ངའི་ཚབ་ཏུ་ཁོང་གིས་བྲིས་པ།

 

 

རྩོམ་པ་བོ།  རྩེ་ཏོག་རྒྱལ།

དཔེ་ཆ།《སློབ་གསོ་གླེང་བའི་གཏམ།》

དཔེ་སྐྲུན་ཁང་།  ཀན་སུ་མི་རིགས་དཔེ་སྐྲུན་ཁང་།

པར་ལོ།  ༢༠༡༨ལོ།

 

བདག་ལ་དགེ་རྒན་ཞིག་གམ་གྲོགས་པོ་ཞིག་གིས་དཔེ་ཆ་འདི་ལ་ཡག་པོ་འདུག་ཟེར།

དཔེ་ཆ་འདིའི་བརྗོད་དོན་གང་ཡིན་ནི་ཁ་བྱང་མཐོང་བ་ཙམ་གྱིས་རྟོགས་ཐུབ།   ཁོ་བོས་དགོན་སྡེ་དང་སྤྱིར་སྒེར་གྱི་སློབ་སྦྱོང་བྱ་སའི་ཁོར་ཡུག་མི་འདྲ་བ་དུ་མ་ནས་སློབ་གསོ་མྱངས་པ་ཕུད།  ལོ་ངོ་གཉིས་ཙམ་ལ་སློབ་གསོའི་ལས་ཀའམ་དཔེ་སློབ་ཁྲིད་བྱས།  གོ་རིམ་དེའི་ཁྲོད་ནས་མ་མཐོང་བའི་སློབ་གསོའི་གནད་དོན་ཆུང་ས་ཞིབ་ས་མང་བོ་ཞིག་དཔེ་ཆ་འདི་ལས་མཐོང་ལ།  སློབ་གསོའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་དཔེ་ཆ་འགའ་རེ་བལྟས་མྱོང་བ་དག་ལ་མེད་པའི་ཁྱད་ཆོས་ཀྱང་མང་བོ་ཡོད་པ་རྟོགས།

མཚམས་འདི་ནས་ཁོ་བོས་དཔེ་ཀློག་ཟིན་ཐོ་འབྲི་བའི་ཚབ་ཏུ་སློབ་དཔོན་རིན་པོ་རྒྱ་གྲོལ་གྱིས་དཔེ་ཆ་འདི་བཀླགས་པའི་མྱོང་ཚོར་རམ།  དཔེ་ཆ་འདིའི་མགོར་《སློབ་འབྲིང་དགེ་རྒན་ཞིག་གི་མིག་ནང་གི་སློབ་གསོ།》ཞེས་པ་དེ་འདིར་ཆ་ཚང་འགོད་རྒྱུ་ཡིན།  འདི་ནི་དཔེ་ཆ་འདིའི་བཀླགས་ཚོར་དཔེ་མེད་ཞིག་རེད་འདུག་པས་ཞིབ་གཟིགས་གནང་བར་འཚལ།

དེ་རིང་བདག་གིས་དབུགས་ཐེངས་གཅིག་གིས་དེབ་འདི་བཀླགས་ཚར་སོང་།     འདི་ནི་བོད་རིགས་སློབ་འབྲིང་དགེ་རྒན་ཞིག་གིས་སློབ་གསོ་ལ་བལྟས་པའི་སྐད་ཆ་ཡིན་ལ།      ལྷག་པར་ཁོང་གི་ཉམས་མྱོང་ལས་ཐོན་པའི་སེམས་གཏམ་འབའ་ཞིག་ཡིན་པས་ངས་ཀློག་ཐེངས་གཅིག་གིས་བཀླགས་ཚར་བའི་རྒྱུ་མཚན་ཡང་དེ་ཡིན།  ངས་འདི་ཀློག་བཞིན་དུ་སློབ་འབྲིང་དགེ་རྒན་འདིའི་མིག་ནང་གི་སློབ་གསོ་འདི་ནི་མི་རིགས་གཞན་ནས་བཤུས་པའི་གཞུང་ལུགས་ཤིག་མ་ཡིན་ལ་སྟོང་འདང་ལས་བྱུང་བའི་གཞུང་ལུགས་རྒྱ་ཡན་ཞིག་ཀྱང་མ་རེད།      འདི་དག་ནི་ཁོང་གི་དངོས་སུ་མཐོང་ཞིང་དངོས་སུ་མྱོང་བའི་ཉམས་མྱོང་ཏག་ཏག་ཡིན་པའི་སྣང་བ་ཞིག་ངང་གིས་སྐྱེས་བྱུང་།

སློབ་གསོ་ནི་མི་གསོ་བྱེད་དེ་སློབ་གསོ་མེད་པའི་སྤྱི་ཚོགས་ནི་ཆེས་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ཡིན་ལ་སློབ་གསོ་མེད་པའི་ཁྱིམ་ཚང་ནི་ཆེས་བླུན་རྨོངས་ཀྱི་ཁྱིམ་ཚང་ཞིག་ཡིན།  སློབ་གསོ་མི་གཏོང་བའི་དགེ་རྒན་ནི་དགེ་རྒན་བཟང་བོ་ཞིག་མིན་ལ།     སློབ་གསོ་མི་གཏོང་བའི་ཕ་མ་ནི་ཕ་མ་བཟང་བོ་ཞིག་གཏན་ནས་མིན།       སློབ་གསོ་མ་མྱངས་པའི་མི་ཞིག་ཡིན་ན་དེ་ནི་མིའི་ཕྱེད་ཀ་ཞིག་ལས་མ་འདས།     དེ་བས་ཆབ་སྲིད་ཀྱི་སྟེང་ནས་བཤད་ན་སློབ་གསོ་ནི་རྒྱལ་ཁབ་དར་རྒྱས་ཀྱི་རྨང་གཞི་ཡིན་ལ།      ཆོས་ཀྱི་གཞུང་ནས་བཤད་ན་སླབ་གསོ་ནི་ས་ལམ་གྱི་སྒོ་མོ་ཡིན་ངེས།         དེ་བས་བསམ་བློ་བས་འཇིག་རྟེན་གྱི་གནད་དོན་ཐག་གཅོད་པའི་ཆེད་དུ་གསུངས་པའི་མཚན་ཉིད་རིག་པའི་གཞུང་ལུགས་དག་ཀྱང་སློབ་གསོ་ཡིན་ལ།       སྟོན་པས་གསུངས་པའི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་དག་ཀྱང་སླབ་གསོ་ལས་མ་འདས།

གལ་ཏེ་སློབ་གསོ་ལ་དོ་སྣང་མི་བྱེད་པའི་མི་ཞིག་ཡིན་ན་དེ་ནི་མིབཟང་བོ་མིན་ལ།      སློབ་གསོ་ལ་དོ་སྣང་མི་བྱེད་པའི་དཔོན་པོ་ཞིག་ཡིན་ན་དཔོན་པོ་བཟང་བོ་ཞིག་མིན།      དེ་བས་སློབ་གསོ་ནི་མཐོ་བ་རྒྱལ་ཁབ་ཀྱི་སྲིད་སྐྱོང་ནས་ཆུང་བ་ཁྱིམ་ཚང་བདག་པོའི་བར་དུ་མེད་མི་རུང་བ་ཞིག་ཡིན་ལ།   ཆེ་བ་བྱང་ཆུབ་སེམས་དཔའ་ནས་དམའ་བ་སོ་སོ་སྐྱེ་བོའི་བར་དུ་མེད་མི་རུང་བ་ཞིག་ཀྱང་རེད། གལ་ཏེ་སྟོབས་ཆེ་བའི་མི་རིགས་ཤིག་གིས་སློབ་གསོ་ལ་དོ་སྣང་མ་བྱས་ན་ནམ་ཞིག་ཤིན་ཏུ་ཉམ་ཆུང་བའི་མི་རིགས་ཤིག་ཏུ་འགྱུར་ངེས་ལ།    ཉམ་ཆུང་བའི་མི་རིགས་ཤིག་གིས་སློབ་གསོ་དམ་འཛིན་དང་རྒྱུན་འཁྱོངས་བྱས་ན་ཆེས་སྟོབས་ཆེ་བའི་མི་རིགས་ཤིག་ཏུ་འགྱུར་ངེས་ཡིན།    གལ་ཏེ་ཁྱི་གསོས་ནས་སེང་གེར་གཏོང་ཞིང་ཕག་གསོས་ནས་གླང་ཆེན་དུ་གཏོང་བྱེད་ཅིག་ཡོད་ན་དེ་ནི་སློབ་གསོ་ལས་གཞན་ཞིག་གཏན་ནས་མིན།    སྟོན་པ་ཤཱཀྱ་ཐུབ་པ་ཡང་སློབ་གསོ་ལ་བརྟེན་ནས་བྱུང་བ་ཡིན་ལ་ཧྭ་ཧྲིན་ཏུང་ཡང་སློབ་གསོ་ལ་བརྟེན་ནས་བྱུང་།  དེ་བས་སློབ་གསོ་ནི་རྒྱལ་ཁབ་ཅིག་ལ་མེད་དུ་མི་རུང་ལ་མི་རིགས་ཤིག་ཡང་མེད་དུ་མི་རུང་བར་མ་ཟད། ཁྱིམ་ཚང་ཞིག་ལ་དེ་བས་ཀྱང་མེད་དུ་མི་རུང་བ་ཞིག་ཡིན།   སློབ་གསོ་ལས་ནར་སན་ཞིང་སློབ་གསོ་ལས་མི་ཚེ་གཏོང་བཞིན་པའི་དགེ་རྒན་འདིའི་མིང་ལ་རྩེ་ཏོག་རྒྱལ་ཟེར་ཞིང་།  ཁོང་ནི་མང་རྫོང་དུ་དགེ་རྒན་སྡུད་པའི་རྒྱུགས་ཀྱི་ཁྲོད་དུ་བོད་ཡིག་གི་ཨང་དང་བོ་ཐོབ་ན་ཡང་དགེ་རྒན་བྱེད་མ་ཐུབ་ཅིང་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་སློབ་མར་རྒྱུགས་འཕྲོད་ན་ཡང་འགྲོ་མ་ཐུབ་པའི་ལས་ངན་ཞིག་ཞིག་ཡིན།  ཨོ།  ཁོ་ལས་ངན་ཟེར་བ་ལས་དེང་སྐབས་ཀྱི་སློབ་གསོ་ལས་ངན་འདིས་ཁོ་མཐའ་རུ་བསྐྲད།   དེ་ནི་དུས་རབས་ཀྱིས་བྱིན་པའི་ཉམས་མྱོང་ཞིག་ལས་ཁོའི་ཕམ་ཁ་ཞིག་མིན་ཞིང་།    ཕམ་ཁ་ཆེན་པོ་ནི་གོ་འཛོལ་བའི་སློབ་གསོས་བསྐྱེལ་ཡོང་བའི་ཕམ་ཁ་ནི་ཆེས་ཆེ་བའི་ཕམ་ཁ་ཞིག་ཏུ་ངོས་འཛིན་བཞིན་འདུག

དེ་བས་ཁོང་གིས་སློབ་མ་རྣམས་ཀྱི་སློབ་གསོའི་ཆེད་དུ་རང་གི་ལུས་ངག་ཡིད་གསུམ་གཏོང་བཞིན་དུ་ད་ལྟའི་སློབ་གསོའི་ཕྱི་ནང་གསང་གསུམ་ལ་བསམ་གཞིག་གཏོང་བ་ནི་ཁོང་ལ་མཚོན་ན་ལས་ཀའི་ཁྲོད་ཀྱི་ལས་ཀ་གལ་ཆེན་ཞིག་ཡིན།     དེབ་འདི་ལས་སློབ་གསོ་གླེང་བའི་གཏམ། བྱིས་པ་སློབ་གྲྭར་བསྐྱལ་བ་ནི་ཅི་ཞིག་གི་ཆེད་དུ་ཡིན།    མི་སུ་ལའང་མི་རིགས་ཀྱི་འདུ་ཤེས་ཡོད་དགོས་པའི་གཏམ་གླེང་།    ཕ་སྐད་གཙང་མ་ཞིག་བཤད་པའི་འོས་འགན་མི་སུ་ལའང་ཡོད།   སློབ་ཁྲིད་ལེགས་པོ་ཞིག་བྱ་ན་ཆ་རྐྱེན་གང་དག་འཛོམས་དགོས།    ང་ཚོས་དོན་ངོ་མར་སློབ་མར་ཅི་ཞིག་འཁྲིད་དགོས།    བོད་ཁུལ་གྱི་དགེ་རྒན་ཞིག་བྱ་ན་ཆ་རྐྱེན་གང་ཞིག་དགོས།      དགེ་རྒན་ཚད་ལྡན་ཞིག་བྱེད་པའི་གཞི་རྩའི་ཆ་རྐྱེན།    འཛིན་བདག་གིས་དོ་ཁུར་བྱ་དགོས་པའི་བྱ་བ་གསུམ།   སློབ་ཁྲིད་སྐབས་དགེ་རྒན་གྱིས་ཤེས་དགོས་པ་འགའ།   ཡི་གེ་འབྲི་བའི་ཆ་རྐྱེན་འགའ་བཤད་པ།     བོད་ཀྱི་སློབ་གྲྭའི་སློབ་གསོ་དང་དགོན་སྡེ་སློབ་གསོ།   བོད་ཀྱི་གནའ་བོའི་ལུས་རྩལ་གྱི་བྱུང་བ་ཙམ་བརྗོད་པ་བཀླགས་པ་ཡིན།  ངས་ཀློག་གིན་ཀློག་གིན་འདི་ནི་མིག་གིས་དངོས་སུ་སློབ་གསོ་ལ་བལྟས་ཤིང་།  རྣ་བས་ཆེད་དུ་ཉན་ནས་ཡིད་ཀྱིས་ཞིབ་ཏུ་བསམ་པ་ཞིག་ཏུ་མཐོང་སོང་།

ངས་མཐོང་བ་ནི་ཁོང་གི་བསམ་གཞིག་རེ་རེ་ནི་སློབ་གསོའི་གནད་དོན་རེ་རེ་དང་འབྲེལ་ཡོད་པ་མཐོང་ཞིང་།    ཁོང་གིས་གླེང་བའི་དོན་རེ་རེ་ནི་གནད་དོན་དེ་དག་ཐག་གཅོད་པའི་ལྡེ་མིག་རེ་ཡིན་པ་མཐོང་སོང་།     འདི་ནི་སློབ་འབྲིང་དགེ་རྒན་ཞིག་གི་མིག་གིས་བལྟས་པས་ངོས་ཟིན་པའི་སློབ་གསོ་ཡིན་ལ།   ཁོའི་མིག་ལམ་གྱི་སློབ་གསོ་འདི་གཞན་ནས་བསྒྱུར་བའི་སློབ་གསོ་མིན་ལ།    ལག་ལེན་གྱིས་སྟོངས་པའི་སློབ་གསོ་ཡང་མིན།    ཚིག་རེ་རེའི་སྟེང་ན་གནད་རེ་རེ་ཡོད་ལ།  གནད་རེ་རེ་དང་འབྲེལ་བའི་བསམ་གཞིག་གི་རིན་ཐང་ཞིག་ཡོད།

སྤྱིར་ན་སློབ་གསོ་ལ་སྤྱིའི་སློབ་གསོ་དང་བྱེ་བྲག་གི་སློབ་གསོ་ཡོད་པས།     སྤྱིའི་སློབ་གསོ་སྐོར་ཞིག་བྱེ་བྲག་ཏུ་མ་སྦྱར་ན་ནུས་པ་མི་ཐོན་པ་ཡང་གང་མང་ཞིག་ཡོད་པས་བྱེ་བྲག་གི་གནད་བཟུང་ནསབཤད་ན་ནུས་པ་ཆེན་པོ་ཞིག་གདོན་ཐུབ་པ་རེད།   རེད་དེ་དངོས་པོ་གང་ཞིག་གི་བྱེ་བྲག་བགར་བ་དང་བྱེ་བྲག་གི་བྱེ་བྲག་འཚོལ་བ་ནི་མིག་རྣོན་པོ་ཞིག་ལས་རགས་མོས་མཐོང་ཐུབ་པ་ཞིག་གཏན་ནས་མིན།     བྱེ་བྲག་ཅེས་པ་འདི་ཡང་སྤྱིར་བཏང་དུ་བཤད་ན་དངོས་པོ་གང་ཞིག་གི་བྱེ་བྲག་ཡིན་པས་གོ་སླ་ན་ཡང་།   སློབ་གསོའི་ཐད་ནས་བཤད་ན་བྱེ་བྲག་དེ་ལ་དུས་ཀྱིིས་ཕྱེས་པིའི་བྱེ་བྲག་ཅིག་ཡོད་ལ་ཡུལ་གྱིས་ཕྱེས་པའི་བྱེ་བྲག་ཅིག་ཡོད་པ་མ་ཟད།   དངོས་པོའི་ངོ་བོས་ཕྱེས་པའི་བྱེ་བྲག་ཅིག་ཀྱང་ཡོད།   དུས་ཀྱི་བྱེ་བྲག་ནི་དུས་ཀྱིས་བསྐྱལ་ཡོང་བ་ཡིན་པས་སྤྱིར་བཏང་གི་སློབ་གསོའི་ཐབས་ལམ་གྱིས་ཐོག་གཅོད་དཀའ་བས་དུས་ཀྱི་བྱེ་བྲག་གི་སློབ་གསོ་དགོས་པ་ཡིན།  དེ་བཞིན་ཡུལ་གྱིས་ཕྱེས་པའི་བྱེ་བྲག་གི་གནད་དོན་དེ་ནི་ཡུལ་གྱི་ཁྱད་ཆོས་དང་བསྟུན་པའི་ནས་ཐག་གཅོད་པའི་སློབ་གསོའི་ཐབས་ལམ་དགོས།   དངོས་པོའི་ངོ་བོས་ཕྱེས་པའི་གནད་དོན་དེ་རིགས་ཐག་གཅོད་པ་ལ་དངོས་པོའི་ངོ་བོ་དང་མཐུན་པར་ཐག་གཅོད་དགོས་པ་རེད།

ངའི་བསམ་པར་འཇིག་རྟེན་འདིར་ཁ་འབྲལ་མི་རུང་བ་ནི་སློབ་གསོ་ཡིན་ལ་སྤྱི་ཚོགས་དང་ཁ་འབྲལ་ཐབས་མེད་པ་ཡང་སློབ་གསོ་ཡིན།   དེ་བས་སློབ་གསོ་ནི་ཉིན་རེ་གཉིས་དང་ལོ་རེ་གཉིས་ཀྱི་བྱ་བ་ཞིག་མིན་ལ།    སློབ་གྲྭ་དང་ཁྱིམ་ཚང་ཁོ་ནས་བསྒྲུབ་དགོས་པའི་བྱ་བ་ཞིག་ཀྱང་གཏན་ནས་མ་རེད།      མི་ཆེ་ཆུང་གང་ཡིན་རུང་ཉིན་མོ་རེ་རེར་ཡང་སློབ་གསོ་དང་ཁ་འབྲལ་མི་རུང་བས་སློབ་གསོ་ལ་བརྩོན་ཞིང་སློབ་གསོ་དར་སྤེལ་གཏོང་བ་ནི་མི་ཚེ་འདིར་ཆེས་གལ་ཆེ་བ་ཞིག་རེད།

ད་ལྟའི་ང་ཚོ་སློབ་གསོའི་གནད་དོན་ཆེན་པོ་ཞིག་ནི་སྤྱིར་བཏང་གི་གནད་དོན་མི་ཉུང་བ་ཞིག་ཡོད་པའི་ཁར་དུས་ཀྱིས་བསྐྱེལ་ཡོང་བའི་དཀའ་གནད་ཅིག་ཡོད་ལ།    ཡུལ་གྱིས་བསྐྱེལ་ཡོང་བའི་དཀའ་གནད་ཅིག་ཡོད་པ་མ་ཟད།  ངོ་བོའི་སྟེང་ནས་བསྐྱེལ་ཡོང་བའི་དཀའ་གནད་ཀྱང་མང་བོ་འདུག   གནད་དོན་དེ་རིགས་ཐག་མ་བཅད་ན་མི་རིགས་འདིའི་སློབ་གསོ་ཆ་ཚང་བ་ཞིག་ཏུ་འགྱུར་མི་ཐུབ་ལ།  ཚད་ལྡན་པ་ཞིག་ཏུ་དེ་བས་ཀྱང་འགྱུར་མི་ཐུབ།  དེ་བས་ལག་ལེན་དངོས་ལས་ཐག་གཅོད་དགོས་པའི་གནད་དེ་བཙལ་ནས་རྙེད་ན་སློབ་གསོའི་སྒོ་རེ་འབྱེད་ཐུབ་པ་ཡིན།   དེ་བས་སློབ་གསོ་ལག་ལེན་ལ་དངོས་སུ་འཇུག་བཞིན་པ་དག་གིས་འདི་ལྟ་བུའི་དོན་དངོས་ཀྱི་གནད་ཟིན་ཞིང་།    ཐག་གཅོད་ཀྱི་ཐབས་འཚོལ་བའི་ཟིན་བྲིས་གང་མང་ཞིག་བཀོད་ན་བོད་ཀྱི་སློབ་གསོ་ལ་ཕན་ཞིང་། མི་རིགས་ཤིག་གི་སློབ་གསོ་ནི་མི་རིགས་ཤིག་གི་བདེ་སྡུག་དང་མ་འོངས་པར་འབྲེལ་བ་ཡོད་པས་སོ། །

འོན་ཀྱང་།   ཁོའི་མིག་ཀྱང་སོ་སྐྱེས་མིག་ཡིན་པ་ལས་འཕགས་པའི་མིག་མིན་པས་སོ་སྐྱེས་མིག་གིས་བལྟས་པའི་གནད་དོན་འདི་དག་ལ་ད་དུང་མང་བོ་ཞིག་ཡོད་པ་གདོན་མི་ཟ་ཡང་།    ཁོང་གིས་འདི་ལྟར་དོན་དངོས་ལས་བཏོན་པའི་གནད་དོན་འདི་དག་སློབ་གསོར་དོ་སྣང་དང་ཞིབ་འཇུག་ལག་ལེན་བྱེད་མཁན་དག་ལ་མཚོན་ན་དཔྱད་པའི་གཞི་གལ་ཆེན་ཞིག་ཡིན་ལ།      འཛིན་པའི་གནད་རྩ་ཆེན་ཞིག་ཡིན་པས་ངེས་པར་བཀླག་རིན་ཡོད་པ་ཞིག་ཏུ་མཐོང་སོང་།

དེ་བས་བདག་གིས་ཁོས་ལས་ཞོར་དུ་རང་གི་སློབ་གསོའི་ཐད་ཀྱི་མཐོང་ཐོས་མྱོང་གསུམ་བྲིས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ལས་གཞན་ད་དུང་འདི་དང་འདི་ལྟ་བུའི་དགེ་རྒན་དག་གིས་མི་རིགས་ཀྱི་བྱ་བ་རླབས་པོ་ཆེའི་ཁྲོད་ནས་རང་གི་མཐོང་ཐོས་མྱོང་གསུམ་འབྲི་རྒྱུ་རེ་བ་བྱེད་ཀྱིན་ཡོད།    འོན་ཀྱང་དེའི་སྡོམ་ཚིག་ག་འདྲ་ཡིན་པ་དང་། དེ་ལ་དཔྱད་བརྗོད་ག་འདྲ་བྱེད་མིན། ད་དུང་དེ་དང་མི་མཐུན་པའི་ལྟ་བ་གང་ཞིག་འབྱུང་བ་ཡང་ངས་བཤད་དགོས་པའི་གནད་དོན་འདི་ལས་གཞན་ཞིག་ཡིན་པའང་ཀློག་པ་བོ་ཀུན་གྱིས་བརྗེད་མི་རུང་།