དཔེ་མིང་།《མ་བུ་བདེ་སྲུང་དང་ཕྲུ་གུ་སྐྱེ་ལེན།》
སྦྱིན་པ་ཚོགས་པས་པར་དུ་བསྐྲུན།
པར་ལོ།  ༡༠༡༥

སྤྱིར་ན་དཔེ་ཆ་འདི་ད་སྐབས་ཀློག་པའི་འཆར་གཞི་མེད་ཀྱང་།  ཕུ་བོའི་ཆུང་མར་མངལ་ཆགས་འདུག་པས་ཁོ་ཚོར་འདིའི་སྐོར་གྱི་ཤེས་བྱ་ཕྲན་བུ་རེ་རྒྱུད་སྤྲོད་བྱ་རྒྱུ་བྱུང་ན་ཕན་ངེས་རེད་སྙམ་པའི་ཀུན་སློང་གིས་དཔེ་ཆ་འདི་ཞིབ་མོར་ཐེངས་གཅིག་བལྟས།
དཔེ་ཆ་འདི་ལ་ཐེངས་གཅིག་བལྟས་རྗེས་ཕུ་བོ་དང་ཕུ་བོའི་ཆུང་མར་མ་བུ་བདེ་སྲུང་སྐོར་གྱི་སྐད་ཆ་འགའ་རེ་དྲིས་ཀྱང་ཁོང་གཉིས་ལ་ཆ་རྒྱུས་ཅི་ཡང་མི་འདུག  ཐ་ན་མངལ་དུ་བྱིས་པ་གནས་སྐབས་མགོ་གང་དུ་འཁོར་ཡོད་མེད་དང་།  བྱིས་པ་སྐྱེས་སྐབས་ཁ་ཕྱོགས་གང་དུ་བསྟན་པ།  བྱིས་པ་སྐྱེས་སྐབས་བྱིས་པའི་གནས་ཚུལ་གང་འདྲ་བྱུང་ན་ཉན་ཁ་ཡོད་མེད།  ཐ་ན་ཕྲུ་གུ་སྐྱེ་སྐབས་ལྟེ་ཐག་ཇི་ལྟར་གཅོད་དགོས་མིན་ཙམ་ཡང་ཤེས་ཀྱི་མི་འདུག  གནས་ཚུལ་འདི་ནི་མི་རེ་གཉིས་ཙམ་མ་ཡིན་པར་བོད་པའི་རང་འབྲོག་མི་དམངས་ཕལ་ཆེ་བ་འདིའི་རང་བཞིན་ལས་མ་འདས་པས་ཡིད་སྐྱོ་བའི་གནས་སུ་ལྷུང་ཡོད།
ད་སྔ་ཕུ་བོ་བཟའ་ཟླ་གཉིས་ལ་བྱིས་པ་གསུམ་ཙམ་སྐྱེས་ཀྱང་གཅིག་མ་གཏོགས་བདེ་འཚམས་ངང་སྐྱེ་མ་ཐུབ།  གནས་ཚུལ་འདི་ལ་བསམ་བློ་བཏང་ན་མ་བུ་བདེ་སྲུང་དང་ཕྲུ་གུ་སྐྱེ་ལེན་སྐོར་གྱི་ཤེས་བྱ་མ་ཤེས་པ་དང་།  མ་ཤེས་པ་དེ་ལ་བརྟེན་མངལ་གྱི་ཕྲུ་གུ་ལ་གནོད་སྐྱོན་ཅི་ཙམ་ཐེབས་ཡོད་མེད་སུ་ཞིག་གིས་ཁ་ཚོན་གཅོད་ཐུབ་ཨང་།
མ་གཞི།  འཇིག་རྟེན་ཁམས་ཀྱི་ཤེས་བྱ་གང་ཞིག་ཤེས་པ་ལ་དངོས་སུ་ཉམས་སུ་མྱངས་ནས་ཉམས་མྱོང་གིས་ཤེས་པ་དང་།  དཔེ་ཆ་ལྟ་བ་སོགས་སློབ་སྦྱོང་བྱས་ཏེ་སྦྱངས་ནས་ཤེས་པ་གཉིས་ཡོད་ཅིང་།  ང་ཚོས་ཉམས་མྱོང་གིས་ཤེས་པའི་ཤེས་བྱ་ནི་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཡིན།  ཉམས་མྱོང་ཁོ་ནས་ཤེས་པའི་ཤེས་བྱ་ནི་ཧ་ཅང་ཉུང་ངུ་ལས་མེད་པའི་རྐྱེན་གྱིས།   ཤེས་བྱ་མང་ཆེ་བ་ཞིག་སློབ་སྦྱོང་བྱས་ཏེ་ཤེས་དགོས།
དེ་བས།  འཛམ་གླིང་འདིར་ཡུལ་གྲུ་དང་མི་རིགས་ལ་ཁྱད་པར་མེད་པ།  རིགས་རུས་དང་དབུལ་ཕྱུག་ལ་ཁྱད་པར་མེད་པ།  ཤ་མདོག་དང་མཐོ་དམའ་ལ་ཁྱད་པར་མེད་པ།  རྒྱལ་ཁབ་དང་མི་རིགས་ཡོད་དོ་ཅོག་གིས་སློབ་སྦྱོང་བྱེད་བཞིན་ཡོད་ལ།  རྒྱབ་ཁབ་གང་ཞིག་སློབ་སྦྱོང་བྱས་པ་བཟང་ན་རྒྱལ་ཁབ་དེའི་མི་རྣམ་ལ་ཤེས་རབ་ཆེ་ཞིང་།  ཤེས་རབ་ཆེས་ཆེ་བའི་རྒྱལ་ཁབ་དེ།  ཆབ་སྲིད་དང་རིག་གནས་དཔལ་འབྱོར་སོགས་ཕྱོགས་གང་གི་ཐད་ནས་ཀྱང་ཕུལ་དུ་བྱུང་བར་གྱུར་ནས་འཛམ་གླིང་ཡང་རྩེར་གཟི་བརྗིད་ཀྱིས་འགྱིང་ཡོང་།
ཆེ་ས་ནས་བཤད་ན་དེ་ལྟར་ཡིན་ལ་ཆུང་ས་ནས་ཁྱིམ་ཚང་ཞིག་ཡིན་ཡང་རིག་གནས་ཡོན་ཏན་ལ་རྟག་ཏུ་སློབ་སྦྱོང་བྱེད་གལ་ཆེ་བ་སྨོས་མི་དགོས་པ་མ་ཟད།  དེ་བས་ཀྱང་ཞིབ་ས་ནས་བཤད་ན་ཚེ་རོགས་ཡོད་པའི་ཕོ་མོ་དག་དང་།  ལྷག་པར་དུ་ཕྲུ་གུ་ཡོད་པའི་ཕ་མ་དག་གིས་མ་བུ་བདེ་སྲུང་དང་ཕྲུ་གུ་སྐྱེ་ལེན་གྱི་ཤེས་བྱ་ནས་འགོ་བཟུང་སྟེ་རང་གི་བུ་ཕྲུག་ཚད་ལྡན་གྱི་མི་ཞིག་ཏུ་ཇི་ལྟར་སྐྱེད་སྲིང་བྱེད་ཚུལ་ལ་མ་བསླབས་ཐབས་མེད་ཡིན།
ལྷག་པར་དུ་ཕྲུ་གུ་མངལ་དུ་གནས་པའི་སྐབས་ཀྱི་ཕྲུ་གུའི་གནས་བབས་དང་།  ཨ་མས་རང་གི་འགྲོ་འདུག་སྤྱོད་གསུམ་གྱི་བདེ་ཐང་འཕྲོད་བསྟེན།  ཕྲུ་གུ་སྐྱེ་བའི་སྐབས་ཀྱི་གནས་ཚུལ་གང་འདྲ་ཡིན་ན་ཉེན་ཁ་ཡོད་པ་དང་།  གནས་བབས་ཅི་འདྲ་ཡིན་ན་རྒྱུན་ལྡན་ཡིན་མིན་ལེགས་པར་ཤེས་རྒྱུ་ཧ་ཅང་གལ་ཆེན་ཡིན།
བོད་ཀྱི་རང་འབྲོག་མི་དམངས་ཕལ་མོ་ཆེས་ཕྲུ་གུ་སྐྱེ་བ་ནི་ཧ་ལམ་དུད་འགྲོ་དག་གིས་ཕྲུ་གུ་སྐྱེ་བ་དང་ཁྱད་པར་མེད་དེ།  དུད་འགྲོ་དག་གིས་ཀྱང་དུས་ལ་ཐོན་དུས་སྐྱེ་ཞིང་།  ཆེད་དུ་སློབ་སྦྱོང་མ་བྱས་པར་རང་བཞིན་གྱིས་ཡོད་པའི་ཕྲུ་གུ་གསོ་ཐབས་ཙམ་ཞིག་ཤེས།  གནས་ལུགས་ཀྱི་ངོ་གདོང་ནས་བལྟས་ན་ང་ཚོ་འགྲོ་བ་མིའི་རིགས་འདི་ལ་སྲོག་ཆགས་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཞིག་ཡོད།  རྣམ་དཔྱོད་དེ་ལ་བརྟེན་ནས་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་ཤེས་ཡོད།
དེ་ཡང་མི་སྒེར་ངོས་ནས་འཇིག་རྟེན་འདིའི་ཤེས་བྱ་མཐའ་དག་ཤེས་མི་ཐུབ་མོད།  འོན་ཀྱང་རང་ལ་ཆེས་མཁོ་གལ་ཆེ་བའི་ཤེས་བྱ་དག་ལ་ཅིས་ཀྱང་སློབ་སྦྱོང་བྱ་དགོས།  དཔེར་ན།  དེང་སྐབས་མ་བུ་བདེ་སྲུང་དང་ཕྲུ་གུ་སྐྱེ་ལེན་སྐོར་ལ་ཚན་རིག་ཞིབ་འཇུག་བྱས་ནས་ཤེས་པའི་ཤེས་བྱ་ཕུན་སུམ་ཚོགས་པ་དཔེ་ཆ་སོགས་སུ་ཡོད་པ་དག་ལ་བུ་ཕྲུག་གསོ་སྐྱོང་བྱེད་དགོས་པའི་ཕ་མ་དག་གིས་ངེས་པར་དུ་སྦྱང་དགོས།  གལ་ཏེ།  རང་གིས་མ་སྦྱངས་ན་རང་གི་ཕམ་ཁ་ཡིན་ཞིང་།  རང་གིས་མ་ཤེས་ན་རང་ལ་གྱོང་རྒུད་ཆེན་པོ་ཐེབས་ཡོང་།
ལྷག་པར་དུ་དཔེ་ཆ་འདི་ནི་རང་འབྲོག་མང་ཚོགས་དག་ལ་ཆེད་དུ་དམིགས་ནས་པར་རིས་དང་ལྷན་བཀོད་ཡོད་ཅིང་།  ཁ་གསལ་པོ་བྱས་པ་ཞིག་རེད་འདུག་པས།  ཕ་མ་ཡི་གེ་ཤེས་མཁན་དག་གིས་ཅིས་ཀྱང་ལྟ་དགོས་དཔེ་ཆ་རེད་འདུག་གོ།།