སྐྱེ་བ་འདིའི་ངའི་བརྩེ་གདུང་།

འོར་མས་བརྩམས།
   འཇིག་རྟེན་འདིར་ཆེས་ཉམས་ཆུང་ནུས་མེད་ཀྱི་བརྩེ་དུང་སྙིང་རྗེ་ལ་ཤ་ཚ་བ་ཞིག་ཡོད་པ་ནི་ང་ཡི་བརྩེ་དུང་སྟེ། རྒྱ་མཚོའི་གཏིང་གི་ནོར་བུ་དང་གངས་རིའི་ཁྲོད་ཀྱི་མེ་ཏོག་ལྟ་བུའི་ཆེས་དག་གཙང་གི ངོ་ཚ་སྐྱེན་པའི་ན་ཆུང་མ་ལྟར་ཤིན་ཏུ་མངོན་ཆུང་གིས། མི་མེད་དབེན་ཁྲོད་ཀྱི་གཙང་བོའི་ཟླ་གཟུགས་ལྟར་རང་སེམས་ཀྱི་གཏིང་རིམ་ན་འབུ་མེ་འབུད་བཞིན་གནས་ཡོད། དེའི་ཕྱིར། ངའི་བརྩེ་དུང་ནི་མཚན་མོའི་ཆུ་མིག་དང་དུ་བ་སྟེ། ང་ཡི་བརྩེ་དུང་ནི་རི་དྭགས་རྨས་མ་ཞིག་ལྟར་གཡོལ་ཞིང་གབ་ནས་འགྲོ་དགོས་ཤིང་དབང་ཅི་ཡང་མེད་པའི་གཡོག་མོ་ཞིག་ལྟར་རྟག་ཏུ་ཁ་བཟུང་ཞིང་མགོ་བསྒུར་ནས་གནས་དགོས། དེ་ཡིན་རུང་།
ལྷོ་བཞུད་ཀྱི་ཁྲུང་ཁྲུང་ཕྱིར་ལོག་ནས་ཡུན་རིང་སོང་ནའང་། ཁྱོད་རང་ཕྱིར་ད་རུང་མ་ཐོན། རྒྱང་བཞུད་ཀྱི་ཁུ་བྱུག་ཕྱིར་སླེབས་ནས་ཡུན་རིང་སོང་ནའང་། ཁྱོད་ལ་ནི་ད་རུང་ཡང་གྲག་འགུལ་མི་འདུག ཟླ་འདིའི་ནང་དུ་ངས་ཁྱོད་རི་བོའི་སྤོ་ནས་ཟླ་བ་ཤར་བ་བཞིན་གློ་བུར་དུ་ངའི་ཁེར་རྐྱང་གི་འཇིག་རྟེན་གསལ་ལེར་གཏོང་ཡོང་སྙམ་ཞིང་། ང་ཡི་རེ་སྒུག་གི་སྒོ་མོ་ཁྲོག་ཁྲོག་བརྡུང་ཡོང་སྙམ་ནས་ཉིན་མཚན་མེད་པར་བསྒུགས་ཡོད། སྒེའུ་ཁུང་ནས་ཟླ་བ་ཤར་བ་མཐོང་ཚེ་ཁྱོད་རང་དྲན་བྱུང་། སྤང་ལ་མེ་ཏོག་སྐྱེས་པ་མཐོང་བ་ན་ཁྱོད་རང་དྲན་ཏེ། ཟླ་བ་དང་ཁྱོད་ལ་འབྲེལ་བ་མེད་ནའང་། མེ་ཏོག་དང་ཁྱོད་ལ་འབྲེལ་བ་མེད་ནའང་། ངས་ཟླ་འདིའི་ནང་དུ་བསམ་གཞིག་ཅི་ཡང་མི་ནུས་པར་སེམས་ཁོངས་དྲན་གདུང་གིས་གང་བྱུང་།
འོན་ཏེ། ད་ནི་ང་རང་འགྲོ་དགོས་པའི་ཅོང་བརྡ་བརྒྱབ་བྱུང་། ད་ཐེངས་སོང་ཚེ་ནམ་ཞིག་ལ་ཚུར་ཡོང་ཐུབ་མིན་ཀྱང་མི་ཤེས་པས། ད་རེས་ཅིས་ཀྱང་ཁྱོད་དང་ཐུག་ཨེ་ཐུག་ལ་རེ་ནའང་། རེ་བའི་ལྗོན་པ་ཆགས་སོང་། དེ་ན་ད་ནི་ལྗོན་པ་དེའི་སྟེང་གི་ཁེར་རྐྱང་གི་བྱེའུ་ང་ཡང་འཕུར་སོང་། འཕུར་རྒྱུ་ནི་ང་ཡི་འདོད་པ་གཏན་ནས་མིན་ནའང་། ངས་ཐམས་ཅད་ལ་བཟོད་པ་བསྒོམས་ཡོད།
ཁྱོད་དང་འཕྲད་མ་ཐུབ་པའི་གོ་རིམ་ཁྲོད། ངས་བརྩེ་དུང་གི་གོ་བ་ཆེན་པོ་ཞིག་ལོན་བྱུང་། དེ་ནི། ཁྱོད་རང་བདེ་བར་འཚོ་བའི་སྐད་ཆ་ཙམ་ལས་ཅི་ཡང་མ་ཐོབ་ཀྱང་ཆོག་པ་དེའོ།།དེས་ན། ཞེ་བདེ་བར་ཡོད་པས་སེམས་མ་སྐྱིད་པར་ཆས་དགོས་ནའང་། ཁྱོད་ཉིད་དཀའ་ངལ་ཅིར་དང་མི་ཕྲད་པས། ང་རང་གང་དུ་སོང་ཞིང་གང་ན་བསྡད་ཀྱང་། བདེ་ཐང་ངང་རྒྱུན་ལྡན་ཁྲོད་འཚོ་ཐུབ་ངེས་ཏེ། འདི་ནི་ཁྱོད་ཀྱིས་བདག་ལ་གནང་བའི་འཚོ་བའི་ཁ་སྣོན་ནམ། ཡིད་ཀྱི་གྲོ་ཁ་ཡིན།
སྙིང་ཉེ། རླངས་འཁོར་གྱི་སྒྲ་བཟུང་བྱུང་།
ཉིན་ཉིན་ཐོ་དགོད་འདུག་རྒྱུ་ཅི་ཞིག་ཡོད།  ཡར་ལངས་མར་ཉལ།  ཡར་ཟ་མར་གཏོང་། ཡར་ཡོང་མར་རྒྱུག  ཉི་མ་རེ་བཞིན་དེ་དག་བྲིས་པ་ནི་བྱ་རོག་གི་སོ་རྟོག་གི་གཞུང་བཞིན་སྙིང་པོ་ཅི་ཞིག་ཡོད་ཅེས་ཉིན་ཐོ་འབྲི་འདུག་པའི་སྐབས་སུ་ཟུར་ནས་དེ་ལྟར་དགག་ཡོང་མཁན་འདུག  བདེན་ནི་མི་བདེན་མོད་མེ་ལོང་ལ་ཧས་བཏབ་པ་ལྟ་བུ།  བསེར་བུས་ཆུ་རིས་ལྟེབ་པ་ལྟར།  སེམས་ལ་གཡོ་སྐྱོམ་ཅུང་ཙམ་ཡང་མི་ཐེབས་ཟེར་ན་ཤིན་ཏུ་དཀའ།  དེའི་ཕྱིར་རང་གིས་རང་གི་སེམས་པ་ཆུང་ཆུང་འདིའི་ཁ་ཡང་བསུམ་རེ་བྱེད་དགོས་ཐུག མི་ཟེར་བ་འདི་རྒྱུ་མཚན་ཡོད་མེད་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་མ་རེད་ལ། འདང་བརྒྱབ་ཀྱང་བྱིས་པ་ལ་ཀ་ར་སྟེར་ན་ཁ་ཉན་པ་ལྟ་བུ་ཞིག་ཀྱང་མ་རེད།
ནམ་རྒྱུན་གྲྭ་ཤག་སྒམ་ཁྱོག་ལྟ་བུ་རེའི་ནང་དུ་བསྡད་ཅིང་། འདུ་ཁང་ངོས་ཀྱི་ལྕུང་ཀ་ལྟ་བུའི་ང་ནི་རང་ཁ་རང་གིས་གསོ་ཞིང་རང་སེམས་རང་གིས་གསོ་དགོས་པ་མང་དུ་མཆིས། ཉིན་ཐོ་ནི་ས་ཞིང་རེ་ཡིན་ན།  ངས་ནི་དེའི་ནང་དུ་ལོ་ཏོག་མང་དུ་འདེབས་བཞིན་ཡོད་དེ། དེ་ལྟར་ང་རང་རྒས་ནས་གཅིག་པུར་གྱུར་ཅིང་གཡོག་མེད་པར་ལྷག་པའི་ཚེ།  སྔོན་རང་གིས་བཏབ་ཡོད་པའི་འབྲས་བུ་ལོངས་སུ་སྤྱོད་འདོད་པས་ཡིན།  འདང་རེ་བརྒྱབ་ཚེ།  ཉིན་ཐོ་ནི།  བགད་ནས་མིག་རུབ་ཅིང་ད་ལྟ་ངའི་དབྱིབས་ཙམ་ཡང་མི་ཞོགས་སའི་ང་རང་ཆུང་ཆུང་ཡིན་དུས་ཀྱི་འདྲ་པར་དེ་དང་འདྲ་བོ་འདུག
ཉིན་ཐོ་ནི་ངས་རང་ཉིད་ལ་སྐད་ཆ་ལབ་སྟངས་གཞན་ཞིག་ཡིན་ལ།  ཡང་ན་ཉིན་གཅིག་ཡེང་མ་ལམ་དུ་ཟད་པར་ཉེ་བ་ན། ཕྱིར་འཁོར་ཏེ་དོན་སྙིང་ངམ་ཡང་ན་ལོངས་སུ་སྤྱོད་སྟངས་གཞན་ཞིག་ཡིན།  ཡང་ན་ངས་གཏམ་རྒྱུད་ཅིག་ཤོད་ཀྱིན་ཡོད་དེ།  བྱིས་པས་རྒན་པར་གཏམ་རྒྱུད་ཤོད་པ་ལྟར།  ད་ལྟའི་ངས་ཀྱང་མ་འོངས་པའི་རང་ཉིད་ལ་གཏམ་རྒྱུད་ཅིག་ཤོད་ཀྱིན།  ངས་འཕྲིན་ཡིག་བསྐུར་ས་ཡང་རང་ཉིད་དང་རྒྱུད་ཐག་ཉེ་བའི་མ་འོངས་པའི་རང་ཉིད་ལ་བསྐུར་བཞིན་ཡོད་ལ།  སྐབས་དེར།  འཕྲིན་ཡིག་འདི་དག་ངའི་ལག་ཏུ་འབྱོར་ཚེ་ང་རང་ཧ་ཅང་དགའ་ངེས།
  ཡང་གཅིག་བཤད་ན།  ང་ནི་གུས་སྦྱོར་གྱི་བརྩོན་པ་ལྟ་བུའི་གནས་སྐབས་ཐོག་རྒྱག་གི་བརྩོན་པ་ལས།  རྟག་སྦྱོར་གྱི་བརྩོན་པ་ལྟ་བུའི་ཆུ་ཐིགས་རྟག་འབབ་ཀྱི་བརྩོན་པར་དགའ་བོ་ཡོད་པས།  འདི་ལྟར་རང་ཉིད་ལ་ནམ་རྒྱུན་ཆད་མི་ཆོག་ཅིང་ཉམས་མི་རུང་བའི་ལས་ཀ་ཆུང་ཆུང་ཞིག་བཀོད་པའང་རང་ཉིད་ལ་བག་ཆགས་ཡག་པོ་གམ།  ཡོ་བསྲིང་བྱེད་པའི་ཆག་ཤིང་ལྟ་བུ་རེ་སྤྲད་པ་ཡིན།  དེ་བས།  ཕར་བལྟས་ཚོད་ལ་དོན་སྙིང་མེད་མེད་ལྟ་བུ་བསྐྱར་ཟློས་ཀྱི་རྣམ་པ་དང་། གླེན་ཞད་གློའུ་རྟགས་ཀྱི་ཚུགས་ཀ་རེ་མངོན་ནའང་དེ་ཡི་ལོང་བས་གླང་ཆེན་ལ་ཉུག་པར་བྱེད་པ་ལས་མ་འདས་སྙམ།  བསྐྱར་ཟློས་ཡང་ཟློས་བྱེད་ཚུལ་འདི་ཡང་སྟོ་མིན་ཏེ།  དཔེར་ན།  རླངས་འཁོར་གྱི་འཁོར་ལོ་ཇི་ཙམ་འཁོར་ན། དེ་ཙམ་གྱིས་དམིགས་ཡུལ་གྱི་སར་སླེབས་པ་དང་།  ལག་གི་མཎ་འཁོར་ཅི་ཙམ་བསྐོར་ན་དེ་ཙམ་གྱིས་དགེ་བའི་ལས་སོགས་པ་དང་།  སྔགས་ཅི་ཙམ་མང་དུ་བཟླས་ནས་དེ་ཙམ་གྱིས་ནུས་པ་ཐོན་པ་སོགས་མང་དུ་མཆིས་པས་སོ།།
2019-3-ཚེས་ག་གེ་མོར་ཁྲིན་ཏུའུ་ནས་བྲིས།

སེམས་ནད་ཅིག

  འགྲོ་བསམ་ཡོང་དུས་འདྲེ་ཡིས་བཀྱག་ཡོང་བ་ཡིན་པས། རང་སེམས་རྟ་རྒོད་འདྲ་བོ་བཙན་གྱིས་ནོན། སྐད་ཆ་འདི་ཨ་མས་ང་ལ་བཤད་པ་རེད།
  སྐད་ཆ་འདི་ཐོས་མ་ཐག་ང་རང་ཁ་གནམ་ལ་ཕྱོགས་ཏེ་ཧབ་ཆ་བྱས་པ་ན་ཨ་མ་ཡང་ང་དང་མཉམ་དུ་དགོད་བྱུང་། ཨ་མ་དགོད་དོན་སྐད་ཆ་མིན་པར་ང་ཡིན་པ་འདྲ་ལ། འདི་ནི་ངེད་མ་བུ་གཉིས་ཀྱི་མི་ཡུལ་གྱི་བདེ་སྐྱིད་ཀྱི་དགོད་སྒྲ་ཡིན་པ་འདྲ་སྟེ། ད་ལྟ་ཡང་དགོད་སྒྲ་དེ་ས་ཐག་ཇི་ལྟར་རིང་ན་དེ་ལྟར་ཐོས་ཡོང་ལ། དགོད་སྒྲ་དེས་ང་རང་ལ་ཐག་རིང་ལ་མ་འགྲོ། ཕྱིར་ཨ་མའི་རྩར་ཤོག་ཅེས་འབོད་པ་དང་འདྲ། མ་རེད། འདྲ་བ་ག་ལ་ཡིན། བྲག་ཅ་ལྷིང་ལྷང་ལྷང་ང་ཡི་རྣ་བས་ཐོས་བྱུང་། ཆ་མེད་རྒྱུས་མེད་ཀྱི་ས་མཐར་ཅི་ཙམ་འཁྱམས་ན། དེ་ཙམ་གྱིས་ཨ་མའི་དགོད་སྒྲ་ཆ་ཡོད་རྒྱུས་ཡོད་ཀྱིས་ཐོས་ཡོང་སྟེ། ཕྱི་ནས་ཐོས་ཡོང་ལ་ནང་ནས་ཐོས་ཡོང་། མིག་གིས་མཐོང་ཡོང་ལ་རྣ་བས་ཐོས་ཡོང་། སྣ་ཡིས་ཚོར་ཡོང་ལ་ལྕེ་ཡིས་མྱོང་ཡོང་།
དེའི་ཕྱིར་ད་ལྟ་ང་ལ་མཚོན་ན་འགྲོ་དང་མི་འགྲོ་ནི་སོམ་ཉི་ཞིག་དང་སེམས་ཁུར་ཞིག་དང་འདུ་འབྲལ་ཞིག་སྟེ། དོན་དངོས་སུ་རྐང་པ་གཉིས་ཀྱང་འགྲོ་འདུག་ལ་མཐུན་པོ་མེད་པ་འདྲ་སྟེ། རྐང་པ་ཡ་གཅིག་གིས་འགྲོ་ཞེས་ཡར་བཀྱག་དུས་རྐང་པ་ཡ་གཅིག་ནི་མི་འགྲོ་ཞེས་མར་སར་བསྡད་ཡོད་པར་སོམས་དང་། ང་ཅག་ལ་ཐོག་མར་ཡོང་ས་ལས་ལྷག་པའི་འགྲོ་ས་སྐྱིད་པོ་ཞིག་མ་ཡོད་པ་འདྲ། གློའུ་འདང་ཞིག་བརྒྱབ་ན། དཔེར་ན། ཁ་དོག་ཡག་བཙོག་མིག་གིས་ཤེས་དགོས་པ་ལྟར། འགྲོ་ས་ཅི་ཡོད་ཀྱང་རྐང་པས་ཤེས་དགོས་པ་འདྲ་མོད། རྐང་པ་གཉིས་འགྲོ་འདུག་ལ་ནང་མི་འཆམ་པར་རྩོད་པར་ཐུག་པ་ཡང་འགྲོ་ས་ཡག་པོ་ཞིག་མེད་པའི་རྟགས་སུ་ངེས། འོན་ཀྱང་། ད་ནི་ཇི་ལྟར་ཕྱིར་ལོག་དགོས་པའང་མི་ཤེས་ཏེ། ཇི་ལྟར་བྱས་ན་ད་གདོད་ཕྱིར་ཐོན་པའང་མི་ཤེས། དེའི་ཕྱིར། རྐང་པ་ཡ་གཅིག་ཡར་བཀྱག་དོན་ཡང་ཕྱིར་འགྲོ་ས་མ་རྙེད་པས་ཡིན་པ་འདྲ་ལ། དེ་ནི་ཨ་མས་ལོ་ཉི་ཤུའི་ཡར་སྔོན་དུ་ང་རང་མི་འདོད་བཞིན་དུ་ཁྱིམ་ཚང་ཆ་མེད་ཅིག་ཏུ་ཁྲིད་བཞིན་པ་དེ་དང་མཚུངས་ཏེ། ཨ་མས་ང་རང་ཁྱིམ་ཚང་དེར་ཁྲིད་སོང་བ་ནས་བཟུང་། ང་གཏན་ནས་ཕྱིར་རང་ཁྱིམ་ངོ་མ་དེར་ལོག་མ་ཐུབ། ང་རང་ལྐོག་ཏུ་ཕྱིར་རང་ཁྱིམ་ངོ་མ་དེར་སོང་ཡང་སྔར་གྱི་བཙན་ས་ཟིན་པའི་སྣང་བ་དེ་གཏན་ནས་མེད་པར་ང་ལ་ནམ་རྒྱུན་རེ་ཞིག་ཙམ་ནས་འགྲོ་དགོས་པའི་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས་ཡོང་།
ད་ནི་ཨ་མས་ཀྱང་ང་ནི་འགྲོ་འདུག་གཉིས་ལས་འགྲོ་མཁན་གྱི་མི་དེ་ཡིན་པར་སྣང་འདུག་སྟེ། དཔེར་ན། ཁྱིམ་དུ་ཐོན་པ་ན། ཉི་མ་ཅི་ཙམ་ལ་འདུག་ཁོམ་ཞེས་དང་། ཉི་མ་ཅི་ཙམ་གྱིས་འགྲོ་དགོས་ཞེས་དྲི་ཡོང་ལ། ཡུན་རིང་ཙམ་ལ་འདུག་པ་ན་ཚུར་ཨ་མས་དྲན་གསོ་བྱས་ཏེ་ད་ཁྱོད་འགྲོ་མ་རན་ནམ་ཞེས་དྲིས་ཡོང་བས། ཉིན་ཞིག་ཨ་མ་ལ། ང་ཐོན་ས་ངོ་མ་དེར་ཐོན་ཡོད་པས་ད་གང་ན་འགྲོ་དགོས་པ་རེད་ཅེས་བཤད་པ་ཡིན།
ཨ་མ་ཙམ་གྱིས་མི་ཚད་པར་ངའི་ཕ་ཡུལ་གྱི་ཡུལ་མི་ཀུན་གྱིས། ཅི་ཙམ་འདུག་ཁོམ་དང་ཅི་ཙམ་གྱིས་འགྲོ་དགོས་ཞེས་དྲིས་པས། སྐབས་རེར་ང་ནི་མགྲོན་པོ་ཞིག་ཡིན་སྣང་སྐྱེས་ཡོང་ལ། དོན་དངོས་སུ་ངས་ཁ་ཡིས་ཁས་མ་བླངས་པའམ། ཡང་ན་ཁས་བླང་མ་འདོད་པས་ཡིན་པ་ལས། སེམས་ཀྱི་གཏིང་ནས་ང་རང་གིས་ཀྱང་ང་ནི་འགྲོ་དགོས་མཁན་ཞིག་ཏུ་སེམས་འདུག་སྟེ། ཕ་ཡུལ་དུ་ཡོད་པ་རེ་རྨིས་ཚེ། ཕ་ཡུལ་དང་གྱེས་དགོས་སྣང་ངམ་གང་ཞིག་ལ་འགྲོ་དགོས་སྣང་ཞིག་ནམ་རྒྱུན་འབྱུང་བས། ང་ནི་དངོས་གནས་འགྱུར་འདུག
ང་རང་དེ་ལྟར་འགྱུར་དོན། རང་སེམས་རྟེའུ་རྒོད་འདྲ་བོ་སྲ་མོས་བཟུང་མ་ཐུབ་པར་དྲུད་སོང་བ་ཡིན་ཏེ། ཨ་མའི་སྐད་ཆ་ལྟར་འཇིགས་སུ་རུང་བ་ཞིག་བཤད་ན། སེམས་ལ་འདྲེ་ཞུགས་པས་ཡིན། དྲང་མོ་ལབ་ན། ང་རང་ས་མཐར་ཐོན་མ་ཐག་ཕྱིར་ལོག་འདོད་སྐྱེས་བྱུང་ལ། དེ་ལས་ཀྱང་དྲང་མོ་ཞིག་བཤད་ན། ང་རང་རླངས་འཁོར་དུ་བུད་མ་ཐག་འགྱོད་པ་སྐྱེས་བྱུང་། འོན་ཀྱང་། སྐབས་དེར་ངས་ཅི་དགོས་མ་ཤེས་པར་སོམ་ཉིར་ཚུད་ཅིང་། སེམས་དངངས་སྐྲག་དང་བཅས་ཁྱིམ་མི་དང་གཉེན་ཉེ། ཕ་ཡུལ་རྒྱབ་ཏུ་བསྐྱུར་དགོས་བྱུང་། ད་ནི་ཡུལ་མི་ཐམས་ཅད་ཀྱིས་ང་ནམ་འགྲོ་ལ་བལྟ་འདུག་པ་ལ་ནམ་ཡོང་ལ་སྒུག་མེད་ལ། ངས་ཀྱང་ཁོ་ཚོའི་འདོད་པ་དང་བསྟུན་ཏེ་གཞན་ཡུལ་དུ་འདུག་ཅི་ཐུབ་དང་རང་ཡུལ་ནས་འགྲོ་ཅི་ཐུབ་བྱེད་བཞིན་ཡོད་ལ། ཁོ་ཚོས་ཀྱང་དེ་ནི་ངའི་འདོད་པ་དངོས་མ་དེ་ཡིན་སྣང་སྐྱེ་བཞིན་པ་འདྲ། འོན་ཀྱང་། དྲང་མོ་ལབ་ན། ངས་ནི་ས་ཐག་ཅི་ཙམ་རིང་ན་དེ་ཙམ་གྱིས་ཕ་ཡུལ་དྲན་ཞིང་སུན་སྣང་སྐྱེས་ལ། ཉི་མ་གཏོང་བ་ལས་འཚོ་བ་ཞིག་རོལ་གྱིན་མེད། མ་མཐའ་ཡང་མིའི་འཚོ་བ་ཞིག་རོལ་བཞིན་མེད། དྲང་མོ་ལབ་ན། ང་ནི་ལོ་ཅི་ཙམ་གཞན་ཡུལ་དུ་བསྡད་ཀྱང་ཕ་ཡུལ་དུ་འཚག་འཚག་ལ་ཡོད་པ་ལས། གཞིས་བཟུང་བ་དང་གཞིས་ཟིན་པའི་སྣང་བ་སྐད་ཅིག་ཀྱང་སྐྱེས་མ་མྱོང་། དོན་དངོས་སུ་ང་ནི་རི་མགོར་ཞོར་ལས་ཤིག་ཡོང་བ་དང་འདྲ་མོད། ཨ་མས་ཀྱང་རི་མགོར་སྐྱིད་སྣང་སྐྱེ་བཞིན་པ་འདྲ།
ང་རང་ཧབ་ཆ་བྱེད་དོན། ཨ་མའི་སྐད་ཆ་འདིས་ང་རང་གི་སེམས་ཀྱི་གནོང་ཞིག་ལ་ཁེལ་བའམ། ལོ་ངོ་མང་པོར་བཅའ་བའི་སྣག་ཐུམ་ཞིག་ལ་རེག་པས་ཡིན་ཏེ། སྐད་ཆ་འདིས་ང་རང་སད་དུ་བཅུག་ཅིང་སངས་བར་བྱས་སོང་། འོན་ཀྱང་། ནམ་ཡང་ཕྱིར་ལྡོག་མེད་པ་ནི་མི་ཚེའི་ཀོ་གྲུ་འདི་ཡིན་པས།  ཕྱིར་ལྡོག་མེད་པའི་ཀོ་གྲུ་འདི་ལས་ང་ཡིས་འཁོར་བའི་རྒྱ་མཚོར་མིག་ཆུ་དབང་མེད་དུ་འཐོར་བྱུང་།
2019-9-28

                      མི་ལོར་ཉེར་ལྔར་སོན་རུང་གི་རང་ཉིད་ལ།

    ང་རང་ས་འདིར་ཕེབས་ཐུབ་པ་དེས།  དབུལ་པོས་ནོར་བུ་རྙེད་པ་ལྟར་ཐོག་མར་འདི་རྨི་ལམ་ཨེ་ཡིན་སྙམ་ནས་རང་གི་སྐྲ་ལ་འབལ་ཞིང་རྨི་ལམ་མིན་པར་ངོས་ཟིན་རྗེས་དགའ་བ་རྒྱ་ཆེར་འཕེལ་ཞིང་འདི་ལྟར་ནད་མེད་བདེ་ཐང་ཡིན་པ་དེས།  དབུལ་བོས་རྙེད་པའི་ནོར་བུ་དེ་ནོར་བུ་ཕལ་བ་ཞིག་མ་ཡིན་པར་ཡིད་བཞིན་གྱི་ནོར་བུ་ཡིན་པར་ཤེས་པ་ལྟ་བུའི་དགའ་བ་རྒྱས་སོ།།ང་དགའ་ཆེས་པ་དང་ཨ་གསར་གྱི་སྐད་ཆ་གང་ཡང་མིན།  ང་ཧ་ཅང་ཤེས་པ་རང་བཞིན་དུ་གནས་ཡོད་དེ། མི་ལོ་ཉེར་བཞི་ལ་གསོན་པ་ཁོ་ནར་འབད་ནས་ཡོང་བས།  གསོན་པ་ནི་ཧ་ཅང་དཀའ་བ་ཞིག་ཡིན་པར་གོ་ཡོད། ང་ལ་ལམ་རྒྱུས་མེད་ནའང་། ཡུལ་དེ་དང་འདི་འདི་གཉིས་ཀྱི་བར་དུ།  ངལ་ཅུང་ཙམ་མ་གསོ་བར་ཡོང་ན་ཡང་མ་མཐར་མི་ལོ་ཉེར་བཞི་དགོས་ལ།   ཐམས་ཅད་མུན་པ་འབའ་ཞིག་གིས་བཟུང་བས་ཅི་བྱུང་དང་འདི་བྱུང་གང་ལ་ཐོན་དང་གང་ལ་ཚོད་འཇོག་ཙམ་ཡང་མི་ནུས།
   ཉིན་རེ་བཞིན།  སེམས་ཅན་ཁྲག་ཁྲིག་མང་པོ་གཡང་སར་ལྷུང་སྟེ་འཆི་བདག་གིས་ཟས་སུ་བྱས་པ་དྲན་ཚེ། ང་རང་འདི་ལྟར་བྲོས་ཡོང་ཐུབ་པ་ནི། བསམ་ཡུལ་ལས་འདས་པ་ཞིག་སྟེ། འཇིག་རྟེན་ན། འཆི་བ་ལས་ལྷག་པའི་སླ་ཞིག་མི་འདུག་ལ། འཆི་བའི་ཐབས་ཀྱིས་མང་ཞིག་ཀྱང་མི་འདུག ཁྱོད་རང་གང་དུ་སོང་ཡང་། འཆི་འདོད་ཚེ་འཆི་ཐབས་ཀྱིས་ཕུངས་མི་སྲིད།  ལྟོས་དང་། ཁྱོད་ཀྱི་ཉེ་འཁོར་ན་གསོན་ཐབས་ཅི་ཙམ་དང་འཆི་ཐབས་ག་ཙམ་ལྷགས་འདུག  ང་རང་ད་བར་དུ་གསོན་པ་ནི། དལ་འབྱོར་གྱི་མི་ལུས་ལེན་པ་ལས་ཀྱང་དཀའ་བར་འདུག  འཆི་བས་སླ་ཞིག་མེད་པ་དེས།  གསོན་པས་དཀའ་ཞིག་མེད་པར་གོ་ཐུབ་མོད། ང་ཚོས་འཆི་ཚེ་འཁང་ཡུས་ཀྱི་བསམ་པས། ངའི་སྟེང་དུ་འདི་བྱུང་མ་དགོས་པ་དང་། བྱུང་སྔ་རབས།  བྱུང་ན་མི་འོས་ཚུལ། བདེན་དུ་བཟུང་མི་ཐུབ་ཚུལ་མང་པོ་ཞིག་གླེང་བ་ནི།  ཅི་འདྲའི་བྱིས་པ་ཞིག་ཨང་།  འཆི་བ་འཆི་བ་ཙམ་ལས་གང་ཡང་མིན་ཚེ། ད་ག་རང་ཡིན་མོད། འཆི་བ་ནི་ལུས་རྟེན་འདི་དོར་ཏེ་ལུས་རྟེན་གཞན་ཞིག་བརྗེ་བའི་ས་མཚམས་ཡིན་པས་སམ། གནས་འདི་དོར་ཏེ་གནས་གཞན་ཞིག་ལ་འགྲོ་སའི་ས་ཚུགས་ཡིན་པས།  འཆི་བར་བསམ་བློ་གཏོང་བ་ནི་སྐྱེ་བར་བསམ་བློ་བཏང་བ་ཡིན་ཞིང་། འཆི་བར་གྲ་སྒྲིགས་བྱས་པ་ནི་སྐྱེ་བར་གྲ་སྒྲིག་བྱེད་པ་ཡིན་པས། འཆི་བར་སྟ་གོན་བྱེད་པ་ལས་ལྷག་པའི་གྲ་སྒྲིག་ཅིག་མི་འདུག
  དེའི་ཕྱིར།  ངས་རང་ཉིད་འཆི་བ་ལ་འཇིགས་པ་མེད་པར་མ་ཟད། དགའ་ཞིང་བྲེལ་བའི་བྱ་བཏང་བ་ཞིག་ཨེ་ཐུབ་ལ་སྨོན་གྱིན་ཡོད།  དེ་བས།  ངས་འཇིག་རྟེན་འདིའི་ཕ་རོལ་དུ། འཇིག་རྟེན་གཞན་ཞིག་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ཅིང་།  དེའི་མྱིང་ལ་བདེ་བ་ཅན་ཞེས་འབོད་ཀྱིན་ཡོད།  ང་ཡི་དམག་ཐབས་ཆེས་ཆེ་བ་ནི་འཆི་བདག་དགྲ་ཆེན་ཕམ་པར་བྱེད་རྒྱུ་དེ་ཡིན།
   ང་ཅག་ཕལ་བ་རྣམས་ཀྱིས།  ཀུན་རྫོབ་ལ་བདེན་པར་བཟུང་སྟེ། སྨིག་རྒྱུ་ལ་ཆུར་ཞེན་པའི་རི་དྭགས་བཞིན། ཨ་ཐང་ཆད་ཆད་ཀྱིས་རྒྱུག་ནའང་། འདོད་པ་མི་རྙེད་ཅིང་རྙེད་པ་མི་འདོད་པ་དང་། འདོད་ཀྱང་ཟད་ཅིང་ཟགས་ནས་ཟད་ཀྱིས་དོགས་པའི་སེམས་འཚེར་གྱི་ངང་།  མཐའ་མཇུག་ལག་སྟོང་མཆན་དུ་བཅུག་ནས་གར་སོང་འདིར་སོང་མེད་པར། ཐལ་བ་རླུང་ལ་སྤུར་བ་བཞིན་ཆ་མེད་དུ་གྱུར་དུས།  སྔར་རང་ཉིད་ཀྱིས་རྩ་ཆེན་དང་འདང་ཆེན་དུ་བཟུང་ནས་ཉིན་སྲུང་མཚན་སྲུང་གི་བྱ་དངོས་ཐམས་ཅད་ནི།  རྨི་ལམ་ཙམ་དང་ཡོད་མེད་མེད་མིན་ཙམ་དུ་གྱུར་ཏོ། །དོན་ལ། བུམ་པ་དང་ཀ་བ་བཞིན། ཁྱོད་དང་ང་། ང་དང་ཁོ་མོ་སྟེ། ཐམས་ཅད། ཁལ་དང་ཁལ་མ་བཞིན་འབྲེལ་བ་གང་ཡང་མེད་དོ།།འབྲེལ་བ་ཡོད་སྙམ་པ་ནི་ནོར་འཁྲུལ་འབའ་ཞིག་ཡིན།  དེའི་ཕྱིར། ཐམས་ཅད་ལ་དེ་དེ་བཞིན་དུ་ལྟ་བ་ལས་ལྷག་པའི་ཤེས་རབ་ཅིག་གང་ན་ཡོད།  མིག་རྣམ་པར་དག་པ་ཡང་དེ་ལ་བྱ། ཤེས་རབ་རྣམ་པར་དག་པ་ཡང་དེ་ག་སྟེ། དེའི་ཕྱིར། ཁ་ནང་དུ་ཕྱོགས་ཏེ་རང་སེམས་ཀྱི་ནམ་མཁར་བལྟས་པ་ལས་ལྷག་པ་ཞིག་མི་འདུག
   ཐམས་ཅད་ཀྱང་། རྨི་ལམ་ཙམ་དང་རྟེན་འབྲེལ་གྱི་ཆོ་རོལ་ཙམ་དང་། ཡུལ་དང་ཡུལ་ཅན་འདུས་པ་ཙམ་གྱི་འབྲས་ཆོས་ཡིན་པར་བཏང་སྙོམས་སུ་བཞག་ན། དེ་ལས་ལྷག་པའི་ཉམས་རྟོགས་དང་བདེ་བར་ཡང་མི་འདུག། བློ་གཏད་ཅི་ཡང་མེད་པའི་ཤེས་པ་འདིའི་རྗེས་སུ་རྒྱུགས་པ་ནི། ལོང་བས་ལོང་བ་ཁྲིད་པ་ལས་མ་འདས།  རྩ་བ་མེད་པའི་རྩེ་མོ་སྦོམ་རྒྱུག་གེར་ཡོད་པ་ཡང་ཧ་ཅང་མང་།  དཔེར་ན། རྡུལ་ཕྲན་ནི་སྟོང་ཉིད་ནམ་མཁའི་མཁའ་ལ་རྒྱས་བཏབ་སྟེ། ཡོད་མ་མྱོང་ནའང་། བློ་གཅིག་གིས་ཕྲ་རབ་ཀྱི་རྡུལ་དང་། རྡུལ་ཕྲན། ལྕགས་ཆུ་རི་བོང་ལུག་དང་གླང་། ཉི་ཟེར་རྡུལ་དང་སྲོ་མ་དང་། གོང་ནས་གོང་དུ་བདུན་འགྱུར་རེས་འཇིག་རྟེན་འདི་ག་བརྩམས་ཤིང་གྲུབ་པར་འདོད་ཅིང་། ཡང་བློ་གཅིག་གིས་ནི། དེ་དག་ཐམས་ཅད་ཀྱི་རྩ་བ་རྡུལ་ཕྲན་ཞེས་ཆ་མེད་དེ་ཡང་ཆ་བཅས་ནས་གཞི་མེད་དུ་གཏན་པ་ཕབ་ཚེ། ཆུ་ཡིས་གཏམས་པའི་ཟོམ་གྱི་རྐུབ་བརྡོལ་བ་ལྟ་བུའི་སྣང་བ་ཤར་ཏེ། འདི་ཅི་ཡིན་གོ་སྙམ་པའི་ཅི་ཡང་མི་དམིགས་པའི་ཞིང་ལ་འཕེན་འགྲོ།  དེ་བཞིན་དུ།  རྨི་ལམ་གྱི་སྣང་བས་སད་པའི་རྫུན་རྐུབ་ཕུད་ཅིང་། སད་པས་རྨི་ལམ་གྱི་རྫུན་ཕུག་བྲུས་ཏེ་གང་ལའང་ཡིད་ཆེས་ཐབས་མེད་པ་རེ་བྱེད་འགྲོ།  མ་ཟད།  ཆུ་གཅིག་ལ་སྣང་ཚུལ་བརྒྱ་ཕྲག་མང་པོ་བྱུང་བ་དེས་ཀྱང་། དོན་ལ་ང་ཚོ་སུ་མིན་ན་སུ་ནི་ངེས་པར་འཁྲུལ་འདུག་པའི་ཐག་ཆད་འགྲོ།  དེའི་ཕྱིར།  དོགས་ན། ང་ཡི་སྣང་ཚུལ་འདི་རྫུན་མིན་ལ་དོགས་སོ།།
   མདོར་ན། ཤེས་རབ་ཀྱི་མིག་ཇི་ལྟར་རྣོ་ན་འཇིག་རྟེན་དེ་ཙམ་མཐོང་ཐུབ་ཅིང་། ཇི་ཙམ་འཇིག་རྟེན་གྱི་ཟབ་ས་མཐོང་ན།  དེ་ཙམ་གྱིས་འཁྲུལ་སྣང་ཟད་ཅིང་། འཁྲུལ་སྣང་ཇི་ཙམ་ཟད་ན་དེ་ཙམ་གྱིས་ང་ཚོ་ནར་སོན་ཏེ་འཕགས་པའི་ས་ལ་ཉེ་འགྲོ།  དེའི་ཕྱིར།  བྱ་བཏང་གི་རྣལ་འབྱོར་པ་ཞིག་ཨེ་འཁྱོང་བལྟ།  སྔོན་བྱོན་གོང་མའི་རྣམ་ཐར་ལ་ཨེ་དོ་ཞིག་བལྟ།
  འདི་སྐྱེ་བ་གཅིག་ལ་མི་ལོ་ཉེར་ལྔར་སོན་པའི་རང་ཉིད་དེ། འཕྲིན་ལས་ཞེས་མིང་གིས་མཚོན་པའི་ང་ཡི་དམག་ཐབས་དང་སྟ་གོན། འགན་འཁྲི་ཡིན་ནོ།།
  དེ་ལྟར་ཚེ་ནི་སྐད་ཅིག་ཀྱང་མི་འདུག་པར་ཟད་ཅིང་། གོ་སྐབས་ཀྱང་སྐད་ཅིག་གིས་ཉེ་རིང་འགྲོ་བའི་ཛ་དྲག་གི་དུས་འདིར།  ང་རང་རྣམ་གཡེང་གིས་ཧང་ནས་འདུག་པ་ནི།  གདོན་གྱིས་བཏབ་ཅིང་འདྲེ་ཡིས་བདག་པ་ཡིན་པས། ཤིན་ཏུ་གཟབ་དགོས་སོ་ཞེས་རང་ཉིད་ལ་ལོ་སར་ཉིན་མོར་དྲན་སོང་གི་ཚུལ་དུ།
2019/2/9ཁྲིན་ཏུའུ་ནས།

ཉིན་ཐོའི་གཡའ་སེལ།

 

ཉིན་ཉིན་ཐོ་དགོད་འདུག་རྒྱུ་ཅི་ཞིག་ཡོད།  ཡར་ལངས་མར་ཉལ།  ཡར་ཟ་མར་གཏོང་། ཡར་ཡོང་མར་རྒྱུག  ཉི་མ་རེ་བཞིན་དེ་དག་བྲིས་པ་ནི་བྱ་རོག་གི་སོ་རྟོག་གི་གཞུང་བཞིན་སྙིང་པོ་ཅི་ཞིག་ཡོད་ཅེས་ཉིན་ཐོ་འབྲི་འདུག་པའི་སྐབས་སུ་ཟུར་ནས་དེ་ལྟར་དགག་ཡོང་མཁན་འདུག  བདེན་ནི་མི་བདེན་མོད་མེ་ལོང་ལ་ཧས་བཏབ་པ་ལྟ་བུ།  བསེར་བུས་ཆུ་རིས་ལྟེབ་པ་ལྟར།  སེམས་ལ་གཡོ་སྐྱོམ་ཅུང་ཙམ་ཡང་མི་ཐེབས་ཟེར་ན་ཤིན་ཏུ་དཀའ།  དེའི་ཕྱིར་རང་གིས་རང་གི་སེམས་པ་ཆུང་ཆུང་འདིའི་ཁ་ཡང་བསུམ་རེ་བྱེད་དགོས་ཐུག མི་ཟེར་བ་འདི་རྒྱུ་མཚན་ཡོད་མེད་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་མ་རེད་ལ། འདང་བརྒྱབ་ཀྱང་བྱིས་པ་ལ་ཀ་ར་སྟེར་ན་ཁ་ཉན་པ་ལྟ་བུ་ཞིག་ཀྱང་མ་རེད།
ནམ་རྒྱུན་གྲྭ་ཤག་སྒམ་ཁྱོག་ལྟ་བུ་རེའི་ནང་དུ་བསྡད་ཅིང་། འདུ་ཁང་ངོས་ཀྱི་ལྕུང་ཀ་ལྟ་བུའི་ང་ནི་རང་ཁ་རང་གིས་གསོ་ཞིང་རང་སེམས་རང་གིས་གསོ་དགོས་པ་མང་དུ་མཆིས། ཉིན་ཐོ་ནི་ས་ཞིང་རེ་ཡིན་ན།  ངས་ནི་དེའི་ནང་དུ་ལོ་ཏོག་མང་དུ་འདེབས་བཞིན་ཡོད་དེ། དེ་ལྟར་ང་རང་རྒས་ནས་གཅིག་པུར་གྱུར་ཅིང་གཡོག་མེད་པར་ལྷག་པའི་ཚེ།  སྔོན་རང་གིས་བཏབ་ཡོད་པའི་འབྲས་བུ་ལོངས་སུ་སྤྱོད་འདོད་པས་ཡིན།  འདང་རེ་བརྒྱབ་ཚེ།  ཉིན་ཐོ་ནི།  བགད་ནས་མིག་རུབ་ཅིང་ད་ལྟ་ངའི་དབྱིབས་ཙམ་ཡང་མི་ཞོགས་སའི་ང་རང་ཆུང་ཆུང་ཡིན་དུས་ཀྱི་འདྲ་པར་དེ་དང་འདྲ་བོ་འདུག
ཉིན་ཐོ་ནི་ངས་རང་ཉིད་ལ་སྐད་ཆ་ལབ་སྟངས་གཞན་ཞིག་ཡིན་ལ།  ཡང་ན་ཉིན་གཅིག་ཡེང་མ་ལམ་དུ་ཟད་པར་ཉེ་བ་ན། ཕྱིར་འཁོར་ཏེ་དོན་སྙིང་ངམ་ཡང་ན་ལོངས་སུ་སྤྱོད་སྟངས་གཞན་ཞིག་ཡིན།  ཡང་ན་ངས་གཏམ་རྒྱུད་ཅིག་ཤོད་ཀྱིན་ཡོད་དེ།  བྱིས་པས་རྒན་པར་གཏམ་རྒྱུད་ཤོད་པ་ལྟར།  ད་ལྟའི་ངས་ཀྱང་མ་འོངས་པའི་རང་ཉིད་ལ་གཏམ་རྒྱུད་ཅིག་ཤོད་ཀྱིན།  ངས་འཕྲིན་ཡིག་བསྐུར་ས་ཡང་རང་ཉིད་དང་རྒྱུད་ཐག་ཉེ་བའི་མ་འོངས་པའི་རང་ཉིད་ལ་བསྐུར་བཞིན་ཡོད་ལ།  སྐབས་དེར།  འཕྲིན་ཡིག་འདི་དག་ངའི་ལག་ཏུ་འབྱོར་ཚེ་ང་རང་ཧ་ཅང་དགའ་ངེས།
  ཡང་གཅིག་བཤད་ན།  ང་ནི་གུས་སྦྱོར་གྱི་བརྩོན་པ་ལྟ་བུའི་གནས་སྐབས་ཐོག་རྒྱག་གི་བརྩོན་པ་ལས།  རྟག་སྦྱོར་གྱི་བརྩོན་པ་ལྟ་བུའི་ཆུ་ཐིགས་རྟག་འབབ་ཀྱི་བརྩོན་པར་དགའ་བོ་ཡོད་པས།  འདི་ལྟར་རང་ཉིད་ལ་ནམ་རྒྱུན་ཆད་མི་ཆོག་ཅིང་ཉམས་མི་རུང་བའི་ལས་ཀ་ཆུང་ཆུང་ཞིག་བཀོད་པའང་རང་ཉིད་ལ་བག་ཆགས་ཡག་པོ་གམ།  ཡོ་བསྲིང་བྱེད་པའི་ཆག་ཤིང་ལྟ་བུ་རེ་སྤྲད་པ་ཡིན།  དེ་བས།  ཕར་བལྟས་ཚོད་ལ་དོན་སྙིང་མེད་མེད་ལྟ་བུ་བསྐྱར་ཟློས་ཀྱི་རྣམ་པ་དང་། གླེན་ཞད་གློའུ་རྟགས་ཀྱི་ཚུགས་ཀ་རེ་མངོན་ནའང་དེ་ཡི་ལོང་བས་གླང་ཆེན་ལ་ཉུག་པར་བྱེད་པ་ལས་མ་འདས་སྙམ།  བསྐྱར་ཟློས་ཡང་ཟློས་བྱེད་ཚུལ་འདི་ཡང་སྟོ་མིན་ཏེ།  དཔེར་ན།  རླངས་འཁོར་གྱི་འཁོར་ལོ་ཇི་ཙམ་འཁོར་ན། དེ་ཙམ་གྱིས་དམིགས་ཡུལ་གྱི་སར་སླེབས་པ་དང་།  ལག་གི་མཎ་འཁོར་ཅི་ཙམ་བསྐོར་ན་དེ་ཙམ་གྱིས་དགེ་བའི་ལས་སོགས་པ་དང་།  སྔགས་ཅི་ཙམ་མང་དུ་བཟླས་ནས་དེ་ཙམ་གྱིས་ནུས་པ་ཐོན་པ་སོགས་མང་དུ་མཆིས་པས་སོ།།
2019-3-ཚེས་ག་གེ་མོར་ཁྲིན་ཏུའུ་ནས་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1169