ལ་བསྟེན་ནས་སེམས་ཀྱི་ཟང་ཟིང་གི་མགོ་འབུར་བ་རྣམས་དྲན་ཤེས་ཀྱི་ཐོ་བས་འཇོམས་པར་བྱེད་པ་སོགས་ནི་སྐྱེ་བོ་ཕལ་བ་སུས་ཀྱང་འཇོན་པ་མ་ཡིན་རྣམ་པར་ཐར་བ་དག་མཛད་ཡོད་པ་ཞིག་ཡིན་ནོ། །

བཞི་བ། གཞུང་འདི་ཉིད་ལ་མཇལ་བའི་འཆར་སྣང་ཐོར་བུ།

སྤྱིར་སློབ་གླིང་གི་ཕྱི་ནང་གང་ནས་ཡིན་ཡང་གང་ལ་གང་འཚམ་གྱིས་དཔེ་ཆ་རེ་བཀླགས་ཏེ་དེ་ལ་མྱོང་ཟིན་ཡང་ཅུང་རེ་བྲིས་པ་ཡིན་མོད་ད་ཐེངས་དངོས་སུ་གཞུང་འདི་ཉིད་ལ་མཇལ་རྗེས་ཆེས་མི་འདྲ་ས་ཞིག་ཡོད་པ་ནི་བློ་དམན་ང་ལྟ་བུ་ཞིག་གིས་གཞུང་འདིའི་གཏིང་གི་ཟབ་ཚད་སྔོག་འདོན་བྱེད་ཟེར་ན་ཕར་ཞོག་ཐ་ན་གཞུང་འདིའི་ནང་གི་ཐ་སྙད་ཀྱང་མི་གོ་བ་མང་བོ་ཞིག་འདུག་ལ་དེ་བས་དུས་རྒྱུན་ཅང་མེད་ཁོག་སྟོག་གི་ངའོ་སྙམ་པའི་མགོ་འཕང་དེ་ཡང་གཟུགས་མེད་ངང་དལ་ཅག་གེར་བཏང་བྱུང་། གཞུང་འདི་ཉིད་ལས་སྐྱེས་དམན་སུས་ཀྱང་ཐེག་དཀའ་བའི་སྡུག་བསྔལ་གདོང་གཏད་གྱི་སྙིང་སྟོབས་ཀྱིས་བསྐྲུན་པའི་བླ་མེད་ཀྱི་མཛད་འཕྲིན་དག་གིས་ང་ཚོ་ལ་ཡང་སྡུག་བསྔལ་བྱུང་བའི་སྐབས་དེར་ཁྲོ་བ་དང་ཡི་ཆད་པའི་སྒོ་ནས་ཆུ་ལ་ལྕེབས་པ་དང་ཁང་བརྩེགས་ནས་ལྡང་བ་སོགས་མི་བྱ་བར་སྔོན་གཞན་ལུས་ལ་གནོད་པ་བྱས་པའི་ལས་ངན་གྱི་མཚོན་ཆ་ཕྱིར་འཁོར་བ་ཡིན་པར་བསམ་བློ་བཏང་སྟེ་མུ་མཐུད་དུ་ཚོགས་བསགས་བླ་ལྷག་བྱེད་དགོས་པ་སྔོན་གྱི་བཀའ་གདམས་བཤེས་གཉེན་རྣམས་ལ་རྐང་ལག་གཅོད་འབྲེག་སོགས་ཀྱི་སྡུག་བསྔལ་མིས་མི་ཐེག་པ་ཇི་ལྟ་བུ་ཞིག་བྱུང་ནའང་ཁྲོ་བའི་སྒོ་ནས་ཕར་གསོད་པ་དང་བརྡེགས་པ་སོགས་མི་བྱ་བར་དེ་དག་ལ་སྙིང་རྗེ་ཚད་མེད་བཅིངས་ཏེ་རྨོངས་པ་དེ་དག་གི་སྡུག་བསྔལ་རང་སྟེང་དུ་བླངས་པས་ན་ང་ཚོས་ཀྱང་ཅི་ནུས་ཀྱིས་སྡུག་བསྔལ་བྱུང་ན་བཟོད་པ་དང་རྒྱུན་འཁྱོང་བྱ་ཅི་ཐབས་བྱེད་དགོས་པའི་བསམ་ཚུལ་བྱང་བ་ཡང་རྣམ་ཐར་འདི་ལ་མཇལ་བའི་ཐོབ་བྱ་ཡིན་སྙམ་གྱིན་ཡོད། གཞན་ཡང་འདིར་མང་བོ་སྤྲས་དགོས་དོན་མེད་ལ་མཚན་མཚོན་གཅིག་ཙམ་དགོད་ན་པཎ་ཆེན་བློ་བཟང་ཚོས་ཀྱི་རྒྱལ་མཚན་དགུང་ལོ་ལྔ་བའི་དུས་སུ་“རྒྱལ་སྲས་གཞོན་ནུ་དེ་སྔོན་ཡུན་རིང་པོ་ནས་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པ་ཞིག་ཡིན་པས་སྐུ་ན་ཕྲ་མོ་དེ་དུས་ནས་གཞན་གྱིས་བསྐུལ་བ་ལ་མི་བལྟོས་པར་ཁྱིམ་དུ་འདུག་པ་ལ་བཙོན་རར་བཅིངས་པའི་འདུ་ཤེས་བཅོས་མ་མིན་པ་འཁྲུངས་ནས་ཁྱིམ་ན་གནས་པ་ལ་ནམ་ཡང་དགའ་བར་མི་མཛད་ཅིང་། སྤྱིར་རབ་ཏུ་བྱུང་བ་དང་། ཁྱད་པར་དབེན་དགོན་པའི་དགེ་སློང་དག་བྱུང་ན་ལྷག་པར་དགྱེས་ཤིང་། རང་དབང་འདུས་ན་དེ་དག་དང་འགྲོགས་ནས་བཞུགས་པ་ལ་ཡུན་ཇི་ཙམ་རིང་ཡང་ཐུགས་སྐྱོ་བ་མི་སྐྱེ།”ཞེས་འཁོར་འདུག་པར་བལྟས་པས་ཀྱང་སྔོན་བྱོན་མཁས་པ་དེ་རྣམས་ཆུང་ནས་བཟུང་ཟང་ཟིང་གི་འཁོར་བ་ལ་སྐྱོ་ཤས་བཅོས་མིན་སྐྱེས་ཡོད་བསམ་བློ་བཏང་ན་ང་རང་ཉིད་ལ་མཚོན་ན་ཡུལ་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་ལ་ཡུལ་དང་བྲལ་ན་ཡུལ་གཞན་ནས་ཕ་ཡུལ་དྲན་ཚུལ་སོགས་མང་བོ་ཡོད་པས་ཕ་ཡུལ་དང་བྲལ་ན་དགའ་སྣང་སྐྱེ་རྒྱུ་ཕར་ཞོག་སྐྱོ་སྣང་དག་དག་གིས་ཁེངས་པར་བལྟས་ན་མ་མཐའ་ཡང་སློབ་གཉེར་བ་ཞིག་གི་མིང་ཁུར་ཙམ་ཉིད་ནས་བཟུང་ཕ་ཡལ་སྡུག་པའི་བཙོན་ར་རུ་ལྟ་རྒྱུའི་སྣང་བཞིག་སྐྱེ་བྱུང་། དེ་ཅིའི་ཕྱིར་ཏུ་ཟེར་ན། “སྔོན་བྱོན་མཁས་པའི་རྣམ་ཐར་ཕྱི་རབས་སློབ་མའི་ཉམས་ལེན་”ཞེར་བསམ་བློ་བཏང་ན་ཤེས་ནུས་པའི་ཕྱིར་རོ། །
དེ་ནས་རིམ་བཞིན་བལྟས་ཏེ་ཕུར་ལྕོག་བྱམས་པའི་རྣམ་ཐར་ལ་མཇལ་བ་ཡིན་བླ་མ་དམ་པ་དེ་ཉིད་དགུང་ལོ་ཆུང་བའི་སྐབས་ཤིག་ལ་ཁོང་ཚང་ལ་མཛོ་མོ་མདོངས་སྒྲོན་ཟེར་བ་ཞིག་ཡོད་པ་དེ་ཡབ་ཀྱིས་གཞན་ལ་ཚོང་བའི་ཕྱིར་ཁྲིད་པ་ན་མཛོ་མོའང་རང་ཉིད་ཚོང་བར་ཤེས་ནས་ཁང་བའི་ཕྱོགས་ལ་ཡང་ཡང་འཐེན་གྱིན་འདུག་པ་གཟིགས་པས་རྐྱེན་བྱས། མཛོ་མོ་འདི་ངེད་རང་ཉིད་མ་ལྟར་དྲིན་ཆེ་བར་འདུག་པ་འདི་འདྲ་གཞན་ལ་ཚོང་ཕོད་ཨང་སྙམ་དུ་དགོངས་ནས་སྤྱན་ཆང་མང་དུ་གསིལ་ཞིང་ཁོང་རྣམས་ཚོང་བསྒྲིག་པའི་སྐབས་སུའང་ཐུགས་སྐྱོ་བ་དང་སྤྱན་ཆབ་ཀྱི་རྒྱུན་མ་ཆད་པས་གནས་དེ་ལ་ལྐོག་ཅིག་ཏུ་བྱོལ་ཏེ་བཞུགས་དགོས་བྱུང་བ་ཞེས་པ་སོགས་མང་བོ་མཐོང་བས་ང་ལ་སྐབས་སྐབས་སུ་བཤད་མི་ཤེས་ཚོར་བ་དུ་མས་བཏུམ་པར་བྱས་སོ། །
གང་ལྟར་གཞུང་འདི་ཉིད་ལ་མཇལ་བའི་ང་ལ་ཚོར་བ་དམིགས་བསལ་བ་ཞིག་སྐྱེས་པ་ནི་རང་ཉིད་ཀྱིས་ཅི་ཡང་འཇོན་གི་མེད་པ་དང་སློབ་སྦྱོང་ལ་ཡང་བརྩོན་འགྲུས་དང་ཚོགས་བསགས་སྒྲིབ་སྦྱོང་མེད་པར་ཉི་ཚེ་བ་ཞིག་བྱས་ཏེ་རང་ཉིད་ཀྱིས་རང་ཉིད་ཀྱི་མགོ་གཡོག་སྟེ་སྒྱིད་ལུག་བྱས་ཏེ་བསྡད་ཡོད་པ་ཤེས་སོང་། སྒྱིད་ལུག་བྱེད་ཀྱིན་མི་ཚེ་གཏོང་ཟད་ལ་བཏང་བ་ནི་བླ་མ་དཔལ་དམ་པ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ལམ་རིམ་བརྒྱུད་པའི་བླ་མ་དག་གི་རྣམ་པར་ཐར་བ་ཧ་ཅང་འབད་པ་ཆོས་ཆེན་མོས་མཛད་པ་ལ་དྲིན་ལན་ལོག་མཇལ་དང་ཁྲེལ་བོར་བའི་བྱ་སྤྱོད་ངན་པ་འབའ་ཞིག་ཡིན་པས་ནམ་ཡང་དོན་དང་དང་ལྡན་པའི་ངང་ནས་མི་ཚེ་སྐལ་བ་དང་ལྡན་པ་ཞིག་ཏུ་གཏོང་རྒྱུའི་གསོལ་བ་ཟབ་མོ་ཡང་དུས་དང་རྣམ་པ་ཀུན་ཏུ་སྙིང་ལ་འདེབས་དགོས་ཐུག་སོང་ངོ་།།

མཇུག་སྡུད་པ།

སྤྱི་ནས་བལྟས་ན་དེང་སྐབས་ཚང་མས་སློབ་སྦྱོང་སྣ་སེ་རེ་བྱས་ཤིང་ཅི་ཞིག་ཐོབ་སོང་སྙམ་པའི་མགོ་བོ་མཐོ་རུ་བཅགས་ཏེ་བརྩམས་སྒྲུང་རེ་ཟུང་དང་སྤྱི་ཚོགས་དཔྱད་བརྗོད་ཀྱི་དཔེ་ཆ་ཁ་ཤས་མཆན་ལ་བཙིར་ཏེ་འགྲོ་བ་ལས་རང་སེམས་ལ་ཕན་ཐོག་པའི་དཔེ་ཆ་ཞིག་ལ་བལྟས་ཏེ་རང་སེམས་ཉོན་མོངས་ཀྱི་རྒྱུ་འདི་ལ་དེ་ཡི་སྒོ་སྲུང་གཉེན་པོ་དྲན་ཤེས་མདུང་འཛིན་ཞིག་བསྟེན་རྒྱུ་ནི་གལ་ཆེ་བ་ཡིན་པ་ཞུ་བྱ་དང་བོ་དང་ཚང་མ་ཡང་ལེ་ལོའི་དབང་དུ་མི་འགྲོ་བར་སྔོན་བྱུང་བླ་མའི་རྣམ་ཐར་ལ་མཇལ་ཐུབ་རྒྱུའི་སྨོན་ལམ་བཏབ་སྟེ་ངས་འདི་ནས་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལ་མཇལ་བའི་མཐར་ཐུག་གི་འབྲས་བུ་ཡང་མར་ཅར་སེམས་ཅན་ཐམས་ཅན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོས་པ་ཡིན་ནོ། །

སླར་སྨྲས་པ།

དྲན་ཅན་རྩ་བའི་བླ་མར་སྤྱི་བོ་གཏུགས་པ་ཡིས། །
རྣམ་རྟོག་ལོག་རྟོགས་མ་ལུས་ཡོངས་སུ་ཚར་བཅད་དེ། །
དུག་གསུམ་ཉོན་མོངས་ཁོ་ནས་དབང་གྱུར་འགྲོ་བ་དག །
དཔལ་ལྡན་བླ་མས་རྣམ་ཐར་ཟབ་མོས་གྲོལ་བར་ཤོག།