ས་འོག་གི་ཇོ་བོ་ཕྱག་བཞི།

 

རྩོམ་པ་པོ། ཁ་བ་བུ་ཡུག

 

 

དུས་རབས་བདུན་པའི་ལོ་ཞིག་ཏུ

ས་འོག་ནས་གསེར་སྐུ་ཕྱག་བཞི་བ་ཞིག་བཏོན

མི་རྣམས་ཀྱི་དད་པའི་སྤུ་ལོང་དྲག་ཏུ་བསྐྱོམས

 

ལས་སྨོན་གྱི་ལུང་བསྟན་གང་ཞིག་ས་རུ་འཕོས་ཚེ

སྤྱན་རས་གཟིགས་ཀྱིས་ཐུགས་ཀྱི་ཀློང་ཆེན་པོས

ཕན་བདེའི་གྲུ་ཆར་ཕབས་ཤིང

བྱིན་རླབས་ཀྱི་ཕྱག་རྒྱ་འགྱེད

 

རྗེས་སུ།   མི་རྣམས་ཀྱིས་མ་རིག་པའི་རྨོངས་པ་ཁྱེར

ཐག་རིང་གི་རྡོ་ལམ་དང་གཞུང་ལམ་གོམ་པས་བཅད

ཡན་ལག་ལྔ་ཡི་བརྐྱང་བསྐུམ་གྱིས་སྐྱེ་འཆིའི་ཟམ་པ་བརྒལ

 

ཤིན་ཏུ་དཀོན་པའི་ཉི་ཐིག་དེ་ཁྲོ་སྐྱབས་ས་ཆའི་རི་དབལ་ནས་འཆར་དུས

ཁོ་ཚོས་སྡིག་སྒྲིབ་ཀྱི་ཁྲོ་དྲེགས་རེ་རེ་ལུས་སྟེང་ནས་སར་ལྷུང་སྣང་སྐྱེས

ཁོ་ཚོའི་རྡོག་པ་ཇེ་ཡང་དུ་སོང་ཞིང

མགོ་བོ་ཇེ་དགྱེ་རུ་གྱུར

ཐུགས་ཆེན་གྱི་ཇོ་བོ་རི་རྩེར་བཞུགས་ཡོད

ཚེ་རབས་ཀྱི་ཏིང་འཛིན་ཀློང་དུ་ཞི་བར་བཞུགས་ཡོད

རོང་འབྲོག་གི་བུ་མོ་ལས་དམན་ཚོས་ཛོ་བོའི་གསེར་ཞལ་མཇལ་དུས

སེར་ག་གད་པའི་ལག་འཛུབ་ཀྱིས་ཐལ་མོ་སྙིང་གར་སྦྱར

ཁོ་ཚོས་དཀའ་སྡུག་གི་མིག་ཆུ་བྱེ་མ་བཞིན་གཏོར་བྱུང

ཁོ་ཚོས་རྒོད་གཤོགས་ལྟ་བུའི་ཇོ་བའི་སྤྱན་རིས་ལ་ལྟ་ཡིན

དཀའ་སྡུག་གི་མིག་ཆུ་བྱེ་མ་བཞིན་གཏོར་བྱུང

 

ངུ་ཟུག་སྣ་ཚོགས་ཀྱི་འོ་དོད་ཁྲོད

ཁོ་ཚོ་ཤིན་ཏུ་ཉམ་ཆུང

ཤིན་ཏུ་ཉམ་ཆུང

 

2019/12/30 ལ།

 

རྩོམ་པ་པོ་ངོ་སྤྲོད།

མགོ་ལོག་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་སྐད་གཉིས་རྩོམ་པ་པོ།    པིར་མིང་།   ཁ་བ་བུ་ཡུག   དངོས་མིང་།  འཇམ་དཔལ་རྒྱ་མཚོ།  བོད།   མགོ་ལོག་ཁུལ་དར་ལག་རྫོང་གི་མི།   སློབ་ཆེན་གྱི་སྐབས་སུ་པེ་ཅིན་ནས་སྙན་ངག་གསར་རྩོམ་གྱི་མགོ་བརྩམས་ཤིང་། བོད་ཡིག་བརྩམས་ཆོས་༼  དྷི་ཚ་སྐམ་པོ་ ༽དང་བསྒྱུར་རྩོམ་༼  རྨེག་མེད། ༽ རྒྱ་རྩོམ་《涅槃》སོགས་ཀྱིས་མཚོན་པའི་རྒྱ་བོད་བརྩམས་ཆོས་རེ་འགའ་བོད་ཁུལ་གྱི་དུས་དེབ་མང་ཆུའི་ལོ་དེབ་དང་བོད་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིག་ཐོག་མ།   རྒྱ་བོད་གཉིས་ཀྱི་ཡི་གེའི་དུས་དེབ་《ཤ་སྐྱ》་སོགས་དུ་མར་འགོད་ཡོད།  ད་ལྟ་རང་གི་བོད་ཡིག་སྙན་དེབ་《ཁྲོན་པའི་ནང་གི་མེ་ཏོག》ཅེས་པ་ཀློག་པ་པོའི་མིག་གམ་དུ་འགྲེམས་པར་གྲྭ་སྒྲིག་བྱེད་ཀྱིན་ཡོད།  ལས་གནས་ནི་་དགའ་བདེ་རྫོང་ཧཱུཾ་ཀར་རྡོ་རྗེ་མི་རིགས་ལས་རིགས་ལག་རྩལ་མཐོ་འབྲིང་གི་དགེ་རྒན་ཕལ་བ་ཞིག་ཡིན།