ཁྲོ་ཕུ་བསོད་ནམས་སེང་གེ་ངོ་སྤྲོད། 
མཚན། ཁྲོ་ཕུ་བསོད་ནམས་སེང་གེ། ཡབ་ཁྲོ་ཕུ་ལོ་ཙཱ་བ། འཁྲུངས་ལོ། ༡༢༢༩། འདས་ལོ། ༡༢༩༨། སློབ་མའི་གཙོ་བོ་རྩེ་བ་རིན་ཆེན་སེང་གེ། སྐུ་ཚེའི་མཛད་པ་གཙོ་བོ། འབུམ་མོ་ཆེ་གསར་བཞེངས་(དགུངས་ལོ༥༡།  ས་ཡོས  འབུམ་མོ་ཆེ་ལས་མགོ་བཟུང་།)དང་། བོ་དོང་བྲག་རུ་དགོན་ནས་སྡེ་སྣོད་འཛིན་པ་ལྔ་བརྒྱ་ཙམ་གསོ་སྐྱོང་མཛད། 
(འདི་ནས་ཡབ་ཁྲོ་ལོ་དང་ཁོང་གི་སྲས་ལ་ཁྲོ་བུ་ཞུ་བ་ལྟར། ཁྲོ་བུ་ནི་ཁྲོ་ཕུ་བསོད་ནམས་སེང་གེ་ལ་གོ་དགོས།)

 

ཁྲོ་བུ་བསོད་ནམས་སེང་གེས་སྙིང་གཏམ་ཞིག་མཛད་ཡོད་པ་ཏན་ཏན་རེད་བསམ་གྱི་འདུག། འདི་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནས་ལྷོ་རོང་ཆོས་འབྱུང་དུ་ཁྲོ་བུས་རང་ཉིད་ཀྱི་འདུན་མ་ཇི་བཞིན་སྙིང་གཏམ་སུམ་ཅུ་ལག་ལེན་བྱས་པ་གསལ་ཁ་འདུག། གཉིས་ནས་ཁོང་འདས་ནས་ལོ་༥༩ཙམ་གྱི་དུས་སུ་བྱོན་པའི་མཁས་པས་ཀྱང་ཁྲོ་ཕུའི་སྙིང་གཏམ་སུམ་ཅུ་པ་ལས་ཞེས་ལུང་དྲངས་པས་སོ།  

  ད་ལྟ་དོགས་གཞི་དང་རྩོད་གཞི་རུ་གྱུར་པའི་ཁྲོ་བུས་མཛད་པའི་སྙིང་གཏམ་དེ་སྙིང་གཏམ་སུམ་ཅུ་པ་འདི་རེད། འོན་ཀྱང་འཇིགས་མེད་གླིང་པའི་ཡར་སྔོན་གྱི་མཁས་པ་མང་པོས་སྙིང་གཏམ་སུམ་ཅུ་པའི་ལུང་ཇི་བཞིན་དྲངས་ནས་འདི་ཁྲོ་བུས་མཛད་པ་བཤད་འདུག་པར་བསམ་ན།  མིན་པའི་ངེས་པ་མི་འདུག། མ་ཚད་ཡིན་པ་ལྟ་བུར་མཐོང་། 

    དེའང་དལ་མོར་ཞུས་ན། ར་སེས་ཁྲོ་བུའི་འཁྲུངས་ལོ་དེ་༡༢༡༩ཡིན་པར་གསུངས་འདུག་ནའང་། གནུབས་སྟོན་ཆོས་རྒྱལ་གྱིས་མཛད་པའི་ཁྲོ་ལོའི་རྣམ་ཐར་ལྟར་ན། ཁྲོ་བུ་ལོ་བདུན་ཐོག་ཁྲོ་ལོ་འདས་པས་ན་ཕྱི་ལོ་༡༢༢༩ལོ་ལ་ཁེལ་འདུག།   ཁྲོ་བུ་འདས་ལོ་ནི་༡༢༩༨པ་ཡིན།  ཁྲོ་ཕུ་བུ་སྟོན་ལོ་བདུན་ཐོག་ཁྲོ་བུ་མཇལ་ཞིང་དེའི་ཕྱི་ལོར་ཁོང་འདས་པ་གསལ། དེ་ནས་ཁྲོ་བུ་མི་ཡུལ་དང་གྱེས་ནས་ལོ་༡༠ཡི་རྗེས་སུ་ཀློང་ཆེན་པ་འཁྲུངས་པ་ཡིན།  དེ་བས་ཀློང་ཆེན་པའི་ཡར་སྔོན་དང་ཁྲོ་བུས་སྙིང་གཏམ་མཛད་ཟིན་པའི་རྗེས་ཀྱི་མཁས་པའི་གསུང་ཞིག་ཁྱེར་ནས་སྙིང་གཏམ་དེ་ཁྲོ་བུའི་ཡིན་པ་བསྒྲུབ་དགོས་ཞེ་ན།  དེ་འདྲའི་ལུང་ཚིག་ཅིག་རྙེད་དཀའ་མོ་རེད་བསམ། རྒྱུ་མཚན་རྣམ་ཐར་གྱི་ཚིག་གི་བསྟན་ཤུགས་དང་གུང་བསྒྲིགས་ནས་ཚོད་དཔག་བྱས་ན་ཧ་ལམ་ཁྲོ་བུ་དགུང་ལོ་ཉེ་ཤུ་ལྷག་གི་དུས་སུ་མཛད་ཡོད་པར་འདོད་དེ།  ཁོང་དགུང་ལོ་ཉི་ཤུའི་ཐོག་ཚད་མ་སོགས་གཞན་ལ་འཆད་ཀྱིན་པ་དང་། དེའི་རྗེས་ཙམ་དུ་ཐོས་བསམ་མཐའ་ཆོད་དེ་མི་ཚེ་སྒྲུབ་པ་ལ་གཞོལ་ནས་སྒྲུབ་བརྒྱུད་གོང་མའི་མཛད་པ་སྐྱོང་སྟེ་ཕུ་ཁུང་འདག་སྦྱར་བྱ་གྲབས་བྱས་པ་གསལ། འོན་ཀྱང་ཁོང་གི་ཐུགས་འདུན་དེ་ལ་བླ་མས་བཀའ་བཀྱོན་གནང་བར་བརྟེན་མུ་མཐུད་ཐོས་བསམ་བྱས་པ་ཡིན་འདུག་ལ། དུས་ཡུན་དེ་ཙམ་དུ་ཁོང་དང་བཅོམ་ལྡན་རིག་རལ་བར་ལ་ཆོས་ཀྱི་བགྲོ་གླེང་བྱས་པ་དང་། བཅོམ་ལྡན་རིག་རལ་གྱིས་ཁོང་ལ་ལན་མ་ཕོག་པའི་རྣམ་ཐར་གསལ་བས། རྗེ་འདི་སྐུ་ན་ཆུང་ངུའི་དུས་ནས་མཁས་པར་གྱུར་ཡོད་པར་མངོན། འདི་ལྟར་བྱས་ན་ཁྲོ་བུས་བསྟན་བཅོས་མཛད་ནས་ཀློང་ཆེན་པའི་བར་དུ་ལོ་༦༠ཙམ་ཕྱིན་འདུག་པས།  དུས་ཡུན་ཐུང་ཐུང་འདིའི་ནང་གི་མཁས་པའི་གསུང་ཞིག་རྙེད་དགོས་ན་ཤིན་དུ་དཀའ་མོ་རེད། གཅིག་ནས་ཀློང་ཆེན་མ་བྱོན་སྔོན་དང་།  ཁྲོ་ཕུས་སྙིང་གཏམ་མཛད་ཚར་རྗེས་ཀྱི་མི་ལོ་དེའི་ནང་ལ་མཁས་པ་སུ་ཡོད་ཤེས་དཀའ། གཉིས་ནས་བཀའ་བརྒྱུད་པས་དུས་འགྱུར་གཉིས་བརྒྱུད་ཟིན་པས་དུས་ཡུན་དེའི་ཁྲོད་བཞུགས་པའི་མཁས་པའི་གསུང་རྙེད་དཀའ་བ་ཡིན། འོན་ཀྱང་སྔོན་བྱོན་མཁས་པའི་གསུང་ལ་ཞིབ་ཏུ་མཇལ་ན་རྙེད་མི་སྲིད་པའང་མ་རེད། 

   ར་སེས་བཤད་པ་ལྟར་ན།  སྙིང་གཏམ་དེ་རྗེས་འཇུག་མཁས་པའི་གསུང་གིས་ཀློང་ཆེན་པས་མཛད་པར་སྨྲ་མཁན་སྔ་ཤོས་ནི་འཇིགས་མེད་གླིང་པ་ཡིན་པ་ལྟ་བུར་བཤད་འདུག་མོད། དེའི་སྔོན་ཙམ་དུ་བྱོན་པའི་སྨིན་གླིང་གཏེར་ཆེན་གྱིས་ཀྱང་། ཀློང་ཆེན་གསུང་འབུམ་གསན་ཡིག་གི་གྲལ་དུ་སྙིང་གཏམ་སུམ་ཅུ་པ་བཀོད་འདུག་པ་ལྟར་ན། ད་བར་ཤེས་རྟོགས་བྱུང་བ་སྔ་ཤོས་དེ་སྨིན་གླིང་གཏེར་ཆེན་ཡིན་འདུག།ཀློང་ཆེན་པ་དང་སྨིན་གླིང་གཏེར་ཆེན་དང་འཇིགས་མེད་གླིང་པ་གཉིས་བར་ལོ་སུམ་བརྒྱ་ཙམ་གྱི་བར་ཐག་ཡོད་པས་ན།  ལོ་སུམ་བརྒྱ་འདིའི་ནང་དུ་མཁས་པ་གཞན་གྱིས་འདི་ཀློང་ཆེན་པས་མཛད་པ་རེད་ཅེས་བཤད་མཁན་བྱུང་ཡོད་མེད་དཔྱད་རྒྱུ་ཤིན་ཏུ་གལ་ཆེ། གལ་ཏེ་འཇིགས་མེད་གླིང་པ་དང་ཁོང་གི་སྔོན་ཙམ་ནས་བྱོན་པའི་བླ་མ་རེ་གཉིས་ཀྱིས་དེ་འདྲ་གསུངས་པ་ཡིན་ཞིང་། ཀློང་ཆེན་པའི་སློབ་མ་དང་ཁོང་དང་དུས་མཉམ་པའི་མཁས་པ། དེ་བཞིན་ཀློང་ཆེན་པ་དང་ཉེ་བའི་མི་གཅིག་གིས་ཀྱང་དེ་འདྲ་གསུངས་མེད་ན།  དེ་ནས་ཀློང་ཆེན་པ་ནས་སྨིན་གླིང་གཏེར་ཆེན་བར་གྱི་དུས་ཡུན་དེའི་ནང་སྙིང་གཏམ་སུམ་ཅུ་པ་ནི་ཁྲོ་བུའི་ཡིན་པ་ཡོངས་གྲགས་ཀྱི་གནས་སྟངས་ཤིག་ཆགས་ཡོད་པ་མཐོང་སྟེ། ཀློང་ཆེན་དང་དུས་མཉམ་དང་དེ་ནས་རིམ་པས་སྨིན་གླིང་བར་གྱི་ས་དགེ་བཀའ་རྙིང་གི་མཁས་པ་ཚོའི་ཁྲོད་དུ་སྙིང་གཏམ་དེ་ཁྲོ་བུས་མཛད་པ་ཡོངས་གྲགས་ཡིན་པའི་ཕྱིར་དང་།  ཁོང་ཅག་གི་གསུང་དེ་རྫུན་མ་ཡིན་པའི་བདེན་དཔང་ཅིའང་མེད་པའི་ཕྱིར། 

   ད་སྐབས་སྨིན་གླིང་གཏེར་ཆེན་དང་འཇིགས་མེད་གླིང་པའི་ཡར་སྔོན་དུ་མཁས་པ་ག་ཚད་ཀྱིས་སྙིང་གཏམ་དེའི་རྩོམ་མཁན་གསལ་ཁ་བྱས་འདུག་ལྟ་རྒྱུ་ནི་ཤིན་ཏུ་གལ་ཆེ།  ད་བར་ཤེས་རྟོགས་བྱུང་བའི་སྙིང་གཏམ་སུམ་ཅུ་པ་དེ་ཁྲོ་ཕུས་མཛད་པ་རེད་ཟེར་མཁན་ལ། སྤོས་ཁང་མཁན་ཆེན་འཇམ་དབྱངས་རིན་ཆེན་རྒྱལ་མཚན། བཀའ་གདམས་གསར་མའི་བཤེས་གཉེན་སྤྱན་སྔ་བློ་གྲོས་རྒྱལ་མཚན། གྲུབ་སྨྱོན་འབྲུག་པ་ཀུན་ལེགས། ཚོགས་དྲུག་རང་གྲོལ། ས་སྐྱའི་དཀར་ཆག། ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་སོགས་ཁྲོ་བུ་དང་ཀློང་ཆེན་པ་ལ་དུས་ཡུན་ལྟོས་འཇོག་གིས་ཐུང་བའི་མཁས་པ་མང་དུ་འདུག། དེ་དག་ཀྱང་བཀའ་བརྒྱུད་པ་ཙམ་མིན་པར་ས་དགེ་བཀའ་རྙིང་བཅས་འདུས་པས།   གྲུབ་མཐའི་ཕྱོགས་ཞེན་གྱིས་བསམ་བཞིན་མིན་པ་ཡིན་པར་བཤད་པ་མིན་པ་ཐག་ཆོད་པོ་དང་།  ལྷག་པར་དུ། སྤོས་ཁང་མཁན་ཆེན་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། བཀའ་གདམས་གསར་མའི་བཤེས་གཉེན་སྤྱན་སྔ་བློ་གྲོས་རྒྱལ་མཚན་གཉིས་ཀྱི་དུས་སུ། ཀློང་ཆེན་པའི་སློབ་མ་དངོས་མ་འདས་པར་གསོན་པོར་ཡོད་ངེས།   དེ་བས་ཁོང་རྣམ་གཉིས་ཀྱིས་ཀློང་ཆེན་པས་མཛད་པའི་སྙིང་གཏམ་དེ། གང་བྱུང་དུ་གཞན་གྱིས་ཡིན་པར་སྨྲ་སྲིད་དམ། མཁས་གྲུབ་རྗེའི་དངོས་སློབ་སྤྱན་སྔ་ཆོས་གྲགས་རྒྱ་མཚོས་རང་ཉིད་ཀྱི་བསྟན་བཅོས་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་དུ། ཁ་གསལ་ཚིག་གསལ་བྱས་ནས་སྙིང་གཏམ་སུམ་ཅུ་པའི་ལུང་ཚིག་དངོས་སུ་བཀོད་དེ་ཁྲོ་བུས་མཛད་པར་གསུང་པ་ནི། ཁོང་མཁས་པ་ཆེན་པོ་ཡིན་པའི་ངོས་ནས་གསུང་དེ་སུས་མཛད་ཀྱི་དཔྱད་པ་སྔོན་དུ་སོང་ཡོད་སྲིད་པ་ལྟ་བུ་ལས། རང་རེའི་སྐོར་ལམ་ནང་གི་རྒན་མོའི་གཏམ་ལྟ་བུ་སྨྲ་མི་སྲིད་པ་ལགས་པས། སྐབས་དེར་ད་ལྟའི་སྙིང་གཏམ་འདི་ཁྲོ་བུས་མཛད་པ་ཡོངས་གྲགས་ཡིན་པ་ཡང་མངོན་གསལ་རེད་ཅེས་ཡང་དུ་ཞུ་འདོད་བྱུང་ལ། 

   དེ་བཞིན་ཀློང་ཆེན་པའི་ཡིན་པར་གསུང་མཁན་ལ། ཀློང་ཆེན་པ་འདས་ནས་ལོ་སུམ་བརྒྱ་ལ་ཉེ་བའི་དུས་སུ་བྱོན་པའི་སྨིན་གླིང་གཏེར་ཆེན་དང་། འཇིགས་མེད་གླིང་པ་གཉིས་ད་བར་སྔ་ཤོས་ཐོན་ཡོད་པ་རེད་འདུག།  འདི་གཉིས་ཀྱི་སྔོན་ལ་ཀློང་ཆེན་པའི་གསུང་ཡིན་པ་སྨྲ་མཁན་ཡོད་མེད་ད་རུང་ཡིག་ཆ་ལ་དཔྱད་དགོས་པ་ཡིན། འདི་གཉིས་ལས་སྨིན་གླིང་གཏེར་ཆེན་གྱི་གསན་ཡིག་ཏུ་སྙིང་གཏམ་སུམ་ཅུ་པ་ཞེས་བྱུང་བ་ཙམ་ལས། དེའི་ནང་དོན་གྱི་ཚིག་སོགས་གང་ཡང་བཀོད་མེད་པས་དཔྱད་གཞིའི་རིན་ཐང་ཆེན་པོ་མ་རེད། འཇིགས་མེད་གླིང་པས་ཀྱང་སྙིང་གཏམ་དེ་སུས་རྩོམ་དཔྱད་པ་སྔོན་དུ་སོང་ཡོད་མེད་དོགས་པ་ཆེ། གཅིག་བྱས་ན་ཁོང་གིས་དཔྱད་པ་སོགས་ཅིའང་མ་བྱས་པར་ཡིན་ཤག་ཤག་བྱས་ཡོད་ནའང་ཐང་སྟེ། དཔེར་ན་ཀློང་ཆེན་ཆོས་འབྱུང་ཟེར་བ་དེ་ཀློང་ཆེན་པས་མཛད་པ་ལ་རྒྱུ་མཚན་ཡིག་འབྲུ་ན་གཅིག་མེད་བཞིན་དུ། ཁོང་ནས་དེ་ཀློང་ཆེན་པས་མཛད་པ་ཡིན་ཤག་ཤག་བྱས་པ་ལྟ་བའོ། །གལ་ཏེ་དེ་ལྟར་གསུང་མཁན་ནི་ཀློང་ཆེན་འདས་ནས་ལོ་སུམ་བརྒྱ་ལ་ཉེ་བའི་ཁོང་རྣམ་གཉིས་ཙམ་ཡིན་ན།  ཀློང་ཆེན་པ་དང་དུས་ཡུན་ལོ་གྲངས་སུམ་བརྒྱས་བར་ཐག་ཆོད་པས་ན་ཡིད་རྟོན་བྱ་དཀའ་ཞིང་། གཅིག་ནས་ཁོང་ཅག་དང་ཀློང་ཆེན་གྱི་བར་དུ་དུས་ཡུན་རིང་པོ་ཞིག་ཕྱིན་ཟིན་པས་ཀློང་ཆེན་དང་ཀློང་ཆེན་གྱི་དངོས་སློབ་ལས་གཏམ་དེ་ཐོས་ཐབས་མེད། ཀློང་ཆེན་པ་དང་ཁོང་གི་དངོས་སློབ་ཆ་ཚང་འདས་ཟིན། ཀློང་ཆེན་དང་ཁོང་གི་ཉེ་གནས་ལ་དུས་ཀྱི་ཆ་ནས་ཉེ་བའི་མཁས་པས་ནི་དེ་ལྟར་གསུངས་མི་འདུག། ད་འོ་ན་འཇིགས་མེད་གླིང་པ་སོགས་ཀྱིས་དག་པའི་ཡེ་ཤེས་ཀྱིས་མཁྱེན་པ་ཡིན་ནམ་སྙམ་པའི་བློ་ཡང་བྱུང་། 

   དེ་བས་ད་ཆར་ང་རང་འཇིགས་མེད་གླིང་པ་སོགས་ཀྱི་གཏམ་ཙམ་ལ་བདེན་པའི་ཁས་ལེན་བྱ་ཐབས་བྲལ།    སྙིང་གཏམ་འདི་ཀློང་ཆེན་པའི་དངོས་གནས་ཡིན་ན། གང་ཟག་སྙན་བརྒྱུད་དང་རིག་འཛིན་བརྡ་བརྒྱུད་སོགས་གང་ཡང་བྱ་དོན་མི་འདུག་པས། ལོ་སུམ་བརྒྱ་ནང་ཚུད་དང་ཉིས་བརྒྱ་ནང་ཚུད། ལོ་བརྒྱ་ནང་ཚུད་དུ་ཀློང་ཆེན་གྱི་དངོས་སློབ་དང་གཞན་གྱི་དཔེ་ཆའི་ཁྲོད་ནས་ཐོན་དགོས་པ་ལྟ་བུ་རེད། ད་ཆར་ཕྱི་རབས་མཁས་པའི་གསུང་གི་ནང་དུ་ཡིད་རྟོན་ཆོག་པའི་ཀློང་ཆེན་པའི་གསུང་ཡིན་པའི་ཡིག་ཆ་མ་རྙེད་པར་བརྟེན། སྙིང་གཏམ་འདི་ཉིད་ཀློང་ཆེན་པའི་ཡིན་པ་ལ་སྒྲུབ་བྱེད་ཤིན་ཏུ་ཉུང་ངུ་གྱུར་འདུག་ལ།  ཚད་ངེས་ཅན་ནས་བཤད་ན། ཧ་ལམ་སྒྲུབ་བྱེད་མེད་པ་ལྟ་བུར་འདུག་གོ།  

    གཞན་ཡང་། མི་ཚེའི་ཉམས་མྱོང་གདམས་ངག་ཏུ་བྱས་པའི་དཔར་གཞི་མི་འདྲ་ལ། ནང་དོན་ཤིན་ཏུ་མཚུངས་པའི་སྙིང་གཏམ་སུམ་ཅུ་པ་འདི་གཉིས། རྩ་བའི་ཆ་ནས་རྩོམ་མཁན་གཉིས་ཡོང་མི་སྲིད་པ་རེད། དེའང་མི་སོ་སོའི་བདེ་སྡུག་དང་མི་སོ་སོའི་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བར་སོ་སོར་ཐོབ་པའི་ཉམས་མྱོང་ཁ་ཁ་རེད། དེ་ནས་ཁྲོ་བུ་དང་ཀློང་ཆེན་པ་གཉིས་ལ་མཚོན་ན་གཅིག་པོ་ནི་དགེ་སློང་དང་།གཅིག་པོ་ནི་སྔགས་པ་ཡིན་པས་ལྷག་ཏུ་མི་ཚེའི་ཉམས་མྱོང་འདྲ་མ་རེད་བསམ། མི་ཚེའི་ཉམས་མྱོང་མ་འདྲ་བས་གདམས་ངག་ཀྱང་འདྲ་འི་མ་རེད། དེ་བས་གལ་ཏེ་གཉིས་ཀ་རྩོམ་མཁན་ཡིན་ཞེ་ན། དེ་ནས་ཡང་ན་ཁོང་རྣམས་གཉིས་ཤེས་རྒྱུད་གཅིག་པ་ཡིན་དགོས་ཤིང་། ཡང་ན་གཅིག་དེས་འདྲ་བཤུས་བྱས་ནས་ཚིག་ཁ་ཅུང་ཙམ་བསྒྱུར་བ་ཡིན་ངེས། དེ་འདྲའང་མི་སྲིད་པ་མིན་པར་འདུག་སྟེ། དཔེར་ན་ཞྭ་དམར་དཀོན་མཆོག་འབངས་ཀྱིས་མཛད་པའི་ཆོས་དྲུག་བླ་མ་རྒྱང་འབོད་དེ། ཕྱིས་ཀྱི་མཁན་པོ་ངག་ཆུང་ཞུ་བ་ཞིག་གིས་ཀརྨ་པ་ཞེས་པ་དེ་ཀློང་ཆེན་པ་ཞེས་པར་ཁ་བསྒྱུར་ཏེ་ཞལ་འདོན་བྱས་པ་ལ། དེ་ཉིད་ཕྱིས་ཀྱི་སློབ་བུ་ཤེས་པ་ཆུང་ངུའི་རིགས་འགས་ངག་ཆུང་གིས་མཛད་པ་ཡིན་ཤག་བྱེད་ཀྱིན་པ་ལྟ་བུའོ།། 

  དེ་ལྟར་རང་བློས་བརྟགས་ནས་སྙིང་གཏམ་སུམ་ཅུ་པ་འདི་རྩོམ་མཁན་སུ་ཡིན་གྱི་རིག་པ་རྣམས་ལྕི་ཚད་ལ་གཞལ་ན། ཁྲོ་བུས་མཛད་པ་ཡིན་པའི་སྒྲུབ་བྱེད་མང་བ་དང་། ཁུངས་བཙན་པ། རིག་པ་རྣོ་བར་འདུག་ལ། ཀློང་ཆེན་གྱིས་མཛད་པ་ཡིན་པའི་རིག་པ་ཉུང་ཞིང་། གཏན་ཚིགས་དབུལ་བ། ཚད་ངེས་ཅན་ནས་བཤད་ན་སྒྲུབ་བྱེད་ཤིན་ཏུ་ཉམ་ཆུང་བར་འདུག། མ་མཐའ་ད་ལྟའི་སྐབས་སུ་དེ་འདྲ་རེད། རྗེས་སུ་རྒྱབ་རྟེན་བཙན་པོ་རེད་མ་མཐོང་བར་དུ། གནས་སྐབས་གུས་པ་རང་ངོས་ནས་རྩོམ་མཁན་དངོས་ནི་ཁྲོ་བུ་པ་ཡིན་པར་ཁས་ལེན་པ་ཡིན་ནོ།།

       ༢༠༢༠//༢༢ཉིན།   ཆུ་སྒང་ཤཱཀྱ་ཤེས་རབ་ཀྱིས་ཀེ་ལ་གཙང་པོའི་འགྲམ་གཏེར་སྟོན་རྣམ་རྒྱལ་རྡོ་རྗེས་བྱིན་གྱིས་བརླབས་པའི་གདན་ས་འབུམ་ཡག་བཤད་གྲྭ་ནས་སྦྱར།