ཞང་ཚལ་པའི་རྣམ་ཐར་རྒྱལ་བློན་མའི་བཀླགས་བྱང་།

དཔེ་མིང་དང་དཔེ་ཆ།

ཞང་རིན་པོ་ཆེའི་རྣམ་ཐར་རྒྱལ་བློན་མ་བཞུགས་སོ།།

རིགས་དབྱེ། 

ལོ་རྒྱུས། རྣམ་ཐར།

རྩོམ་པ་པོ།

  རྣམ་ཐར་འདི་ཞང་ཚལ་པའི་གསུང་འབུམ་ཆ་པའི་ནང་དུ་བཞུགས། བོད་པོད་ལྡེབ་མ་དྲུག་བཅུ་ཙམ་མཆིས། མཇུག་བྱང་དུ་རྩོམ་པ་པོའི་མཚན་བྱང་མི་གསལ་ནའང་བླ་མ་ཞང་འདས་ནས་སྐུ་གདུང་བཞུ་འབུལ་སྐབས་ཀྱི་རྣམ་པ་དང་མཛད་རིམ་ཞིབ་མོར་བྲིས་པ་ལས། མར་པ་ལྷ་བཙུན་དང་ང་གཉིས་ཀྱིས་ཁྲིའི་ཤུལ་བཤམས་ཞེས་བྱུང་བས་ན་དེ་དུས་ཀྱི་མི་ཞིག་ཡིན་པ་གསལ། སྤྱིར་རྣམ་ཐར་འདིའི་སྟོད་ཆ་ནི་ཞང་ཚལ་པའི་རང་རྣམ་ཤེས་གྲུབ་མ་རང་དུ་འདུག་ལ། མཇུག་གི་དུས་དང་འདས་རྗེས་ཀྱི་རྣམ་ཐར་དེ་རྩོམ་པ་པོས་ཡར་ཁ་སྣོན་བྱས་པ་ལྟ་བུར་སྣང་ངོ་། །

མི་སྣ་གཙོ་བོ།

   ཞང་གཡུ་བྲག་པ།

ནང་དོན།

ཞང་ཚལ་པའི་མི་ཚེའི་ལོ་རྒྱུས།

ནང་དོན་རགས་བསྡུས་དང་བཀླགས་ཚོར།

  (འདིར་རྣམ་ཐར་རང་གི་ཚིག་འགྲོས་ཇི་བཞིན་ཁོང་གི་མཛད་པ་མདོར་སྡུས་བཀོད་ཅིང་། དམིགས་བསལ་སྐབས་སྐབས་སུ་རང་གི་བསམ་ཚུལ་ཐོར་བུ་བྲིས་ཡོད་ལ། རྣམ་ཐར་འདི་དང་རང་རྣམ་ཤེས་གྲུབ་མ་ལས་བྱུང་བའི་ལོ་སྙིང་དང་ལོ་ཁམས་ལ་ཕྱི་ལོའི་ལོ་ཚིགས་རགས་རིམ་ཞིག་བསྒྲིགས་ཡོད་མོད་ནོར་བ་མཆིས་སྲིད། ནང་གི་ཉམས་རྟོགས་འཕེལ་རིམ་གྱི་སྐོར་འདིར་ཅིའང་དྲངས་མེད། མེད་དོན་ཡང་བཀའ་རྒྱ་བྱས་འདུག་པས་ཡིན།)

ཚལ་པ་བཀའ་བརྒྱུད་ཀྱི་མེས་ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་འཁྲུངས་ཡུལ་ནི་ཚལ་པ་གྲུ་ཡིན།(༡༡༢༢/ཆུ་སྟག)སྟག་གི་ལོར་འཁྲུངས། རིགས་ཞང་། ཡབ་ཀྱི་མཚན་ལ་རྡོ་རྗེ་སེམས་དཔའ། ཡུམ་གྱི་མཚན་ལ་ཤུད་མོ་བཟའ་མང་སྐྱིད་ཞུ། ཡུམ་ཇོ་ལོག་མ་ཡིན། སྐབས་དེ་དུས་སུ་ཡུམ་ཇོ་ལོག་མ་ཡིན་པས་མི་ཁ་ཕོག་གི་ཡོད་ཚོད་འདུག། འོན་ཀྱང་ཡུམ་ཇོ་ལོག་མ་འདི་ནི་སྙིང་སྟོབས་ཆེ་ཞིང་མ་འོངས་པ་ལ་འཆར་གཞི་ཡོད་པ་ཞིག་ཡིན་ཏེ། མོས་བུ་ཆེ་བ་མི་སྐྱ་བྱེས་ཏེ་སྲིད་བཟུང་བ་དང་། ཆུང་བློ་རིག་རྣོ་བ་དར་མ་གྲགས་པ་གྲྭ་པ་བྱས་ནས་ཆོས་སྲིད་གཉིས་ལ་སྨན་པའི་མི་སྣ་གསོ་སྐྱོང་གནང་འདོད་ཀྱི་འདུན་མ་མཆིས་ཏེ། དེའང་མ་ན་རེ། མི་རྣམས་ཀྱིས་ང་ལ་ལྷ་ཐལ་ཁུང་དུ་མཆོང་། བནྡེ་མོ་འབངས་མི་ཐང་ཟེར་ཏེ། ང་དགེ་སློང་མ་གསལ་བའི་ཚུལ་ཁྲིམས་དང་འདྲ་བ་ཡིན། ངའི་བུ་ཆུང་བ་འདི་ལ་དགེ་བཤེས་ཆེན་པོ་བསྟན་པའི་བདག་པོ་ཞིག་བྱེད་དུ་འཇུག་པ་ཡིན། བུ་ཆེ་བ་འདི་ལ་མི་ཆོས་ཀྱི་རྒྱུད་པ་འཛིན་དུ་བཅུག་ནས་འདིའི་ཞབས་ཏོག་བྱེད་དུ་འཇུག་པ་ཡིན་ཟེར། ཐོག་མའི་ཡི་གེ་ཡུམ་གྱི་མདུན་ནས་སྦྱོང་། བུ་ཆེ་ཆུང་གཉིས་ལས་ཆུང་བ་ཡིན། ཆེ་བ་ལ་དར་མ་གཞོན་ནུ་ཞུ། ཆུང་བའི་མིང་ལ་དར་མ་གྲགས་པ་འབོད། དགུང་ལོ་བཞི་(༡༡༢༦/མེ་རྟ)ཐོག་དམྱལ་བའི་སྡུག་བསྔལ་ཐོས་ནས་དེར་མི་འགྲོ་ཐབས་ཕ་ལ་དྲིས་པར་སྐྱབས་འགྲོ་དང་ཕྱག་དགོས་པར་བཤད་པས། དེ་ནས་བཟུང་མེས་པོའི་བཀའ་པོད་ལ་ཕྱག་བྱས། ཕ་མ་གཉིས་ཀྱིས་ཡིག་བརྒྱ་བསླབས། ཁོང་ཆུང་དུས་ཉིན་རེ་ཡིག་བརྒྱ་ཚར་དགུ་འདོན་སྲོལ་ཡོད་འདུག།  ལོ་བཞི་ལྔ་ཙམ་ལ་མ་ཇོ་དང་མཇལ། སྐྱེས་བུ་ཆེན་པོ་ཡིན་པར་ལུང་སོགས་བསྟན། ལོ་བཅུ་ཐོག་སློབ་དཔོན(༡༡༣༢/ཆུ་བྱི)༡རྗེའུ་སྟོན་པའི་མདུན་ནས། འཕགས་པ་བསྡུད་པ། མངོན་རྟོགས་རྒྱན། ཤེར་སྙིང་སོགས་སྦྱོང་། ལོ་བཅུ་གཅིག་(༡༡༣༣/ཆུ་གླང)ཐོག་༢རྔོག་ཆོས་སྐུ་རྡོ་རྗེ་མཇལ། མཚན་བརྗོད་དང་དགྱེས་རྡོར། གུར་བརྟག། མ་ཧ་མ་ཡ། རྡོ་རྗེ་འབྱུང་བ་བཅས་ཞུས།  ༣སློབ་དཔོན་སམ་བྷུ་ལོ་ཙཱ་བ་ལས་མངོན་པ་གསན།  ༤སློབ་དཔོན་སྒྲོལ་མཉན་ལས་གཤིན་རྗེ་རྭ་སྒྲོལ་ཞུས། ཡི་དམ་དཔལ་འབར་དབང་ཕྱུག་གིས་ཞལ་གཟིགས། དེ་ནས་ཕྱིས་ཙམ་ན་ཕ་རྒན་གྲོངས། སློབ་དཔོན་རྔོག་ཀྱང་འདས། ཁམས་སུ་ཕྱིན། ལོ་བཅོ་བརྒྱད་(༡༡༤༠/ལྕགས་སྤྲེལ)ཐོག་༦སློབ་དཔོན་རུ་སྟོན་གྱི་མདུན་ནས་མཐུ་ཞུས། དབུས་པ་མཐུ་ཆེན་དུ་གྲགས་པ་བྱུང་། ལོ་ཉི་ཤུ་རྩ་གསུམ་(༡༡༤༥/ཤིང་གླང)པ་ལ་༧སློབ་དཔོན་བླང་སྟོན་གྱི་སྤྱན་སྔར་ཚངས་སྤྱོད་ཀྱི་སྡོམ་པ་གཏན་ཁྲིམས་ལྔ་བླངས། ཕྱིས་སྐབས་ཤིག་རྒྱགས་ཆད་པ་དང་ཟླ་བོ་ལའང་ཡིད་མུག་ལ་བརྟེན་ནས་འཁོར་བ་ལ་ངེས་འབྱུང་དང་ཞེན་ལོག་དྲག་པོ་སྐྱེས། མཐུ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་བྱ་རེ་ཞེས་མནའ་དྲག་པོ་དོར། དུས་དེར་ནས་བཟུང་མཐུ་སྤངས་པ་ཡིན་ནོ། ། ལོ་ཉེར་དྲུག་(༡༡༤༨/ས་འབྲུག)གི་དུས་སུ་མདོ་སྡེ་དཀོན་བརྩེགས་གཟིགས་སྐབས་སུ་དགེ་སློང་དགེ་སློང་ཞེས་མང་དུ་འབྱུང་བ་མཐོང་ནས་དད་པ་སྐྱེས། མི་ཚེ་འདིར་རབ་དུ་བྱུང་ཞིང་དགེ་སློང་གི་སྡོམ་པ་མ་ཞུས་ན་ཆུད་ཟོས་སུ་དགོངས་ནས། ཁམས་པའི་ས་ཆ་ནས་སྡོམ་པ་སྒྲུབ་གྲབས་བྱས། སློབ་དཔོན་འོད་མཆོད་ལ་གྲོས་ཞུས་པར། ཁོང་གིས་རབ་ན་རབ་ཏུ་མ་བྱུང་། ཅིས་ཀྱང་རབ་བྱུང་བྱ་དགོས་ན་སྡོམ་པ་དབུས་ནས་ཞུ་དགོས་པར་བཤད་ཅིང་། གཞན་དག་གིས་ཀྱང་དེ་ལྟར་གསུངས་པ་ལ་ཡ་མ་བྱས་པར། ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་ཡིན་པས་དབུས་ལ་འགྲོ་བའི་ལམ་བར་ནས་ཤི་ན་ཅི་བྱ་དགོངས་ནས་མཁན་པོ་མཁར་འགོ་བ་དང་། སློབ་དཔོན་དགྲ་མཁར་བ། གསང་སྟེ་གཟུ་ལྗང་མདོ་པ། དགེ་འདུན་སྙམས་ལྡོམ་བཅུ་གསུམ་གྱི་གྲལ་ནས། འབྲུག་ལོའི་དཔྱིད་ཟླ་ཐ་ཆུང་གི་ཚེས་གསུམ་ཉིན་དགོང་ཐུན་དང་པོར་བསྙེན་པར་རྫོགས།  དེ་ནས་བླ་མ་༨དཔལ་ཆེན་རྒ་ལོ་ཁམས་སུ་བྱོན་པ་དང་མཇལ་ནས། རྗེས་སུ་འཛིན་པར་ཞུས་ནས་ཆོས་ཚན་མང་པོ་དང་དབང་ལུང་མང་དུ་གསན། དབུས་སུ་བྱོན་ནས་རི་ཁྲོད་མང་པོར་སྒོམ་སྒྲུབ་བྱས། ༩རྗེ་ཡེར་པ་བ་དང་མཇལ། ནཱ་རོའི་གཏུམ་མོའི་གདམས་ངག་གསན། ལྷ་ལུང་དུ་ཕྱིན།  (༡༡༥༦-༡༡༥༧/མེ་བྱི་མེ་གླང་གང་རུང་ཡིན་པར་སྣང)༡༠དྭགས་པོའི་ཚ་བོ་མཇལ། ཞལ་མཐོང་ཙ་ན་ཨ་ཙ་ར་འདྲ་བ་ཞིག་འདུག་ཅེས་གསུངས། དེ་དུས་ཞང་གིས་སྒྲུབ་པ་མཛད་ནས་ལོ་བརྒྱད་ཡིན། ལྷན་གཅིག་སྐྱེས་སྦྱོར་གནང་། གདན་ས་ཐོག་མ་གཡུ་བྲག་བཏབ། དེ་ནས་དབུ་རུའི་སློབ་མ་རྣམས་ཀྱིས་ཞུ་བ་ཕུལ་ནས། (༡༡༧༥/ཤིང་ལུག)ལུག་ལོ་ལ་ཚལ་དུ་དགོན་པ་བཏབ་བོ།།

རྗེ་འདིས་ཡར་མར་རི་ཁྲོད་ངེས་མེད་དུ་སྒྲུབ་པ་ལོ་མང་མཛད་པ་ལ་བརྟེན་ནས། ཉམས་རྟོགས་རྒྱུད་ལ་སྐྱེས་ཤིང་གྲུབ་པ་ཐོབ་ནས་ཕྱག་ཆེན་གྱི་བརྒྱུད་པ་འཛིན་པའི་གྲལ་གྱི་དབུ་རུ་ཚུད། དུས་ཡུན་དེའི་ནང་དུ་ཡི་དམ་གྱི་ཞལ་གཟིགས་དང་གྲུབ་པའི་རྟགས་སོགས་ཐུན་མོང་ཐུན་མིན་གྱི་རྣམ་ཐར་མང་དུ་མཆིས་པ་རྒྱས་ཙམ་ཤེས་འདོད་ཚེ་རྣམ་ཐར་དངོས་ལ་གཟིགས་པར་ཞུ།

དེ་ནས་མཚམས་འདིར་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་རྗེ་དུས་གསུམ་མཁྱེན་པའི་རྣམ་ཐར་བསྟོད་པ་ལས།

དྭགས་ལྷ་སྒམ་པོའི་གདན་ས་གསོས། །

ཚལ་པའི་འཁྲུག་པ་མ་ལུས་བསྡུམས།།

  ཞེས་གསུངས་པ་ལས་ཕྱི་མ་ཞང་ཚལ་པའི་དམག་འཁྲུག་དང་དམག་འཁྲུག་བསྡུམ་པའི་སྐོར་ནས། རྣམ་ཐར་འདིར་ཅུང་ཙམ་གསལ་བ་རྣམས་བཀོད་པར་བྱ་སྟེ། དེའང་རྣམ་ཐར་ལས། སྙིགས་མའི་དུས་སུ་བསྟན་པ་ལ་གནག་པ་རྣམས་དགྲར་ལངས་པས་གཡོ་རུ་ཆུ་རྒྱུད་ཀྱི་བསྟན་པ་རྣམས་ནུབ་པ་ལ་ཐུག་ནས་བསྟན་པ་རིན་པོ་ཆེ་ལ་གཉེར་ཆུར་བྱས་པའི་སོ་བསོད་ཀྱིས་དགོས་པ་མེད་པར་དགོངས་ནས། དགྱེར་དུ་དམག་གྲངས། ཞེས་བྱུང་ཞིང་གཡོན་རུ་དགྱེར་པ་ལ་དམག་གྲངས། དྲངས་དོན་ཀྱང་སྒེར་གྱི་དགྲ་གཉེན་ཆགས་སྡང་གིས་མིན་པར། སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཆེད་དུ་ཡིན་པ་གོང་གསལ་པ་ལྟར་དང་།། དེ་འོག་ཏུ་ཡང་རྣམ་ཐར་ལས། བསྟན་པའི་གནོད་བྱེད་ཐུལ་ཞིང་། གདུལ་བྱ་དུས་ལ་བབས་པར་གཟིགས་ནས། གདོས་པར་འཁྲུག་པ་མཛད། ཅེས་བྱུང་ཞིང་གདོས་པ་ལ་དམག་གྲངས། དགྱེར་པ་དང་གདོས་པ་འདི་དབུས་གཙང་རུ་བཞི་ལས་གཡོན་རུ་ཡིན་པར་སྣང་ནའང་། གུས་པ་ཐོས་ཤེས་དམན་པས་ད་ཆ་གནས་འདི་གང་ཡིན་མ་རྟོགས། མཁྱེན་ལྡན་གྱིས་དཔྱད་པར་འཚལ། དེ་ལྟར་དྲག་པོའི་དམག་དྲངས་སྐབས་སུ་སྔ་མོའི་དུས་ནས་མཐུ་བཅད་པས་དང་། ཐུགས་རྒྱུད་གཉིས་མེད་ཀྱི་བློ་དང་བྱང་སེམས་ཀྱིས་ཕྱུག་པས་ཡིན་པར་སྣང་སྟེ། འཁྲུག་པའི་སྐབས་ཆོས་སྐྱོང་ལ་གསོལ་འདེབས་བྱེད་པའི་སྲོལ་མེད་པར་འདུག་སྟེ། རྣམ་ཐར་ལས་འཁོར་རྣམས་ན་རེ། འཁྲུག་པ་འདི་ཙམ་བྱེད་པ་ལ་ད་རེས་དྲག་པོའི་ལས་བྱ་བའི་ཕྱིར་སློབ་དཔོན་ཆོས་སྐྱོང་ལ་གསོལ་བ་འདེབས་ཐང་ཟེར་བ་ལ། རིན་པོ་ཆེའི་ཞལ་ནས་ཆོས་སྐྱོང་ལ་དྲག་པོའི་ལས་མི་ཞུ། བྱང་ཆུབ་སེམས་དཔའ་ལ་ཞུ་དགོས་པ་ཡིན། ཞེས་གསུངས། རྣམ་ཐར་འདི་ལས་གོང་གསལ་གྱི་གཡས་རུར་དམག་དྲངས་པའི་སྐོར་ལས་གཞན་མ་སྣང་ལ། དེ་བཞིན་དུས་གསུམ་མཁྱེན་པས་འཁྲུག་པ་བསྡུམས་པའི་སྐོར་ལའང་གསལ་ཁ་མི་འདུག། དེ་བས་ཞང་གི་འཁྲུག་པ་བསྡུམས་པའི་ལོ་རྒྱུས་ནི་དུས་གསུམ་མཁྱེན་པའི་རྣམ་ཐར་དང་འབྲེལ་ཡོད་ཆོས་འབྱུང་ཁག་ཏུ་གཟིགས་པ་གལ་ཆེ། གཞན་འདིར་དུས་གསུམ་མཁྱེན་པ་ཞང་གི་མདུན་དུ་ཕྱིན་ནས་འཁྲུག་པ་མི་མཛད་པའི་རེ་བ་ཞུ་སྐབས། བླ་མ་ཞང་གིས་བཞེངས་པར་གྲགས་པའི་མགུར་ཞིག་བཀའ་བརྒྱུད་མགུར་མཚོ་ལས་ཁུལ་དུ་ཕྱུངས་ནས་དྲངས་ན།

རྒྱལ་ཁྲིམས་མེད་པའི་བོད་ཁམས་འབངས་སིལ་བུར་ཡོད་དུས་རི་རྒྱ་ཀླུང་རྒྱ་མཛད། གུང་ཐང་གི་ལྷ་ཁང་བཞེངས། རྒྱ་འོག་ཏུ་མ་འདུས་པ་རྣམས་སྤྲུལ་པའི་དམག་གིས་བཏུལ་ཏེ། དབོན་དར་མ་གཞོན་ནུ་སོགས་འཁྲུག་གྲལ་དུ་ལྷ་ཡི་ཞལ་མཐོང་བ་དང་ཕྱག་ཆེན་གྱི་རྟོགས་པ་སྐྱེས་པ་མང་དུ་བྱུང་། གཡུལ་ལས་རྒྱལ་བའི་ཚུལ་གྱི་རྡོ་རྗེའི་གླུ་བཞེངས་པ་ནི།

 

༈ ཨང་གི་ཕུག་རོན་སྔོ་ཆུང་མ། །

ཁྱོད་ཉི་མ་ཤར་གྱི་ཕྱོགས་སུ་འགྲོ་མི་འགྲོ། །

ཁྱོད་ཉི་མ་ཤར་གྱི་ཕྱོགས་སུ་འགྲོ་ཟེར་ན། །

ཤར་རྡོ་རྗེ་སེམས་དཔའ་ལ་འཕྲིན་གཅིག་སྐྱོལ།།

བླ་མ་ཞང་འཁྲུག་པ་ཡང་རྒྱལ་འདུག་གྱིས། །

སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས།།

དགེ་འདུས་ཀྱི་དབུ་འཕང་མཐོ་འདུག་གྱིས། །

སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས།།

ཨང་གི་ཕུག་རོན་སྔོ་ཆུང་མ། །

ཁྱོད་ཉི་མ་ལྷོ་ཡི་ཕྱོགས་སུ་འགྲོ་མི་འགྲོ། །

ཁྱོད་ཉི་མ་ལྷོ་ཡི་ཕྱོགས་སུ་འགྲོ་ཟེར་ན། །

ལྷོ་རིན་ཆེན་འབྱུང་ལྡན་ལ་འཕྲིན་གཅིག་སྐྱོལ།།

བླ་མ་ཞང་འཁྲུག་པ་ཡང་རྒྱལ་འདུག་གྱིས། །

སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས།།

དགེ་འདུས་ཀྱི་དབུ་འཕང་མཐོ་འདུག་གྱིས། །

སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས།།

ཨང་གི་ཕུག་རོན་སྔོ་ཆུང་མ། །

ཁྱོད་ཉི་མ་ནུབ་ཀྱི་ཕྱོགས་སུ་འགྲོ་མི་འགྲོ། །

ཁྱོད་ཉི་མ་ནུབ་ཀྱི་ཕྱོགས་སུ་འགྲོ་ཟེར་ན། །

ནུབ་སྣང་བ་མཐའ་ཡས་ལ་འཕྲིན་གཅིག་སྐྱོལ།།

བླ་མ་ཞང་འཁྲུག་པ་ཡང་རྒྱལ་འདུག་གྱིས། །

སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས།།

དགེ་འདུས་ཀྱི་དབུ་འཕང་མཐོ་འདུག་གྱིས། །

སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས།།

ཨང་གི་ཕུག་རོན་སྔོ་ཆུང་མ། །

ཁྱོད་ཉི་མ་བྱང་གི་ཕྱོགས་སུ་འགྲོ་མི་འགྲོ། །

ཁྱོད་ཉི་མ་བྱང་གི་ཕྱོགས་སུ་འགྲོ་ཟེར་ན། །

བྱང་དོན་ཡོད་གྲུབ་པ་ལ་འཕྲིན་གཅིག་སྐྱོལ།།

བླ་མ་ཞང་འཁྲུག་པ་ཡང་རྒྱལ་འདུག་གྱིས། །

སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས།།

དགེ་འདུས་ཀྱི་དབུ་འཕང་མཐོ་འདུག་གྱིས། །

སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས།།

ཨང་གི་ཕུག་རོན་སྔོ་ཆུང་མ། །

ཁྱོད་ཉི་མ་དབུས་ཀྱི་ཕྱོགས་སུ་འགྲོ་མི་འགྲོ། །

ཁྱོད་ཉི་མ་དབུས་ཀྱི་ཕྱོགས་སུ་འགྲོ་ཟེར་ན། །

དབུས་རྣམ་པར་སྣང་མཛད་ལ་འཕྲིན་གཅིག་སྐྱོལ།།

བླ་མ་ཞང་འཁྲུག་པ་ཡང་རྒྱལ་འདུག་གྱིས། །

སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས།།

དགེ་འདུས་ཀྱི་དབུ་འཕང་མཐོ་འདུག་གྱིས། །

སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས།།

  མགུར་ལས་གསལ་བའི་ཕུག་རོན་སྔོ་ཆུང་ཞེས་པ་འདི་དུས་གསུམ་མཁྱེན་པ་ལ་ཟེར་བ་དང་། དུས་མཁྱེན་གྱི་དབུ་སེ་ཡོད་པས་ན་ཕུག་རོན་སྔོ་ཆུང་ཞེས་བླ་མ་ཞང་གིས་གསུངས་པར་སྐད་དུ་འདུག། རྣམ་ཐར་འདི་ལས་མཇུག་ཏུ་དབུས་གཙང་རུ་བཞི་དབང་དུ་བསྡུས་ཞེས་པ་དང་།  འདིའི་སྐོར་གཞན་ནས་རྒྱས་པར་གཟིགས།

བླ་མ་ཞང་གིས་སྒྲུབ་པ་རི་ལ་བྱས། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་ཏེ། གདུལ་བྱ་དུས་ལ་བབས་པ་དགོངས་ནས་གཡུ་བྲག་ཏུ་ཚོགས་པ་བསྐྱངས། བསྟན་པའི་གཞི་ཚལ་དང་གུང་ཐང་དུ་དགེ་འདུན་གྱི་སྡེ་བཙུགས། བྱང་སེམས་སྤྱད་དེ་དབུས་གཙང་རུ་བཞི་དབང་དུ་བསྡུས།བསྟན་པའི་བདག་པོ་ཇོ་བོ་ཤཱཀྱའི་ལུགས་མ་ཆེན་པོ་བཞེངས། མཆོད་རྟེན་ཆེན་པོ(༡༡༩༣/ཆུ་གླང)གླང་གི་ལོ་ལ་རྨང་བཏིང་། རྟག་པར་སློབ་ཚོགས་སྐྱོང་ཞིང་ཆོས་ཁྲིད་ཆད་མེད་དུ་གནང་། སྤྱིར་བཀའ་བརྒྱུད་པའི་གྲུབ་ཐོབ་རྣམས་ནི་མི་ཚེ་རི་ལ་སྤྱད་པའི་རི་པ་ཡིན་པས། སློབ་མར་ཆོས་ཁྲིད་ཆད་མེད་བྱས་པའི་རྣམ་ཐར་དེ་ཙམ་མེད་ནའང་། བླ་མ་ཞང་ནི་རྗེ་ཕག་གྲུ་པ་སོགས་བཀའ་བརྒྱུད་ཀྱི་མེས་པོ་གཞན་དང་འདྲ་བར་སྣང་སྟེ། སྐུ་ཚེའི་དགོངས་པ་རྫོགས་ལ་ཉེ་ནས་སྐུ་ཁམས་ཤིན་ཏུ་བསྙུན་ནའང་། ཆོས་ཁྲིད་ཆད་མེད་མཛད་པའི་རྣམ་ཐར་ནི་འདི་ལྟར་ཏེ། སྐུ་ཁམས་ཇི་ལྟར་བསྙུན་ཡང་གྲྭ་པ་རྣམས་ཀྱི་ཆོས་ཆག་གི་དོགས་པའི་ཐུགས་ཁྲལ་ཆེ་བར་མཛད་ནས། ཆོས་མ་ཆག་པར་གསུངས། ཁྱོགས་ལ་སྤྱན་དྲངས་ཀྱིས་ཆོས་གསུང་པ་ཡང་བྱས། གྲགས་པ་རྒྱལ་པོས་ཁུར་ཞིང་སྤྱན་དྲངས་ནས་ཆོས་གསུངས་པ་ཡང་བྱས་ཞེས་བྱུང་བས། བཀའ་བརྒྱུད་ཀྱི་རྗེས་འཇུག་མཁན་མིང་པ་ཚོས་མིག་དཔེར་འོས་སོ།།

མཐར་སྐུ་ཁམས་སངས་དྲག་མ་སོང་བར་དགུང་ལོ་བདུན་བཅུ་དོན་གཉིས(༡༡༩༣/ཆུ་གླང)པའི་སྟོན་ཟླ་ར་བའི་ཚེས་བཅུ་ནམ་ཕྱེད་ཡོལ་ཙམ་ལ་སྐུ་འདས། འདས་རྗེས་ཀྱི་གདུང་མཆོད་ལ་ཤར་ནས་མཁན་པོས་དབྱངས་གྲྭ་གསུམ་བཙུགས་ནས་མཆོད་པ་ཕུལ། ལྷོ་ནས་ཕྱོགས་ཀྱི་སྔགས་པས་སྔགས་གསར་རྙིང་གི་དཀྱིལ་འཁོར་བཞེངས་ནས་མཆོད་པ་ཕུལ། བོན་སྟོན་རྒྱ་སྒོམ་གྱིས་དབུ་མཛད་པའི་བོན་པོ་ཐམས་ཅད་ཀྱིས་བོན་གྱི་དཀྱིལ་འཁོར་བཤམས་ནས་མཆོད་པ་ཕུལ་བའི་རྣམ་ཐར་འདི་ལྟར་ན་ཚལ་པ་བཀའ་བརྒྱུད་ཀྱིས་བོན་ལ་ཕྱོགས་རིས་བྱེད་ཀྱི་མེད་ཚོད་འདུག། པུར་སྦྱངས་པའི་ས་ནི་རྗེ་ཉིད་ཀྱིས་བཞེངས་པའི་མཆོད་རྟེན་ཆེན་མོའི་ཐོག་ཏུ་བྱས་པ་གསལ། མཆོད་རྟེན་ཆེན་པོ་འདི་ནི་བླ་མ་ཞང་གི་སྐུ་ཚེའི་མཇུག་གི་མཛད་པ་གཙོ་གྲས་གཅིག་ཡིན་པར་འདུག་ཅིང་། གཞི་རྒྱ་ཆེ་བར་སྣང་བས་ད་ཆ་རྗེས་ཤུལ་ལྷག་ཡོད་མེད་དཔྱད་པ་འཚལ་ཞེས་ཀྱང་ཞུའོ།།

༢༠༢༠/༣/༢༦ཉིན། ཆུ་སྒང་ཤཱཀྱ་ཤེས་རབ་ཀྱིས་འབུམ་ཡག་བཤད་གྲྭ་ནས་སྦྱར།