ཚེ་རབས་ལས་ཀྱིས་བསྐལ་པའི་བརྩེ་བ།

(སྙན་ཚོམ།)

 

གཞི་ཚང་ཟླ་བ་གྲགས་པ། (སྡེ་དགེ།)

 

སེམས་སོང་ཁྱོད་ནི་འཁོར་བའི་ནེའུ་ཐང་གི།
གཤོག་ཐོགས་གཡུ་སྦྲང་ཞིག་ཏུ་གྱུར་འདི་ཅི།།
སྐྱེད་མོའི་ཚལ་དུ་ལས་ཀྱིས་འཕྲད་པའི་དུས།།
མེ་ཏོག་དྭངས་མོ་ཞིག་ཏུ་འཁྲུལ་འགྲོ་སྟེ།།
ལུག་ངག་རྣམ་འགྱུར་དག་ནི་ཡི་གར་འོང་།།
དིར་དིར་སྒྲ་དབྱངས་རྣ་ལམ་ཞོགས་ནས་ཀྱང་།།
སེམས་ཀྱི་དངན་པ་ལུང་ཁོག་གཙང་པོ་བཞིན།།
ཉིན་མཚན་སྦྲེལ་ཏེ་ཆད་མཐར་ལྷུང་ཐབས་བྲལ།།

བདག་ནི་ཤིན་ཏུ་རྡུགས་པའི་ཉམས་དང་བཅས།།
ཚེ་རབས་ཕྱི་མའི་ཞིང་ལ་མིག་འབུར་གཏོད།།
ཚེ་སྲོག་ཆུ་བོ་མར་མར་བཞུར་ཚར་དུས།།
འུ་གཉིས་ཆར་འབྲུ་གཉིས་ལ་སྤྲུལ་འདོད་སྐྱེས།།
ཆུ་ཕྲན་བསྡོངས་ཏེ་རྒྱ་མཚོར་ཐིམ་གྱུར་ན།།
ཀྱེ་མ་བདག་གིས་ཅི་ཡང་བློ་ཡིས་ཐོང་།།

ཡང་ན་བདག་གིས་ལས་ཀྱི་སྒང་གཤོང་བསློག།
སེམས་འདུན་ས་བོན་དག་ནི་གཤིན་ལ་གདབ།།
དབྱར་དགུན་དུས་ཚིགས་དྲོ་གྲང་ཅི་ཆ་ཡང་།།
སྤང་དང་མཚོ་མོའི་གཏམ་རྒྱུད་ཕྱི་ནང་འཇེབས།།
ཆོས་ཉིད་གཤིས་ལུཊ་དག་ཀྱང་ཐད་དུ་གཞག།
སྡོང་པོ་ཡལ་ག་སོ་སོར་གྱེས་ཤུལ་དུ།།
སླར་ཡང་ཉི་མ་ལྷ་སའི་ཐེམ་སྐས་འཛེག།

༢༠༡༩.༦.༦

སྲོད་དུས་ཀྱི་རྨི་ལམ།

མུན་པ་སངས་ཏེ་སྐྱ་རེངས་གྲོལ་མཚམས་སུ།།
བྱ་བྱེའུ་དག་གིས་ཅི་དགར་མགུར་མ་འཐེན།།
འུ་གཉིས་སེམས་ན་སླར་ཡང་མཚན་མོ་ཤར།།
རང་བློ་ཁེངས་པའི་དྲོད་ཅིག་མ་རྙེད་པས།།
འདས་པའི་ལོ་ཟླ་ཁད་ཀྱིས་ཞེ་རྩར་འཁྱིལ།།
སྐྱེད་མོའི་ཚལ་ལ་ཆར་ཟིལ་སིམ་གྱུར་ཡང་།།
བསམ་པའི་མེ་ཏོག་ད་དུང་འབུ་ཐབས་བྲལ།།
ནམ་ཟླ་དགུན་གཞུང་ཞིག་ལ་འགྲེལ་རྗེས་སུ།།
དཔྱིད་དཔལ་སླེབ་པར་མིག་ཟུང་རིག་རིག་བྱེད།།

ནམ་མཁའི་སྤྲིན་དཀར་འདྲ་བའི་སེམས་ཀྱི་ཁྱོད།།
ཕ་ཡུལ་དྲན་ཞོར་གང་དུ་འཕུར་བར་བྱས།།
ཐག་རིང་བཅས་ཏེ་རང་ཚུགས་མི་ཐུབ་པར།།
སྐྱོ་བའི་ཁངས་ཆར་གཏིང་ནས་བྱོ་བ་མཐོང་།།
རི་ལུང་མུན་པས་ཤན་པའི་ནགས་ཁྲོད་ནས།།
སྲིད་པའི་རླུང་ལ་རྒོལ་བ་མི་བཏུབ་ཀྱང་།།
ཁེར་རྐྱང་ཡིན་དུས་ཤུགས་རིང་ལན་མང་འབྱིན།།

ཚེ་རབས་ཕྱི་མའི་འདུན་པ་བཙན་དྲགས་པས།།
ནམ་ཞིག་ལས་ཀྱི་མདུད་ནག་གྲོལ་ནས་འགྲོ།།
དེ་དུས་འཇིག་རྟེན་ཉི་མའི་འོད་མདངས་གསལ།།
མཉེན་ལྕུག་ལྡེམ་པའི་བྲོ་གར་ཁྱོད་ཀྱིས་འཁྲོབས།།
ང་རང་ལྷོད་ལ་བབས་ཏེ་རྒྱུད་མངས་དཀྲོལ།།
ཞོགས་ཀའི་ཟེར་དང་སྲོད་ཁའི་མཚམས་སྤྲིན་སོགས།།
སྣང་སྲིད་མཛེས་སྡུག་མ་ལུས་ལྷན་ཅིག་རོལ།།

༢༠༡༩.༧.༩

དགུན་ལྭ།

དབྱར་ཁ་བོར་བའི་དགུན་ཁའི་མུན་ནག་ཁྲོད།།
སྐྱེ་བ་ག་ཚོད་འདི་བཞིན་གྲང་དགོས་རེད།།
ཞུ་ཐབས་གཏན་ནས་མེད་པའི་ཁ་བ་འདིས།།
ང་ཡི་སྒོ་འཁྲིས་ཆབ་རོམ་མཁར་ཁང་སྐྲུན།།
སྐད་ཅིག་ཙམ་གྱི་ཞལ་མཇལ་དཀར་རྐྱང་འདི།།
ལས་ཀྱིས་བབ་པའི་ཚེ་ནོམ་ཡིན་སྙམ་གྱིས།།
གནས་མལ་ལོག་ཏེ་དཔྱིད་དཔལ་མི་དྲན་པར།།
དགུན་ལྭ་བཀླུབས་ཏེ་སླར་ཡང་གངས་ཁྲོད་ནས།།
སེམས་ཀྱི་གང་ཁྱོད་བསྐལ་པའི་མེ་དྲོད་ཀྱིས།།
སྙིམ་པར་བཅངས་ཏེ་ཚེ་མཇུག་རོལ་བར་འཆེས།།
འདུན་མས་བསྟབས་པའི་གཡའ་དག་རྒྱང་རིང་གི།
རྨི་ལམ་གསེང་ནས་རྟག་ཏུ་དྲོ་ཤོག་ཨང་།།

༢༠༡༩.༡༢.༡༡.ཉིན།

འདྲེ་ཤར་སྒོ། གླུད་ནུབ་སྒོ།

ཉི་མ་ཤར་ནས་ཤར་ཡང་ནུབ་གླིང་འགྲིམ།།
གངས་ཆུ་རི་ནས་བཞུར་ཡང་གཤོང་དུ་འཚང་།།
མི་རྟག་ནང་པའི་ལྟ་བ་འདི་ལས་འཁྲུངས།།
འདུ་འབྲལ་འཁོར་བའི་གདུང་གླུ་འདི་ལས་མཆེད།།
རི་ཟོམ་སྨུག་པས་ཤན་པའི་དེའུ་འོབས་ནས།།
གཡས་ལག་རེངས་པའི་བགྲོས་སོང་སྨྲ་ཅན་གྱིས།།
སྤྱིལ་ཆུང་འཁྲིས་སུ་གཅིག་པུས་བཟའ་བཏུང་བསྐོལ།།

གཅེས་པའི་ཉི་མ་གཟའ་ཡིས་བཟུང་བའི་ཚེ།།
གློ་བུར་གློ་བུར་ཤིན་ཏུ་འཁྱག་པ་ཡིན།།
ཁྱོད་ཀྱིས་རྒྱ་ནག་ལུགས་ཀྱི་དོར་ཐུང་གསོལ།།
སྨག་རུམ་གཏིབས་པའི་ཁྲི་འདུར་ལྟད་མོ་ལྟོས།།
བདག་གིས་པོ་ཏ་ལ་ཡི་ཕྱི་ནང་བཀླགས།།
ཏི་སེའི་མགུལ་དུ་མུ་ཏིག་མཆོར་རྒྱན་འགོད།།

༢༠༡༩.༥.༢༨

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1143