ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་བཀླགས་བྱང་།

ཡིག་འབྲི་པ།  ཁམས་པ་སྙེ་ལོ།

ཐོག་མའི་གླེང་སློང་།

སྤྱིར་ཆོས་སྲིད་ཟུང་འཇུག་གི་དོན་ལ་ནུབ་ཕྱོགས་ཀྱི་མཁས་པ་ཚོས་ངོས་འཛིན་ཅིང་གྲགས་ཆེ་བ་ནི།  དུས་རབས་བར་མའི་ཡོ་རོབ་ཀྱི་ཆོས་སྲིད་ཟུང་འབྲེལ་དཔེ་མཚོན་དུ་བཟུང་ནས།  རྒྱལ་ཁབ་ཀྱི་མགོ་གཙོ་དང་ཆོས་ལུགས་ཀྱི་གཙོ་འཛིན་གཉིས་མི་གཅིག་གིས་བྱེད་ཅིང་ཆབ་སྲིད་ཀྱི་དབང་ཆ་དང་ཆོས་ཀྱི་དབང་ཆ་གཉིས་མི་གཅིག་གིས་འཛིན་པ་ཞིག་ལ་བཤད་ཀྱིན་ཡོད་ཚོད་འདུག་ཏེ།  ཨེན་ཁེ་སིས།  ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡུལ་གྱི་རྒྱལ་པོ་དང་ཆོས་བདག་གཉིས་ཀ་མི་གཅིག་གིས་བྱེད་པ་དེར་ཟེར།  ཞེས་པ་དང།  གཞན་ཡང་རང་རེའི་ཡིག་ཐོག་ནས་མཐོང་ཐོབ་པའི་དུང་དཀར་རིན་པོ་ཆེའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་དང་།  ཁོང་གིས་མཛད་པའི་ཚིག་མཛོད།  དེ་མིན་མཁས་པ་སྒོ་ཤེར་སོགས་ཀྱིས་ཀྱང་།  མགྲོ་མགོན་ཆོས་འཕགས་ཀྱིས་བོད་ཆོལ་ཁ་གསུམ་ལ་དབང་བྱས་པ་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཚུགས་རབ་གླེང་བཞིན་འདུག་པ་དང་།  ད་དུང་མཁན་པོས་གཞུང་འདིར་དྲངས་པའི་ཤར་ནུབ་ཀྱི་གཞུང་ལུགས་དང་ཚིག་མཛོད་རྣམས་ཀྱི་ལུང་ཚིག་གིས་བསྟན་དོན་གྱི་གནད་ཀྱང་དེ་རང་སོང་འདུག་པས་སོ།  །ཡིན་ནའང་དཔེ་དེབ་འདིའི་ནང་དུ་ཆོས་སྲིད་ཟུང་འབྲེལ་གྱི་ངོ་གདོང་དེ་ལས་གཞན་ཞིག་དང་།  གླེང་ཕྱོགས་ལོག་ཅིག་བསྟན་འདུག་པས་འོག་ཏུ་མཚོན་ཙམ་དགོད་པར་བྱ།

བརྗོད་བྱ་རགས་རིམ།

ས་བཅད་གསུམ་གྱིས་གཞུང་འདིའི་བརྗོད་བྱ་ཡོངས་སུ་རྫོགས་པར་བྱས་འདུག  །དེ་དག་ནི་ཆོས་སྲིད་ཟུང་འཇུག་བཤད་པ་དང་།  ཆོས་སྲིད་ཁ་བྲལ་བཤད་པ།  དེ་གཉིས་ཀྱི་དོན་ལ་དཔྱད་པ།  དང་པོའི་ནང་དུ་ནུབ་གླིང་པའི་ཆོས་སྲིད་ཟུང་དུ་འབྲེལ་ཚུལ་དང་བོད་བཙན་པོའི་དུས་སུ་ཆོས་སྲིད་ཟུང་དུ་འབྲེལ་ཚུལ་གཉིས་བཤད་ནས་ཕྱི་མ་ནི་རྩོམ་པ་པོ་དང་བ་སྐྱེ་སའི་ཆོས་སྲིད་ཟུང་འབྲེལ་དང་གཞུང་འདིའི་བརྗོད་བྱ་བཙོ་བོ་གྱུར་པའི་ཆོས་སྲིད་ཟུང་འབྲེལ་དེ་རེད།  དེ་ལས་དང་པོ་ནི་རང་རེའི་ངག་ཏུ་བྱང་ཞིང་འདྲིས་པ་སྟེ།  གོང་དུ་བཤད་པའི་ཡོ་རོབ་ཀྱི་དུས་རབས་བར་མའི་གནས་ཚུལ་རང་ལ་སྦྱར་ནས་ཤར་ནུབ་ཀྱི་ཚིག་མཛོད་དང་གཞུང་ལུགས་རྣམས་སྒྲུབ་བྱེད་དམ་ཁུངས་སྐྱེལ་དུ་སྨོས་ནས་གླེང་འདུག །གཉིས་པ་ནི།  དེ་ཉིད་ལས།  གཉིས་པ་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་ཏུ་གྲགས་པའི་ཆོས་སྲིད་ཟུང་འཇུག་ཅེས་པ་ནི། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བྱུང་བའི་ཆོས་སྲིད་ཟུང་འཇུག་ལྟ་བུ་སྟེ། རྒྱལ་པོ་རྣམས་ཀྱིས་ཚེ་སྔ་ཕྱི་ལ་ཡིད་ཆེས་དང་ལས་རྒྱུ་འབྲས་ལ་བརྩི་བསྲུང་དང་བྱམས་སྙིང་རྗེའི་སྒོ་ནས་ཆབ་འབངས་རྣམས་སྲུང་སྐྱོབ་བྱེད་ཅིང་། རྒྱལ་ཁབ་དེ་ན་སྲིད་ཀྱང་ཡོད་ལ་ཆོས་ཀྱང་ཡོད་པ། ཆོས་ཀྱིས་རྒྱལ་སྲིད་མི་བཤིག་ཅིང་སྲིད་ཀྱིས་ཆོས་ལུགས་ལ་མི་གནོད་པར་རང་རང་གི་ས་ནས་རང་རང་གིས་ཕན་པ་བསྒྲུབས་ནས་གནས་པའོ། །འདི་ནི་བོད་གངས་ཅན་ལ་གྲགས་པའི་ཆོས་སྲིད་ཟུང་འཇུག་སྟེ།  ཞེས་གསུངས་ནས་དེ་ལྟ་བུའི་ཆོས་སྲིད་ཟུང་དུ་འཇུག་ཚུལ་དེ།  དོན་ཚན་རྣམ་པ་བདུན་གྱི་སྒོ་ནས་བཤད་འདུག  །དེའང་དང་པོ་ལྔ་《འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་》དང་སྦྱར་ཞིང་།  ཕྱི་མ་གཉིས་ཀུན་མཁྱེན་མི་ཕམ་པའི་《ལུགས་ཀྱི་བསྟན་བཅོས་》ལ་སྦྱར་ནས་གླེང་འདུག  །དེ་ནས་ཆོས་སྲིད་ཁ་བྲལ་གླེང་དུས་སྤྱིར་ཆོས་སྲིད་ཁ་བྲལ་གྱི་གོ་དོན་ནི།  སྲིད་གཞུང་གི་ངོས་ནས་སྤྱི་དམངས་ཀྱིས་ཆོས་ལུགས་གང་ལ་དད་མོས་མ་བྱས་ན་བྱེད་དགོས་ཞེས་པ་དང་བྱས་ན་མི་ཆོག་ཟེར་བ་སོགས་མེད་པ་ཞིག་ལ་ཆོས་སྲིད་ཁ་བྲལ་དང་དད་མོས་རང་མོས་ཟེར་བ་ཡིན་ཞེས་གསུངས་ནས།  ཉེ་དུས་ལ་ལས་ཆོས་སྲིད་ཁ་བྲལ་དགོས་ལ་དེའང་སྲིད་ཕྱོགས་ཀྱི་མི་སྣས་ཆོས་བྱེད་པ་ནི་ཤིན་ཏུ་མི་འོས་ཤིང་ཚབ་ཆེན་གྱི་ནོར་འཁྲུལ་ལོ།  །ཞེས་སོགས་སྒྲོག་པ་ནི་མི་འཐད་པ་བསྟན་ཡོད།  །དེ་ནས་དེ་གཉིས་ཀྱི་དོན་ལ་དཔྱད་སྐབས་ནང་ཆོས་ལྟ་བུ་འཚེ་མེད་ཀྱི་ཆོས་ལུགས་འདི་འདྲ་ནི་ཆོས་སྲིད་ཟུང་དུ་འཇུག་པ་ལ་ཧ་ཅང་འཚམས་ཤིང་དེ་ལྟར་བྱས་ན་དགེ་མཚན་དང་ལྡན་པ་ཞིག་ཏུ་ངོས་འཛིན་བྱས་འདུག།  འོན་ཀྱང་སྲིད་སོགས་ཀྱི་མི་སྣས་རང་གི་འདོད་མོས་འགྲུབ་ཕྱིར་ཆོས་ལུགས་ལག་ཆར་བྱེད་པ་ནི་མི་འོས་པའི་ཉེས་ཚབས་ཆེན་པོ་ཞིག་ཡིན་པས་སྐབས་དེར་ཆོས་པ་ཚོས་རང་ངོས་ནས་རང་ཚུགས་ཐོབ་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ཞེས་གསུངས་འདུག་གོ།

མདོར་བསྡུས་ན་ཆོས་སྲིད་ཟུང་འཇུག་གི་དོན་ལ་ཕྱི་གླིང་པས་བཤད་པ་ལས་གཞན་རང་རེའི་ཆོས་གཞུང་གི་ནང་།  དཔེ་རྙིང་གི་གསེང་། སྤྱི་ཚོགས་ཀྱི་མཐིལ་དུའང་སྒོམ་ཚུགས་ཐོབ་པ་ཞིག་ཡོད་པ་འམ་ཡོད་མྱོང་ལ།  དེ་ལྟ་བུའི་ཆོས་སྲིད་ཟུང་འཇུག་ནི་དོན་སྙིང་ལྡན་ཞིང་དགེ་མཚན་གྱིས་ཕྱུགས་པ་ཞིག་ཡིན་པས།  དུས་རབས་བར་མའི་སྐབས་ཀྱི་ཡོ་རོབ་ཀྱི་གནས་ཚུལ་རྒྱུ་མཚན་དུ་བཟུང་ནས་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཙམ་གྱིས་ཅིག་ཏུ་བརླམས་ནས་ཐམས་ཅད་ལ་སྡང་ཞུགས་བྱེད་པ་ནི་གནས་མ་ཡིན་ནོ་ཞེས་པའོ།  །

མཐོང་སྣང་དང་གོ་རྟོགས།

ཁོ་བོས་ད་ཐེངས་ཀྱི་དཔེ་ཀློག་བརྒྱུད་བཀླག་བྱའི་དཔེ་ཆར་མཐོང་སྣང་དང་དེ་ལས་རྙེད་པའི་གོ་རྟོགས་ནི།  སྤྱིར་གཞུང་འདི་རྩོམ་པ་པོ་མཁས་དབང་ཚུལ་ཁྲིམས་བློ་གྲོས་ནི་གནའ་དིང་གི་རིག་པ་སྨྲ་བའི་ཁྱུ་མཆོག་ཅེས་ཡོང་སུ་གྲགས་ཤིང་གྲུབ་པ་ལྟར།  གཞུང་འདི་རུ་ཡང་ཁོང་གི་མཁྱེན་ཡོན་གྱི་གསེར་ཞུན་མང་ཙམ་ཉིལ་ཡོད་པ་སྣང་ངོ། །དེ་ཡང་སྤྱིར་རང་རེའི་མི་རིགས་ནི་འུར་ལ་དགའ་ཞིང་ལད་ཟློས་ལ་མོས་པ་ལས་བརྟགས་ཤིང་དཔྱད་དེ་གསར་གཏོད་ལ་དེ་ཙམ་མི་དགྱེས་པའམ་མི་འཇོན་པ་འདྲ་བས་སུས་ཀྱང་དེ་ལ་ཐུགས་སྣང་དེ་ཙམ་མི་བྱེད་དོ། །དེ་བས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཐ་སྙད་ཀྱི་དོན་ལྡོག་ལ་ཡོ་རོབ་ཀྱི་དུས་རབས་བར་མའི་གནས་ཚུལ་ལས་ཅི་ཡང་འཆར་རྒྱུ་མེད་ཅིང་།  དེ་དང་དུས་རབས་བཅུ་གསུམ་ནས་ཉི་ཤུའི་བར་གྱི་རང་རེའི་གནས་སྟངས་ལ་སྦྱར་ཏེ་ཐམས་ཅད་ནས་ཐམས་ཅད་འུར་ཞིང་འགྲོག་པར་བྱས་སོ། །དེ་ལྟར་བྱས་ཤིང་བྱེད་པའི་དུས་དེར་ཁོང་གིས་ཡིག་རྙིང་དང་བཀའ་བསྟན་གྱི་བར་བསྔོགས།  དངོས་ཡོད་དང་བདེན་ལུགས་ལ་མིག་ཅེར་ནས་གཞུང་འདི་ལྟ་བུ་ཞིག་གསར་རྩོམ་ལ་ཞུགས་ཏེ་ཐམས་ཅད་ཀྱིས་གླུ་བརྒྱ་ངག་ཅིག་ཏུ་གྱེར་བའི་འོལ་ཚོད་ཀྱི་གཏམ་ཚོགས་མང་པོ་ཞིག་མིང་གི་ལྷག་མའི་གནས་སུ་བརྫངས་ཏེ་དོན་དངོས་ལ་བྱི་དོར་ཐེངས་ཅིག་བྱས་འདུག་གོ།  དོན་དངོས་ལ་བྱི་དོར་བྱེད་པ་ནི་དྲི་མ་མེད་པའི་ལུང་རིགས་འབའ་ཞིག་གི་ཐུན་མིན་གྱི་ཁྱད་གཤིས་ལགས་པས་བདག་གི་མཐོང་སྣང་ལ་དེབ་ཆུང་འདི་ནི་གླིང་བཞིའི་ཕུན་ཚོགས་ལས་ཀྱང་ནོམ་ཆེ་ལབ་རུང་མི་འོས་པའི་ཧོལ་གཏམ་ཐལ་ཆེན་ཞིག་ཏུ་མི་འདོད་པའི་ཚད་དུ་སླེབས་སོང་ཞེས་ཀྱང་བཤད་འདོད་སོང་། །དེ་ལྟར་ཕུན་སུམ་ཚོགས་པའི་དཔེ་ཆ་འདི་ལྟ་བུ་ཞིག་བཀླགས་པས་ཁྱེད་ཀྱིས་རིན་འབབ་ཅི་ཞིག་རྙེད་སོང་ཞེས་ན། ངས་ད་ཐིངས་གཞུང་འདི་ཞིབ་ཀློགས་ཚར་གཉིས་དང་རག་ཀློགས་ཐེངས་ཁ་ཤས་བྱས་པར་བརྒྱུད་རང་གི་དཔྱོད་ཤེས་དང་མཐུན་པའི་གོ་རྟོགས་ནི་མི་སོ་སོར་སྔོན་བསགས་ཀྱི་འབྲས་བུ་བླ་མེད་རེ་ཡོད་པ་ནི་སྲོག་ལྡན་གཞན་ལས་ཐུན་མིན་གྱི་སྤྱོད་ཤེས་འདི་རང་ཡིན་པས་རང་ཉིད་ལད་ཟློས་བྱེད་པའི་སྤྲེའུ་ཞིག་ལས་འགོངས་ཏེ་གསར་སྟོད་དང་བསམ་གཞིག་ལ་ཕྱོགས་པའི་མི་བུ་རྣལ་མ་ཞིག་ཏུ་འགྱུར་དགོས་པའི་མཐོ་རིམ་སྐྱེ་འགྲོའི་དམ་ཚིག་དང་།  གཞན་ཡང་ཆོས་སྲིད་ཟུང་འབྲེལ་གྱི་ཕྱོགས་ནས་སྔར་ཡོད་ཀྱི་དཔེ་ཀློག་ཐན་ཐུན་རེས་བསྐྱེད་པའི་ལོག་ཤེས་གང་མང་ཞིག་ཐེ་ཚོམ་གྱི་ངོ་བོར་འཕོས་ཤིང་ཐེ་ཚོམ་གྱི་དྲ་བ་དུ་མ་ཞིག་ཆར་རྗེས་ཀྱི་འཇའ་ཚོན་བཞིན་སྟོང་དབྱིངས་སུ་ཡལ་སོང་ངོ་། །ད་དུང་ནམ་རྒྱུན་མཐོང་ཆེ་བའི་དཔེ་དེབ་ཀྱིས་ང་ལ་བསྐྱེད་པའི་ཚོར་ཤེས་ཤིག་སྟེ་ཕ་རོལ་ཏུ་ཅི་ཞིག་ཡོད་དམ།  ངས་ད་དུང་གང་མང་ཞིག་གཞི་ནས་ཤེས་དགོས་འདུག་ཅེས་པའོ།།

རབ་གནས་ལྕགས་བྱི་ལོའི་ཟླ་༡ཚེས་༤ཉིན་གྲུབ།
2020.2.27.