རྩོམ་པ་པོ། གྲོག་མ།

གཅིག

 

དེ་རིང་ཕྱི་དྲོ་ཏག་ཏག་ས་འདིར་གསར་དུ་ཐོན་པའི་ཉི་འོད་དང་ཟླ་གཡང་ཟེར་བའི་ན་གཞོན་ཕོ་མོ་གཉིས་ཀྱིས། སྤང་ཐང་སྟོང་པ་འདི་རུ་མེ་བསྒོངས་ཏེ་ཇ་སྐོལ་བཞིན་པའི་སྐབས་དེར། ཕ་གི་ཉེ་ཟུར་གྱི་རི་གདོང་དེ་ནས་རྨས་སྐྱོན་ཆེ་ཙམ་ཕོག་ཡོད་པར་འདྲ་བའི་ཤ་བ་འཐེང་པོ་ཞིག་འགྲོ་གིན་འདུག་པ་མཐོང་བྱུང་། ཕོ་སར་ཉི་འོད་ཀྱི་སེམས་སུ་ཤ་བ་རྨས་མ་འདི་བསད་དེ་ཤ་ཟ་བར་འདོད་པའི་ཧམ་སེམས་དང་གདེང་ཚོད་འདྲེས་པའི་སྤོབས་པ་ཆེན་པོ་ཞིག་འཁྲུངས་ཏེ། མྱུར་སྟབས་ཀྱིས་ལག་ཏུ་རྡོ་བླངས་ནས་ཤ་བ་དེའི་ཕྱོགས་སུ་རྒྱུག་ཤར་ཀློད། ཤ་བ་དེས་ཀྱང་མི་ཞིག་རང་གི་ཕྱོགས་སུ་གཟས་ཏེ་བརྒྱུགས་ཡོང་བ་མཐོང་བས་གྱོལ་མ་འཐེང་གིས་ཕར་ཕར་བྲོས་བྱོལ་གྱི་ཚུགས་ཀ་བྱས། ཚུགས་ཀ་ཙམ་བྱས་པ་ལས་རི་དྭགས་ཀྱི་བདེ་མྱུར་ངོ་མ་དེ་གཏན་ནས་མི་འདུག ། ཤ་བར་བདེ་མྱུར་མེད་པ་མངོན་དུ་གྱུར་བྱུང་བས་ན་ཕོ་སར་གྱི་སྤོབས་སེམས་དེའང་ཇེ་ཆེར་གྱུར་ཏེ་མུ་མཐུད་མདུན་ཐད་དུ་ཤུགས་ཀྱིས་བརྒྱུགས། ད་ནི་ཤ་བ་རྨས་མའི་རྗེས་ཟིན་ཚར་སོང་ཟེར་ན་ཡང་ཆོག་པའི་ཚོད་ན་སླེབས་ཡོད་པས། ཁོས་རང་གི་ནུས་ཤུགས་ཡོད་ཚད་ཕྱུངས་ཏེ་རྡོ་དེ་ཤ་བའི་ལུས་ལ་གཞུས། ཡིན་ནའང་རྡོ་བ་དེས་ཤ་བ་རྨས་མར་རྔོ་ཅི་ཡང་མ་ཐོགས་པའམ་ཡང་ན་ཕན་གནོད་ཀྱི་ནུས་པ་གང་ཡང་ཐོན་མ་སོང་། དེ་ནས་ཁོའི་ལུས་སེམས་གཉིས་ཀ་ངལ་དུབ་ཀྱིས་བཟུང་སོང་མོད་ཤ་བ་ནི་སྔར་བཞིན་མདུན་དུ་འགྲོ་བཞིན་ཡོད། ད་ལྟ་ཤ་བ་འདི་གསོད་ཐུབ་མ་སོང་བས་བསྐྱུར་འཇོག་ཟེར་ན། ཤ་བའི་ཤ་གསར་པ་ཟ་བ་ལ་འདི་ལྟ་བུའི་གོ་སྐབས་ཤིག་ཤིན་ཏུ་དཀོན་པར་ཤེས་ཡོང་ལ། ཤ་བ་འདི་ངེས་པར་དུ་གསོད་དགོས་ཟེར་ནའང་དེ་འདྲའི་ལས་སླ་པོ་ཞིག་མིན་པ་འདྲ། གང་ལྟར་ཀྱང་ཁོས་ཤ་བ་རྨས་མ་འདི་བློས་མ་བཏང་བར་རྗེས་འདེད་བྱས་ཤིང་། འུ་ཐུག་པའི་ཤ་བ་འདིས་ཀྱང་རང་སྲུང་གི་ཆེད་དུ་ཨུ་ཚུགས་ཀྱིས་འབད་པ་བསྟེན། རྔོན་པ་ཞིག་དང་ཅུང་ཟད་འདྲ་བའི་ཕོ་སར་འདིས་ངལ་གསོ་དུས་ཤ་བས་ཀྱང་གོ་སྐབས་དེ་བཟུང་ནས་ངལ་གསོས་ཤིང་། མི་དེ་ཚུར་ཚུར་ཡོང་བ་མཐོང་དུས་རང་ཉིད་ཀྱང་ཕར་ཕར་གྱོལ་འཐེང་བྱས།

དེ་ལྟ་དེ་ལྟར་མི་དང་ཤ་བ་གཉིས་ཀ་ནགས་ཚལ་སྟུག་པོ་ཞིག་གི་ནང་དུ་རིམ་གྱིས་ཚུད་སོང་། ནགས་ཚལ་གྱི་ཕྱོགས་ཐམས་ཅད་ནས་རིམ་གྱིས་མུན་པས་གཡོགས་བྱུང་བས་མཐོང་ལམ་ཡོད་ཚད་སྒྲིབ་པར་གྱུར་ཅིང་། གློ་རྡེག་ལ་ཤ་བ་རྨས་མ་དེ་ནི་ནགས་ཚལ་མཐུག་པོའི་གསེབ་ནས་ག་སོང་ཆ་མེད་དུ་གྱུར།

ད་ནི་མིང་ལ་རྨ་བྱ་ཉི་འོད་ཟེར་བའི་ན་གཞོན་འདིས་ཅི་བྱ་གཏོལ་བྲལ་གྱི་ངང་ནས། རང་གི་མཛའ་མོས་སྒུག་བསྡད་ཡོད་པའི་སྤང་ཐང་དེའི་ཕྱོགས་སུ་ཕྱིར་ལོག་མི་བྱེད་ཀ་མེད་བྱུང་། ཕྱིར་ལོག་བྱེད་ཟེར་ནའང་ཁོས་ད་ལྟ་ཕྱིར་ལོག་ས་དེ་གང་ན་ཡོད་པ་གསལ་ཐག་ཆོད་པ་ཞིག་ཤེས་མ་བྱུང་། ཡིན་ན་ཡང་ཐབས་ཤེས་གཞན་གང་ཡང་མི་འདུག་པས་འལ་འོལ་ཚོད་ཚོད་ཀྱི་སྒོ་ནས་ཕྱིར་ལོག་བྱས། ཁོ་རང་ད་ལྟ་སྨག་རུམ་ནག་པོས་བཟུང་བའི་ནགས་ཚལ་སྟུག་པོའི་ཁྲོད་ནས་འོལ་ཚོད་ཙམ་གྱིས་ཕྱིར་ལོག་བཞིན་ཡོད། རང་གི་སྙིང་སྡུག་དེས་སྤང་ཐང་ག་གེ་མོ་ཞིག་ནས་མེ་བསྒོངས་ཏེ་རང་ཉིད་ལ་སྒུག་བསྡད་ཡོད་པར་ཡིད་ལ་དྲན་གྱིན་ཕྱིར་ལོག་བཞིན་ཡོད། ལོག་ཡོང་གིན་ཡོད་མོད། ཁོས་མཚན་གང་པོར་ནགས་ཚལ་དེ་བརྒལ་མ་ཐུབ་ཅིང་། ཐ་ན་ནམ་ཡོངས་སུ་གསལ་བྱུང་ཡང་ཁོ་རང་ད་དུང་ནགས་ཚལ་སྟུག་པོ་དེའི་ཁྲོད་དུ་ལུས་འདུག ། ན་གཞོན་འདི་ཅུང་ཟད་འཚུབ་ཆ་ལང་བཞིན་ཡོད་ཀྱང་། ཁོས་རང་ཉིད་ཕྱོགས་གང་ཞིག་ནས་ཚུར་ཡོང་བ་གཏན་ནས་མི་ཤེས་ཤིང་། གཡས་གཡོན་གང་དུ་འགྲོ་འོས་པའང་རྩ་བ་ནས་ཧ་གོ་ཡིན་མེད། ཡིན་ནའང་ཁོ་རང་ངེས་པར་དུ་ཕྱིར་ལོག་དགོས། ཁོས་རང་གི་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ་ནགས་ཚལ་གྱི་མུ་མཐའ་རུ་ཐོན་པར་བྱས་ཀྱང་། ས་ཆ་དེ་ནི་ཤིན་ཏུ་ཆ་མེད་པའི་ཐང་སྟོང་ཞིག་རེད་འདུག་པས། ཁོས་རང་ཉིད་ཀྱི་སྙིང་གི་ལྡང་ཚད་ཀྱི་འགྲོས་དང་མཐུན་པར་རྒྱུག་བཞིན་ཡོད་ཅིང་། མིག་རྒྱང་ཙམ་གྱི་ས་ཆ་ཞིག་གམ་ཡང་ན་སྤང་ཐང་ག་གེ་མོ་ཞིག་ནས་དུ་བ་སྔོ་ལོང་ལོང་བྱེད་ཀྱིན་པ་མཐོང་ཡོང་ན་ཅི་མ་རུང་སྙམ། བསམ་ཚུལ་དེས་ཁོ་རང་བློ་སྒོ་ཅུང་ཟད་ཕྱེས་ཏེ་མིང་མི་ཤེས་པའི་བྲག་རི་མཐོན་པོ་ཞིག་གི་མགོར་འཛེགས་ཏེ་རྒྱང་ལྟ་བྱས། འོན་ཀྱང་རྒྱང་རིང་གི་རི་དང་རྒྱང་རིང་གི་ཐང་། རྒྱང་རིང་གི་ཤིང་སྡོང་དང་རྒྱང་རིང་གི་སྤྲིན་པ་སོགས་མཐོང་བ་ལས། རྒྱང་རིང་གི་མི་ཙམ་པོ་བ་ཞིག་དང་རྒྱང་རིང་གི་དུ་བ་ཙམ་པོ་བ་ཞིག་ཀྱང་མིག་གིས་མཐོང་རྒྱུ་མ་བྱུང་། ཉི་མ་འདིའི་དུས་ཚོད་ཧ་ལམ་དེ་ཙམ་གྱིས་ཟད་སོང་བ་སྟེ། ཁོ་རང་ཐང་ལ་མར་བབས་ཚར་དུས་ས་ཡོངས་སུ་རུབ་ཟིན།

མཚན་མོར་རྒྱང་ལྟ་བྱས་ན་ཐག་རིང་གི་མེ་འོད་དམར་ལམ་ལམ་བྱེད་ཀྱིན་པ་མཐོང་སྲིད། ཁོས་དེ་ལྟར་སྙམ་བཞིན་གཡས་ཕྱོགས་ཀྱི་རྫ་རི་མཐོན་པོ་དེའི་ངོས་ནས་ཡར་ཡར་འཛེགས་སོང་ལ། རྫ་རིའི་རྩེ་མོར་སླེབས་དུས་ཤར་རིའི་དབུ་རྩེ་ནས་ཟླ་བ་ཁེར་རྐྱང་དེ་ཚེས་བྱུང་། མགོ་བོ་རྗེ་ནས་གནམ་ལ་བལྟས་ན་དཀར་འོད་ལམ་ལམ་གྱི་ཟླ་བ་ཁེར་རྐྱང་དེ་སྐྱོ་དུང་ངེར་མཐོང་ཐུབ་པ་ཙམ་ལས། ས་གཞི་ཡོངས་སུ་སྨུག་པས་གཡོགས་འདུག་པས། ཐག་རིང་གི་མེ་འོད་ལ་རྒྱང་ལྟ་བྱེད་ཐབས་བྲལ།

ཁོས་ཐབས་ཟད་འུ་ཐུག་གི་ངང་ནས་གསོལ་འདེབས་སྨོན་ལམ་རེ་བྱེད་བཞིན་ཁ་ཕྱོགས་ཅི་ཡང་མེད་པར་འདུར་རྒྱུག་བྱེད། ཇི་ཙམ་འདུར་རྒྱུག་བྱས་པ་དེ་ཙམ་གྱིས་རང་གི་སྙིང་ཁོང་ནས་དྲན་བཞིན་པའི་སྙིང་སྡུག་དེ་དང་ཁ་ཐག་ཇེ་རིང་དུ་གཏོང་བཞིན་པ་འདྲ། ཡང་སྙིང་ཁོ་རང་ཤར་ལྷོ་ནུབ་བྱང་གང་དུ་འགྲོ་དགོས་པ་གཏན་ནས་མི་ཤེས་པའི་རྐྱེན་གྱིས་ཉིན་མཚན་འདི་དག་གི་ངལ་བ་ཡོད་ཚད་སྟོང་པར་ཟད།  དེ་ལྟར་ཟས་སྐོམ་གཅིག་ཀྱང་ལོངས་སུ་སྤྱོད་རྒྱུ་མ་བྱུང་བར་ཉིན་མཚན་བདུན་ཙམ་གྱི་རིང་ལ་ཅི་ཞིག་བཙལ་རུང་ཅི་ཡང་མ་རྙེད་པའི་ཕམ་ཁ་བྱུང་སོང་བས། རེ་སྙེག་དང་དྲན་གདུང་གི་སེམས་པ་དེ་ཅུང་ཟད་ཨ་ཐང་ཆད་དེ་ལམ་ཆེན་ཞིག་གི་ཟུར་གྱི་རྡོ་ཕ་བོང་སྐྱ་བོ་དེའི་སྟེང་དུ་ཨན་ཙམ་ངལ་གསོས་པ་ན། གློ་བུར་དུ་ཁོའི་རྣམ་ཤེས་རབ་རིབ་དང་ལུས་སྟོབས་ཉབ་ཉོབ་ཏུ་གྱུར་ཏེ་ས་ཆ་དེར་དྲན་པ་བརྒྱལ།

གཉིས།

ཉི་འོད་ནི་དེ་ལྟར་ཤ་བ་རྨས་མ་ཞིག་གི་རྗེས་དེད་དེ་ཕྱིར་ཡོང་མ་བྱུང་ལ། ཟླ་གཡང་གིས་ས་ཆ་དེ་ག་རང་སྟེ་རྡེའུ་ཐང་ནས་ངང་སྒུག་ཡུན་རིང་བྱས། ངང་སྒུག་ཡུན་རིང་པོར་བྱེད་པ་ནི་དཀའ་ཚེགས་ཤིན་ཏུ་ཆེ་ཡང་། རེ་སྨོན་གྱི་སེམས་པ་ཟེར་བ་འདི་ནི་རླུང་དང་དྲག་ཆར་ཅུང་ཟད་ཙམ་གྱིས་འཆི་བར་མི་ནུས་པའི་མེ་ཏོག་དམར་པོ་ཞིག་ཡིན། དེ་དང་བསྡུར་ན་འཚོལ་སྙེག་བྱེད་མཁན་ནི་ཅུང་ཟད་ལས་སླ་ནའང་། འཚོལ་སྙེག་ཁྲོད་ཀྱི་དོགས་པ་ནི་ཤི་སླ་བའི་ཕྱེ་མ་ལེབ་ཅིག་དང་འདྲ། དེ་ལྟར་འདྲ་སྲིད་དམ།

མོས་མེ་ཐོག་ཏུ་ཤིང་ཧྲུག་སྐམ་པོ་ཁ་ཤས་བསྣན་ཏེ་ཁོ་རང་མུ་མཐུད་དེ་སྒུག་ཀྱང་མི་ཡོང་བས། ཟླ་གཡང་གིས་བཀྲ་མི་ཤིས་པའི་རྟོག་འཆར་སྣ་ཚོགས་ཤིག་སྤྲོས་དགོས་བྱུང་། ཨ་ཙི། ངས་ཇི་ཙམ་སྒུག་ཀྱང་ཉི་འོད་ནི་ཕྱིར་ཡོང་གཏན་ནས་མི་འདུག ། ཁོ་རང་མཚན་མོ་དེར་རྐང་པ་རྡོ་ལ་ཐོགས་ཏེ་གཡང་ས་མཐོན་པོ་ཞིག་ནས་ལྷུང་སོང་ངམ། ཡང་ན་ཁོ་རང་གཅན་ཟན་གཏུམ་པོ་ཞིག་དང་གདོང་ཐུག་བྱུང་ནས་ཟོས་སོང་ངམ། འོ། ཅིག་བྱས་ན་ཤ་བ་རྨས་མ་དེ་གཞི་བདག་གི་ཆོ་འཕྲུལ་ཡིན་སྲིད་ཅིང་། ཉི་འོད་ཀྱི་བླ་སྲོག་རྣམ་ཤེས་དང་བཅས་པ་ཡུལ་ལྷ་གཞི་བདག་ཀྱིས་ཁྱེར་སོང་བ་ཡང་ཡིན་སྲིད། གང་ལྟར་ངས་འདི་ནས་ཇི་ཙམ་སྒུག་ཀྱང་ཁོ་རང་ནི་ཕྱིར་ཡོང་གཏན་ནས་མེད་པ་འདྲ། དེ་ལྟར་སྙམ་བཞིན། ཤར་ཕྱོགས་ཀྱི་གནམ་མཐའི་སྤྲིན་པ་དམར་པོར་ཁ་གཏད་དེ་མོ་རང་ཕྱིར་ལོག་བྱེད་རྒྱུ་དྲན། ཁོང་གཉིས་རང་ཡུལ་ནས་ཇི་ལྟར་བྲོས་བྱོལ་དུ་ཡོང་བའི་ཚུལ་ལ་འདི་ལྟར་ཕྱིར་དྲན་བྱེད་བཞིན་དངོས་སུ་ཕྱིར་ལོག་བྱས།

ངེད་གཉིས་ཧོར་ཟླ་ལྔ་པའི་ཚེས་པ་བཅུའི་དགོང་མོར། རང་རང་གི་རྡོག་ཁྲེས་ཆུང་ཆུང་རེ་རྒྱབ་ལ་ཁུར་ཏེ། མཚན་མོའི་ཟླ་འོད་ཀྱི་ངོགས་ནས་ཉི་མ་ལྷ་སའི་ཕྱོགས་སུ་ཁ་གཏད་དེ་སེམས་ཐག་ཆོད་པོས་བྲོས་བྱོལ་བྱས་ཏེ་ཡོང་། དེ་ལྟར་ལ་དང་ལུང་པ། རི་དང་ཆུ་བོ་བརྒྱ་ཕྲག་ཙམ་བརྒལ་ཏེ་ཡོང་བ་ཡིན། ངེད་གཉིས་པོར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ནི་རང་རང་གི་ཕ་ཡུལ་དང་ཕ་མ་ལ་རྒྱང་ཐག་རིང་དུ་བསྐྱེད་རྒྱུ་དེ་ཡིན་པ་ལས་ཆེད་དུ་ལྷ་སར་འགྲོ་བ་ནི་མིན།

ཉིན་མཚན་བཅུ་ཕྲག་ཙམ་གྱི་དུས་ཡུན་དེ་ལྟར་འགྲུལ་བཞུད་ཀྱིས་འདས་ཤིང་། མུ་མཐུད་དེ་རང་གི་ཕ་ཡུལ་དང་རྒྱང་ཐག་རིང་ཙམ་བསྲིང་ཐུབ་པར་བྱུང་བས། ངེད་གཉིས་ཀྱི་སེམས་སུ་ཡང་རང་རང་གིས་གཅེས་སུ་འོས་པའི་བརྩེ་དུང་ཟབ་མོ་དེ་བདེ་འཇགས་དང་ལྡན་པའི་བས་མཐའ་ཞིག་ན་བསྐྱལ་ཐུབ་སོང་བའི་ཚོར་བ་བློ་བདེ་བ་ཨེན་ཙམ་ཞིག་ཀྱང་སྐྱེས་ཤིང་། མཛའ་བརྩེ་སྨིན་པའི་དགའ་མགུར་གྱི་བདེ་བར་ལོངས་སུ་སྤྱད། སོ་སོའི་སེམས་སུ་ཡང་། ང་རང་གཉིས་ནི་རང་བྱུང་ཁམས་ཀྱི་རང་བབས་ལྷུན་གྱིས་གྲུབ་པའི་གཙང་པོ་ཞིག་གི་འགྲམ་ནས་རང་བཞིན་གྱིས་ཞེ་མཐུན་ལྷན་དུ་འཛོམ་པའི་ངང་པ་ཆ་གཅིག་དང་འདྲ་བས་ན། བྱ་རིགས་ཉོ་ཚོང་མཁན་གྱི་ཚོང་པ་ཞིག་གིས། བྱ་ཕོ་དང་བྱ་མོ་གཉིས་ཉོས་ཏེ་གཟེབ་དྲྭ་གཅིག་གི་ནང་དུ་བཙན་གྱིས་བཅུག་པ་དང་ལར་ནས་མི་འདྲ་བའི་རྒྱུ་མཚན་དང་ལྡན་པར་སྙམ་པ་བྱུང་།

རང་ཡུལ་དང་གྱེས་ཏེ་ཉི་མ་མང་ཙམ་ཐལ་ཞིང་། ཁ་སང་གི་ཕྱི་དྲོར། རི་རྩེའི་གྲིབ་མ་ཅུང་ཟད་གུག་བཞིན་ཡོད་པའི་སྐབས་ཙམ་ན་དབྱི་ཤོད་ལུང་པའི་རྡེའུ་ཐང་ཟེར་བ་འདི་རུ་སླེབས། ཐང་འདི་ལ་རྡེའུ་ཐང་ཟེར་ཡང་དོན་དུ་སྤང་ཐང་ཡངས་པོ་ཞིག་རེད། ངེད་གཉིས་སླེབས་དུས་སྤང་ཐང་འདིར་དབྱར་སྟོད་ཀྱི་མེ་ཏོག་སོ་མ་འདི་དག་ཁྲ་ལམ་མེར་བཞད་ཅིང་། མཁའ་དབུགས་ཀྱི་ནང་དུ་རྩྭ་སྔོན་སོས་པའི་དྲི་ཞིམ་ཀྱིས་ཡོངས་སུ་ཁྱབ་ནས་འདུག་པ་ལེགས་པར་ཚོར་བྱུང་། དེ་ནས་ཆུ་ལེན་ཤིང་འཐུ་བྱས་ཤིང་དགོང་ཇ་ཞིམ་པོ་ཞིག་སྐོལ་བའི་སྟ་གོན་ལེགས་པར་བྱས་ཟིན་ཡོད། སྐབས་དེར་ནམ་མཁའི་སྤྲིན་གསེབ་ནས་གསེར་མདོག་གི་ཉི་འོད་དེས་སྤང་ཐང་འདི་རུ་ཕྱིར་ལྟས་ཐེངས་ཤིག་བྱས་བྱུང་བ་དང་། ཡུད་ཙམ་གྱིས་རྒྱ་མཐོངས་ནང་ནས་ཤར་བ་ལྟ་བུའི་ཉི་མ་དེ་སྤྲིན་པ་མཐུག་པོ་ཞིག་གིས་ཕར་གཡོགས་ནས་སོང་། དུས་དེ་ཙ་ན་ངེད་གཉིས་དང་ཐག་མི་རིང་བའི་རི་གདོང་དེ་ནས་ཤ་བ་རྨས་མ་དེ་མངོན་བྱུང་། མོས་དེ་ལྟར་ཕྱིར་འདང་སྐྱུར་མོ་རེ་བྱེད་བཞིན། ཁྱིམ་ཚང་ལྔ་བཅུ་ལྷག་ཙམ་གྱིས་གྲུབ་པའི་ཐག་རིང་གི་ཞིང་གྲོང་གྱང་རལ་གྲོང་ཚོ་རུ་དམིགས་པ་གཏད་བཞིན་ཕྱིར་ལྡོག་བྱས།

གྱང་རལ་གྲོང་ཚོའི་ནང་གི་ལྕང་སྡོང་རྒན་པོ་འདིས་མི་རབས་བདུན་གྱི་དར་རྒུད་དང་བདེ་སྡུག་མཐོང་ཡོད་ཟེར། མ་ཟད་དུས་ཚིགས་བཞི་ཡི་རླུང་བུ་དང་སྡེབ་སྟེ་གྲོང་མི་ཚོར་སྙན་ཚིག་གི་ལམ་ནས་རང་བྱུངས་ཁམས་ཀྱི་འགྱུར་བག་མཚོན་པའི་འཕྲིན་པ་ཡང་ཡང་སྐྱེལ་བར་བྱེད། ལྕང་སྡོང་འོག་གི་ཁྱིམ་ཚང་འདིའི་མིང་ལ་ཡུལ་མི་ཚོས་ལྕང་རྒན་ཚང་ཟེར་ནས་འབོད། ལྕང་རྒན་ཚང་གི་བུ་མོ་ཟླ་བ་གཡང་འཛོམ་དང་རྨ་བྱ་ཚང་གི་བུ་ཉི་མ་འོད་ཟེར་གཉིས་བརྩེ་སེམས་མཐུན་པའི་ཆུང་འདྲིས་བྱམས་པ་ཡིན་མོད། ཁྱིམ་ཚང་གཉིས་ཀྱི་དབུལ་ཕྱུག་མི་སྙོམ་པའི་ཁར། ས་ཞིང་མུ་མཚམས་ཀྱི་གཏམ་ཉོག་གསར་པ་ཞིག་ཀྱང་བྱུང་སོང་བའི་རྐྱེན་གྱིས། ན་གཞོན་གཉིས་ཀྱི་བརྩེ་དུང་གི་ལྡུམ་རའི་ནང་དུ་ཉེ་ཆར་ལྷག་པ་ཞིག་ལྡང་བཞིན་ཡོད་པ་མ་ཟད། ལྷག་པ་དེ་ག་ལེར་གྲང་ངར་གྱི་ངོ་བོར་འགྱུར་བཞིན་འདུག་ཟེར་བ་ཐོས་བྱུང་། དེ་བས་ང་ཚོས་ན་གཞོན་ཕོ་མོ་འདི་གཉིས་ཀྱི་བརྩེ་དུང་གི་མངར་སྐྱུར་ལ་དོ་སྣང་ཞིབ་མོ་ཞིག་གནང་དགོས་བྱུང་སོང་།

རྨ་བྱ་ཚང་སྔར་ཕྱུག་པོ་ཡིན་དུས། མིང་ལ་རྨ་བྱ་ཟེར་བའི་རྟ་མཆོག་ཅིག་ཡོད་པས། གྲོང་མི་རྣམས་ཀྱིས་ཁྱིམ་ཚང་དེའི་མིང་ལའང་རྨ་བྱ་ཚང་ཟེར་ནས་བོས། ད་ལྟ་ནི་རྟ་མཆོག་དེ་ཤི་ཟིན་ཅིང་ཁྱིམ་ཚང་དབུལ་པོར་གྱུར་ཡོད། ཡིན་ན་ཡང་རྨ་བྱ་ཚང་གི་བུ་ཉི་འོད་ནི་རང་གི་ཁྱིམ་ཚང་དབུལ་ཕྱུག་ཅི་ཞིག་ཡིན་མིན་ལ་མ་ལྟོས་པར་བུ་མོ་ཟླ་གཡང་ལ་དགའ་བའི་རྣམ་འགྱུར་རྒྱུན་སྐྱོང་ཐབས་བྱས་ཤིང་། ཕན་ཚུན་གྱི་བར་ན་མཛའ་གཅུགས་གསེར་གྱི་ཟམ་པས་སྦྲེལ་ནས་དུང་སེམས་དངུལ་གྱི་མཛུབ་དཀྲིས་ཀྱིས་བཅིངས་ཏེ་ཡོད། བུ་མོ་ཟླ་གཡང་ལ་མཚོན་ནའང་། མོས་བརྩེ་སེམས་དྭངས་གཙང་གི་བར་གྱི་བླ་ན་མེད་པའི་འབྲེལ་བ་དང་བསྡུར་ཚེ་དབུལ་ཕྱུག་བར་གྱི་འབྲེལ་བ་སོགས་ནི་འབྲེལ་བ་ཞིག་མིན་པའི་རྣམ་འགྱུར་མངོན་གསལ་དུ་བཟུང་། དེ་ལྟར་ན་ཡང་ལྕང་རྒན་ཚང་གི་ཕ་མ་མིང་སྲིང་ཚོས་བུ་མོ་ཟླ་གཡང་གི་བརྩེ་དུང་ལ་རྒྱབ་སྐྱོར་གཏན་ནས་མ་གནང་ཞིང་། ཐ་ན། ཁོང་གཉིས་ཀྱི་མཛའ་གཅུགས་ལ་གཏོར་རླག་གཏོང་རྒྱུའི་འཆར་གཞི་ཆ་ཚང་བཀོད་སྒྲིག་བྱས་ཟིན་འདུག་པ་ཤེས། དེས་ན་ཁོང་གཉིས་ཀྱིས་སོ་སོའི་ཕ་མའི་ངག་བཞིན་མི་ཉན་པར་ཡུལ་གྱར་བྱེད་པའམ། ཡང་ན་གནས་སྐོར་བ་ཞིག་གི་ཚུལ་གྱིས་ས་མཐར་འཁྱར་རྒྱུ་ལས་ཐབས་ཤེས་གཞན་ཅི་ཡང་མེད་པར་གྱུར་སོང་།

གསུམ།

གཞོན་ནུ་ཉི་མ་འོད་ཟེར་ལུང་པ་སྟོང་པའི་ལམ་ཆེན་ཞིག་གི་ཟུར་དུ་དྲན་པ་བརྒྱལ་སོང་རུང་། སྐབས་ཁེལ་བ་ཞིག་ལ། ཁམས་ཀྱི་ཇ་རྟའི་གནའ་ལམ་བར་པ་བརྒྱུད་དེ་འགྲོ་བཞིན་པའི་ཚོང་པ་ཞིག་གིས་ཉི་འོད་ཀྱི་འཆི་ལ་ཉེ་བའི་ཚེ་སྲོག་ཕྲ་མོ་དེ་བསྐྱབས་པར་བྱས། ཅི་བྱ་འདི་སྒྲུབ་དང་བྲལ་བར་གྱུར་ཅིང་གར་འགྲོ་གཏད་སོ་ཅི་ཡང་མེད་པའི་ན་གཞོན་གསར་བུ་འདི་དེ་ལྟར་ཚོང་པ་ཞིག་གི་ལག་དོ་བར་གྱུར། མདོར་ན་རྨ་བྱ་ཉི་འོད་དེ་འདི་ལྟར་ད་ལྟ་སྟེས་དབང་གིས་ལག་དོ་ཉི་འོད་དུ་གྱུར་སོང་།

ལག་དོ་བ་ཉི་འོད་ནི་ལོ་ཟླ་འདི་དག་གི་རིང་ལ་ཚོང་དཔོན་དང་མཉམ་དུ་དེ་སྔོན་སོང་མ་མྱོང་བའི་ཡུལ་ལུང་མང་པོ་ཞིག་སྐོར་བཞིན་ཡོད་ཅིང་། ཕར་བལྟས་ན་རྟ་དྲེལ་གྱི་སྒ་སྟོད་པ་དང་ཁལ་འགེལ་ཕོགས་བྱེད་པ་སོགས་ཀྱིས་དུས་འདའ་བཞིན་ཡོད་མོད། བརྩེ་དུང་ལྡན་པའི་ན་གཞོན་ཕོ་མོ་གཉིས་ཀྱི་སྟེང་དུ་བྱུང་བའི་རྐྱེན་ངན་ཆག་སྒོ་དེ་དག་གི་སྡུག་ཡུས་དང་སེམས་ཁྲལ་ལྕི་མོས་མུ་མཐུད་དེ་ཁོ་རང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད། འོས་མེད་ཀྱི་ཕམ་ཁ་དང་ཉམ་ཉེས་དེ་དག་བརྗེད་པར་མ་ནུས་པའི་རྐྱེན་གྱིས་རང་གི་ལུས་སེམས་གཉིས་ཀར་ནད་ངན་ཞིག་གིས་ཚང་བཅས་ཏེ་བྱུང་། འདི་ལྟར་མུ་མཐུད་དེ་འཇིག་རྟེན་ན་གསོན་པོར་གནས་དགོས་དོན་ཅི་ཞིག་ཡིན་པའང་ཧ་མི་གོ་བ་ཞིག་རེད་ཨང་།

ཉི་འོད་རང་གི་སྙིང་སྡུག་ཟླ་གཡང་དང་གྱེས་བྲལ་བྱུང་སྟེ་ད་ནི་ཟླ་བ་བཅོ་བརྒྱད་ཙམ་འདས་ཟིན། དུས་ཡུན་རིང་མོ་དེ་ཙམ་ཞིག་འདས་ཟིན་པའི་མཚན་མོ་འདིར་ཁོས་རྨི་ལམ་ལྟ་བུའི་ལམ་ཁ་ཞིག་བརྒྱུད་དེ་ཡུན་རིང་ཡིད་ལ་བརྣགས་པའི་རྡེའུ་ཐང་དུ་ཕྱིར་ལོག་བྱེད་ཐུབ་པ་བྱུང་། ཁོ་རང་གང་ནས་ཡོང་བ་དང་འདི་ནས་ཡོང་བ་ཡིན་ཟེར་བའི་ལམ་ཁ་ཅི་ཡང་མི་གསལ་བར། ཡང་བསྐྱར་ཕྱི་དྲོ་ཞིག་ལ་རྡེའུ་ཐང་དུ་སླེབས་པར་གྱུར། ད་ལྟ་རྡེའུ་ཐང་དུ་དགུན་གྱི་ཁ་བ་འབབ་བཞིན་འདུག་ལ་རི་ལུང་ཡོད་ཚད་སྐྱ་ཐེང་ངེར་སྣང་། ཁ་བའི་གསེང་ནས་རྩྭ་ཐུར་སྐམ་ཧྲེང་དག་གིས་འཁྱག་སྣང་སྟེར་བའི་ཤུ་གླུ་ལེན། སྔོན་ཁོང་གཉིས་ཀྱིས་རི་ཇ་བསྐོལ་བའི་ས་ཆ་དེར་ཐབ་རྡོ་དང་མེ་བུས་པའི་ཤུལ་དོད་ཙམ་འདུག་པ་དང་། མ་ཟད་མི་ཞིག་གསར་དུ་ས་འདི་ནས་འགྲོ་སྡོད་བྱས་པའི་རྗེས་ཤུལ་ཡང་གསལ་པོར་སྣང་། ཐབ་ཀའི་གཡས་གཡོན་གཉིས་སུ་སྔར་མེད་པའི་རྩྭ་ཕུང་ཆེན་པོ་གཉིས་སྤུངས་འདུག་པ་འདི་ནི་ཅི་ཞིག་ཡིན་པ་སུ་ཡིས་ཤེས། ཉེ་ཟུར་གྱི་ས་ཆ་གང་སར་མིག་ཉུལ་བྱས་ཀྱང་རང་གི་སྙིང་སྡུག་དེ་མཐོང་ལམ་དུ་མངོན་མ་བྱུང་བས། གྲང་འཁྱག་གི་སྣང་བ་རྩུབ་མོ་ཞིག་གིས་རྩྭ་ཕུང་ཅིག་ཤོས་དེའི་ནང་དུ་རང་དབང་མེད་པར་འཛུལ་དུ་བཅུག་བྱུང་།

བློ་ཡུལ་དུ་འཁོར་མ་མྱོང་བའི་གྱེས་བྲལ་གྱི་ཆག་སྒོ་དེར་ཕྱིར་དྲན་བསློག་བཞིན། ཉི་འོད་ཀྱིས་རྩྭ་ཕུང་དེའི་ནང་ནས་སྙིང་སྡུག་མ་ཟླ་བ་གཡང་འཛོམ་ངེས་པར་དུ་ཕེབས་ཡོང་བའི་ཡིད་ཆེས་དང་བཅས་རེ་སྒུག་བྱས། བུ་མོ་ཟླ་གཡང་གིས་ཟླ་བ་བཅོ་བརྒྱད་ལ་ས་འདི་ནས་ངང་སྒུག་བྱས་ཡོད་པར་ཡིད་ཆེས་ཡོད་དམ། རེད། ང་ཚོས་ཉི་འོད་ལ་སྐད་ཆ་མང་པོ་འདྲི་བར་མི་བྱ། དྲང་མོར་བཤད་ན་ཁོས་ད་ལྟ་རང་ཉིད་ཀྱང་ཤི་གསོན་ཅི་ཞིག་ཡིན་པ་གཏན་ནས་ཤེས་ཀྱིན་མེད།

རྨ་བྱ་ཉི་འོད་རྩྭ་ཕུང་གི་ནང་ནས་དྲོད་སྣང་ཨེན་ཙམ་ཞིག་བྱུང་སོང་ལ་དགོང་མོའི་གྲིབ་ཆེན་གུག་སྟེ་རི་ཐང་ཡོངས་རྫོགས་གྲིབ་མས་ནག་ངམ་མེར་བཏང་། སྐབས་དེར་མིག་རྒྱང་ཙམ་གྱི་ཁ་བའི་ཁྲོད་ནས་བུད་མེད་ཅིག་རྩྭ་ཕུང་འདི་གཉིས་ལ་ཁ་གཏད་དེ་བརྒྱུག་ཡོང་གིན་འདུག་སྟེ། ཚུར་ཚུར་ཐག་ཇེ་ཉེར་གྱུར་། མོས་རྩྭ་དང་ལྡུམ་བུ་སྐམ་པོ་སྙིམ་པ་གང་ཁྱེར་འདུག་པ་རིམ་བཞིན་གསལ། འདི་ནས་མོ་དང་མོས་ཟེར་བའི་ཐ་སྙད་སྤྱོད་བཞིན་ཡོད་པ་ཙམ་ལས་ངོ་མ་བཤད་ན་གན་ནས་ཚུར་ཡོང་མཁན་འདི་སྐྱེས་པའམ་བུད་མེད་ཅི་ཞིག་ཡིན་པ་ཤེས་ཐབས་བྲལ་འདུག་སྟེ། དཔེར་ན་མེ་ཡིས་ཚིག་ཟིན་པའི་སྡོང་པོ་སྐམ་ཧྲུག་ཅིག་ལ་རྐང་ལག་ཐོགས་ཏེ་གོམ་པ་སྤོ་བཞིན་པ་དང་འདྲ། མོའི་ལུས་ཀྱི་ཤ་ཟད་དེ་རུས་པར་ཐུག་ཅིང་རུས་པའི་ཕྱི་ནས་པགས་པ་ནག་པོ་ཞིག་གིས་ཟུར་ཟ་དང་བཅས་གཡོགས་ནས་འདུག ། དབུ་སྐྲ་སྨུག་པོ་སོགས་ཟེར་ནས་ཐ་སྙད་འདི་ལྟ་བུའི་རིགས་ད་ལྟ་སྤྱོད་པར་མི་འོས་ཏེ། གནས་བབས་ལ་བལྟས་ན་བསམ་གཟས་ཏེ་མོར་བརྙས་བཅོས་དང་འཕྱ་སྨོད་བྱས་པར་འགྱུར་ངེས།

མོའི་མགོ་ཡི་སྐྲ་ནག་པོ་དེ་དག་གོ་རིམ་དང་སྒྲིག་གཞི་ཅི་ཡང་མེད་པར་གང་འདོད་འདོད་དུ་ལངས་ཤིང་འཛིངས། ལུས་ལ་གྱོན་པ་ཧྲུལ་པོ་ཞིག་ཀྱང་མེད་པར་ཉེ་འགྲམ་དུ་ཚུར་ཐོན་ནས་བྱུང་། སྙིམ་པའི་ནང་གི་རྩྭ་ལྡུམ་དེ་དག་དུམ་བུ་གཉིས་སུ་བགོས་ཏེ་རྩྭ་ཕུང་ཆེན་པོ་གཉིས་ཀྱི་སྟེང་དུ་བསྣན་སོང་བ་དང་། དེ་ནས་སྔར་ཉི་འོད་ཀྱིས་ཤ་བ་རྨས་མ་རྗེས་འདེད་བཏང་བའི་ཕྱོགས་སུ་ཁ་འཁོར། ཉི་མ་འོད་ཟེར་གྱི་མིང་ནས་བཟུངས་ཏེ་སྐད་ཤུགས་ཡོད་ཚད་ཀྱིས་རྒྱང་འབོད་བྱས། རྒྱང་འབོད་དྲག་པོ་བྱས། རྫོང་གནམ་བྲག་དཀར་གཙོར་བྱས་པའི་རི་ལུང་ཡོད་ཚད་ཀྱིས་མོ་དང་མཉམ་དུ་རྒྱང་འབོད་བྱས་སོང་། རྒྱང་འབོད་དེ་ཡུན་རིང་པོར་བྱས་སོང་བས་གནམ་གྱི་སྐར་ཚོགས་དག་གིས་ཀྱང་འདར་ལྷབ་ལྷབ་བྱེད་དགོས་བྱུང་།

ས་ཡོངས་སུ་རུབ་ཐག་ཆོད་པ་དང་རྒྱང་འབོད་བྱེད་མཚམས་བཞག་སྟེ་ཐབ་རྡོའི་ཟུར་དུ་བསྡད་ནས་སྐད་གདངས་ཙིར་ཙིར་གྱིས་ངུས་བྱུང་། མོའི་ལུས་ངག་གི་ཉམས་འགྱུར་དང་གསོན་ཤུགས་ཡོད་ཚད་སྔ་མོ་ནས་བོར་རླག་ཏུ་སོང་ཟིན་འདུག་སྟེ། ད་ལྟའི་མིག་མདུན་གྱི་རྣམ་པ་དེ་དག་ལ་བལྟས་ན་ནི། གོམས་ལོབས་སུ་སོང་ཟིན་པའི་ལས་ཀ་ཞིག་གི་གོ་རིམ་ཙམ་ཏུ་གྱུར་ཏེ། མི་ཞིག་གིས་མི་གཞན་ཞིག་ལ་རེ་སྒུག་གིས་རྒྱང་འབོད་བྱེད་པ་དང་དྲན་གདུང་གིས་མིག་ཆུ་ཤོར་བ་ལྟ་བུའི་ཚོར་སྣང་རྩ་བ་ནས་མི་འདུག ། དེ་ལྟ་བུའི་ཚོར་སྣང་སྟེར་བའི་ནུས་པ་རྩ་བ་གཞི་ནས་ཤོར་ཟིན་འདུག

བཞི།

རྨ་བྱ་ཉི་འོད་ཀྱིས་རྨི་ལམ་ངན་པ་དེ་རྨིས་པའམ། ཡང་ན་བར་དོའི་འཕྲང་ལམ་རིང་མོ་དང་འདྲ་བའི་འཁྲུལ་སྣང་དེ་བྱུང་ནས་ཉི་མ་ཁ་ཤས་ཀྱི་རྗེས་སུ། ལག་དོ་བ་ཉི་འོད་ཀྱི་སྦྱིན་བདག་ཚོང་དཔོན་དེ་རྟ་རི་གསེར་ཕུག་ཏུ་སླེབས། གསེར་གྱི་ཕུག་པར་བཞུགས་པའི་རྣལ་འབྱོར་པ་འཇིགས་མེད་རྟོག་ཞིག་རྡོ་རྗེའི་མདུན་དུ་བསྔོ་སྨོན་དང་ཁྲུས་སྦྱང་ཞུ་བའི་གསེར་དངུལ་གྱི་འབུལ་རྟེན་ཕུལ། རྨ་བྱ་ཉི་འོད་ཀྱི་ཡ་ང་བའི་མི་ཚེའི་སྐྱོ་གར་དེ་དག་ཀྱང་བླ་མར་སྙན་གསེང་ཞུས་ཏེ་ཚོང་པ་དེ་ཕྱིར་ལོག

དེ་དུས་བླ་མ་འདིས་གཏམ་རྒྱུད་འདིའི་བརྗོད་སྙིང་དང་འདྲ་བའི་འཇིག་རྟེན་འཁོར་བའི་ཟིན་པ་མེད་པའི་འཚོལ་སྙེག་དང་རེ་སྒུག་གི་འགལ་དུ་ལས་དྲངས་ཏེ་མགུར་སྙན་མོ་ཞིག་ཀྱང་བཞེངས་མཛད་ཡོད།

ད་ནི་ཀློག་མཁན་ཁྱེད་ཀྱིས་རྡེའུ་ཐང་མ་བརྗེད་རོགས། རྡེའུ་དམར་པོ་ཤ་སྟག་ཁྲི་འབུམ་མང་པོ་ཡོད་པའི་ལ་ཐུང་ཞིག་གི་ཕར་རྒྱབ་ན་རྡེའུ་ཐང་ཡོད་པ་རེད་ཨང་། རྡེའུ་ཐང་ནི་ང་ཚོའི་ཕ་ཡུལ་དང་ཁ་ཐག་མི་རིང་ཡང་། ང་ཚོ་དངོས་སུ་ས་དེར་སོང་མ་མྱོང་། ཡང་ན་སོང་བ་བརྗེད་ཟིན། གོ་ཐོས་ལྟར་ན་རྡེའུ་ཐང་གི་རྩྭ་ཕུང་ཆེན་པོ་དེ་གཉིས་ཀྱི་བར་ན་མཚེའུ་ཆུང་ཆུང་ཞིག་ཀྱང་འཁྱིལ་ནས་འདུག་ཟེར། མཚེའུ་ཆུང་ཆུང་དེ་ག་རེ་ཡིན་ནམ། ལ་ལས་ཟེར་ན་བུ་མོ་ཟླ་བ་གཡང་འཛོམ་གྱི་རེ་སྒུག་གི་མིག་ཆུ་རེད་ཟེར། ལ་ལས་ཟེར་ན་རྣལ་འབྱོར་པ་འཇིགས་མེད་རྟོག་ཞིག་རྡོ་རྗེས་ཚེ་འདས་ལ་ཁྲུས་སྦྱངས་བྱས་པའི་ཁྲུས་ཆབ་ཡིན་ཡང་ཟེར།

2020.2.22