སྨྲེང་བ།  སྙན་ཚོམ།

 

     དུར་མིག (དཀར་མཛེས།)

 

གཞས་ཤིག་གི་ཁོག་པའི་ནང་དུ་མི་གཅིག་གཉིད

མཚན་མོའི་ཟླ་བ་སྨྲ་བ་མེད་པར་ལྷིང་འཇགས་སུ་གནས

མི་ཐམས་ཅད་ཁང་མིག་ཏུ་འཛུལ་ནས་ཁུ་སིམ་མེར་དགུན་ཁ་འབྲི

ཁ་བ་དང་རྐང་རྗེས་གཉིས་སླར་ཡང་ངོ་སྤྲོད་བྱས་སོང

ཉི་མ་ཤར་རྗེས་ཁ་བ་ཞི་ལ་རྐང་རྗེས་ཀྱང་བསུབས་འདུག

2019.11.30

 

མེ་ཏོག

 

ངས་ཉིན་གང་བོར་མེ་ཏོག་ཅིག་བྲིས

མེ་ཏོག་གཅིག་ལ་འདབ་མ་དུ་ཡོད་བྲིས

མཚམས་རེ་ཉི་ནུབ་ནང་དུ་འཆི་ཨེ་འགྲོ་བསམ་ནས་སེམས་ཁྲལ་ཡོང

ཡིན་ན་ཡང

གློ་བུར་དུ་ཐང་ཆེན་ག་ན་རླུང་བསིལ་བུ་ལྡང

རླུང་ལྡང་ཐེངས་རེ་ལ་མེ་ཏོག་གི་འདབ་མ་འགུལ

དེ་དུས་འུ་གཉིས་ལ་སེམས་གཅོང་ལྷག་མ་རེད་འདུག

2019.12.1

 

གྲྭ་ཤག་ལ་གློག་ཆད་སོང་།

 

སྡོང་བོ་ལྟར་ཡུན་རིང་ལ་ཁེར་རྐྱང་དུ་ལུས

འཇའ་ཚོན་གྱི་སྒེའུ་ཡོལ་འཐེན་ཏེ་ཁ་རོག་གེར་བསྡད

ཅུང་ཙམ་ནས་ས་རུབ་སོང

ས་རུབ་རྗེས་གྲྭ་ཤག་ལ་གློག་ཆད་འདུག

དོ་ནུབ་ཚང་མའི་དབྱར་ཁ་དྲན་བྱུང

ཁག་མེད   དགུན་ཁ་ཧ་ཅང་འཁྱག་ལ་ཟླ་བའང་དེ་བཞིན་གཟིམས་འདུག

2019.12.2

 

ཁེར་རྐྱང་དང་དགུན་ཁ།

 

ངེད་ཚང་གི་སྒོ་ཁའི་ཟམ་ཆུང་སྟེང་དུ་ཁ་བ་བབས

ཁྱིམ་མི་དག་གི་བཤད་ན་རྟེན་འབྲེལ་ཡག་ཟེར

ཉི་ཤུའི་སྨག་རུམ་ཁྲོད་དུ་གྲིབ་མ་ལ་ཚོན་རྩི་བྱུགས

སྲང་མདོའི་ཟིང་ཆ་འཁྲུགས་པོ་དེ་ཞི་འཇགས་སུ་ཕབས་ཏེ

ཁྱོད་ཀྱི་རྣ་ལམ་དུ་ཁྱི་སྐད་གྲག་ཡོང

མཚམས་རེ་ཁྱི་སྐད་ནི་དྲིལ་ཆུང་བཞིན་དུ་སྙན་སྲིད

ཐམས་ཅད་སོང་ཤུལ་ན

སོ་སོའི་རྨི་ལམ་དང་འབྲེལ་བའི་སྒྲུང་རིང་ཞིག་སྲ་མཁྲེགས་སུ་ཡོད

2019.12.2

 

འཁོར་ཁང་།

 

སྤྲིན་པའི་ནང་དུ་སྨུག་པ་འཁྲིད་རྗེས

ས་གཙང་ས་ན་རྙིང་མའི་དགོན་པ་ཞིག་ཆགས་ཡོད

དགོན་ནང་ན་ཏིང་ངེ་འཛིན་རྩེ་གཅིག་ཏུ་སྒོམ

ནངས་སྔ་མོར་སྨུག་པ་གཙང་བོའི་ཁ་རླངས་ནང་དུ་ནུབ་རྗེས

འཁོར་མཐའ་ནས་བགྲེས་པོ་དག་གི་གསོལ་འདེབས་བར་མེད་དུ་བཏོན

ལྷག་ཏུ་རྒྱུ་རྙིང་ལྟ་བུའི་འཁོར་ཁང་གཉིས་ལ་དད་པ་ཡོད

ད་ལྟ་བསམ་བློ་བཏང་ན་བགྲེས་པོ་རེ་ཟུང་དུར་ཁྲོད་དུ་བཞུད་སོང

མི་རབས་གཅིག་བརྒལ་རྗེས་འཁོར་ཁང་འདི་གཉིས་ཞིག་རལ་སོང་འདུག

2019.12.3

 

ཁ་པར།

 

དུས་ཚོད་བཅུ་གཉིས་བརྒལ་ལ་ཉེ་དུས

གློག་རྡུལ་རྩིས་འཁོར་ནང་ལ་སྒྲུང་རིང་འབྲི་འགོ་ཚུགས

ཞོར་དུ་ཁ་པར་གྱི་འབོད་བརྡའང་གྲག་ཡོང་ལ

བློ་ཡུལ་ལས་འདས་པ་ཞིག་ལ་འཕྲིན་ཐུང་མང་པོ་བསླེབས་འདུག

འཕྲིན་ཡིག་རེ་ཟུང་བཀླགས

ད་དུང་རྩིས་འཁོར་དུ་གཏག་མ་ཐུབ་པའི་རི་མོ་ཇེ་ཡག་ལ་སོང

ཡང་ན་ང་རང་ཡིད་ཚིམ་པ་ཞིག་ལ་བྱིས་སྒྲུང་ཞིག་མཇུག་གྲུབ་པས་ཆོག

2019.12.3

ལྷོ་ཁ་ན་སུ་ཡོད།

 

སྟོན་ཀ་སྡོང་རྩེ་ནས་ལོ་མ་ས་ལ་ཐོར

ཞིང་ཁ་ན་ཐགས་མཁན་བུ་མོ་དེའི་གཙང་བོའི་བཞུར་ལམ་ལ་བལྟས

ངོ་མི་ཤེས་པའི་གླུ་མ་ཞིག་གིས་རྣོ་སྦྲེང་དཀྲོལ་ནས་གླུ་ཆུང་བླངས

ཀྱེ་ཀྱེ  ཞེན་ཆགས་ཁྲོད་ཀྱི་གླུ་མ་དེ་སུ་ཞིག་ཡིན

འཕྱོངས་རྒྱས་གཞུང་གི་མི་སྤས་དག་པོ་ཟླ་བ་སྒྲོལ་མ་ཡིན་འདུག

སེམས་ཀྱི་གཏིང་ལ་ལྷུང་བའི་གླུ་སྐད

མཚན་མོ་ཧྲིལ་བོ་ལ་ཆར་ཟམ་ཟིམ་འབབ་ཀྱིན་འདུག

ཆར་བའི་ཁྲོད  ཡར་ལུང་ཕྱོགས་ནས་ཉན་ན་གླུ་གཞས་ཐམས་ཅད་ཐོས་ཐུབ

2019.12. 3

བྱིས་པ་གཉིས།

 

བུ་མོ་གཅིག་གོམ་འཁོར་དུ་ཞུགས་ནས་གོམ་འགྲོས་སློབ

རང་གི་གྲིབ་མ་དང་ཕ་མ་གཉིས་ཀྱི་འཛུམ་ཆུང་ལ་བལྟས་ནས་བགད

གཞན་པ་དེ་ཨ་ཕའི་མཛུབ་མོར་འཇུས་ནས་སློབ་ཆུང་གི་ར་སྐོར་བརྒལ

བོད་ཡིག་གཙང་མ་ཀློག་བཞིན་ཁ་ལྕེ་བདེ་ལ་གོམ་པ་བདུན་དུ་སྤོ

ད་ལྟ་ཁ་པར་གྱི་འཆར་ངོས་སུ་བུ་མོ་གཉིས་ཀྱི་འདྲ་པར་ལེགས་པོ་བཤམ

ཁྱེད་གཉིས་ནར་སོན་པ་ལ་ངེད་ཅག་གི་རེ་འདུན་ཆེན་པོ་བཅངས་ཡོད

2019.12.4

འཆི་བ།

 

ཚེ་སྲོག་ནི་ཆོན་ཐག་ནང་གི་རྩིད་སྐུད་དང་འདྲ་མཚུངས་ཡིན

མིག་མདུན་གྱི་བར་སྣང་ན་འཐབ་ས་ཞིག་མི་འདུག

གཡས་གཡོན་གྱི་ནད་པ་རེ་ཟུང་མིག་ཟུང་དུས་གཏན་དུ་བཙུམས་ན

འུ་ཅག་གིས་ཀྱང་འཆི་བ་ཁོ་ན་སྒུག་ཡོད་པ་འདྲ

2019.12.4

 

ལྕགས་རྟ།

 

ང་སྙན་ངག་ཅིག་གི་ནང་དུ་སྐྱོ་སྡུག་བསྲེས་ནས་ཡོད

ལྷིང་འཇགས་ཀྱི་མཚན་མོ་ལ་ཆར་རླུང་མཚམས་མེད་པར་ལྡང

མི་ཡུལ་ས་མཐའ་ནི་ཁེར་རྐྱང་གི་སེམས་གཤིས་ལ་ཆུ་འཁྱག་འདྲེན་ས

ནམ་རྒྱུན  དབྱར་ཁ་སོང་རྗེས་བུ་མོ་ཞིག་གིས་ལྕགས་རྟ་དེད་ནས་བུད་ཡོང

རང་ཉིད་ལ་དབང་བའི་ལམ་ཡོད་ཚད་ཤིན་ཏུ་ཆེ་ནའང་དོན་དུ་ལམ་ཧ་ཅང་ཆུང

ཞིང་ཁ་ན་མི་རབས་མི་གཅིག་པའི་འགྲུལ་བ་ཇི་ཙམ་ཡོད

བརྗེད་དཀའ་བའི་ཕ་ཡུལ་དང་ཉི་ཟླ་གཉིས་སེམས་དབུས་ན་ལུས

2019.12.13

 

བྱ་ཞིག་ཡིན་ན་བསམ་བྱུང་།

 

དགུན་ཁའི་ས་སྲོད་ནང་དུ་ཕྱི་དྲོ་སྲུང་ནས

སེམས་ནང་དུ་ཐག་རིང་གི་ཁྲུང་ཁྲུང་ཞིག་དྲན་དུ་བཅུག

སྒྲོན་མེའི་འོག་གི་མེ་ལྕེབས་འཕུར་ལྡང་བྱེད་དུས

ང་ནི་ལྷ་སའི་གྲོང་གི་འཕྲིན་པ་དེ་ཡིན

མི་རྣམས་མཛེས་པའི་གཟུག་བརྙན་ལ་བསྲེས་པར་བྱས

དེའི་ཚེ་འུ་གཉིས་སྲོག་ཆགས་སྙིང་རྗེ་ཞིག་ཏུ་འགྱུར་རོ

2019.12.22

 

འཁར་བ།

 

ཁྱོད་ཀྱིས  རང་ཉིད་ཀྱི་རྐང་རྗེས་མཐོང་རྗེས

མདང་དགུང་རྨིས་པའི་རྨི་ལམ་དག་བརྗེད་སོང

ལོ་ཟླ་ཞིག་བརྒལ་རྗེས་ཁ་བ་ཉིན་མཚན་གཉིས་ལ་བབས

ལམ་འགྲམ་དུ་བགྲེས་པོ་ཞིག་འཁར་བ་ལ་ཁེན་འདུག

འཇིག་རྟེན་ནས་རྒུད་པ་མཐོང་ན

མི་ཞིག་སུན་སྣང་སྐྱེས

ཆུང་འདྲིས

སེམས་ནང་གི་རྨི་ལམ་དྲུད་ནས་གཞོན་དུས་ཀྱི་ལང་ཚོ་དྲན་སྲིད

དེ་ལ་ཆོས་ཉིད་ཟེར

འུ་ཅག་འཕྲད་པའི་སྐད་ཅིག་དེས

དྲན་གདུང་གི་གཞས་ཆུང་ཡིད་ལ་འཁོར

2019.12.22

 

ཁྱི་གུ་ཞིག

 

དུས་ཚོད་ནང་དུ་སྨུག་པ་དྲུད་རྗེས་དར་ཆགས་འདུག

ཁྱོད་ཀྱིས་བལྟས་ན་ཆག་ཀྲུམ་ཤོར་བའི་དཀར་ཡོལ་ཞིག་མཐོང་བྱུང

གློ་བུར་དུ་ནམ་ཟླ་ཇེ་འཁྱག་ལ་སོང

ཉོན་མོངས་ཀྱི་རི་དྭགས་ཉམ་རེ་ཆུང

དྲན་གདུང་ནི་སུ་ཞིག་གི་མིག་ཆུ་ཡིན

དེའི་རྗེས་སུ

ཁ་བ་ལྷབ་ལྷུབ་སེམས་ལ་དྲན་མཁན་ནི

ཁྱོད་གཅིག་པུ་ག་ལ་ཡིན

ཁྱི་གུ་ཞིག་སྐོར་ལམ་དུ་འགྲུལ་བཞུད་པའི་རྗེས་འབྲངས

རྟོགས་པའི་ནང་གི་ལྷ་མོ་དེ་ཡང་སྙི་མོར་གྱུར

2019.12.30

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1137