བླ་རུང་གི་ཕྱི་དྲོ།
(འཚོལ་མྱི།)
སྒར་གྱི་མཐའ་ནས་ཁྱི་ཕྲུག་རྩེད་འཇོ་རོལ།།
སྒྱུ་འཕྲུལ་སྒང་ནས་འབྲུ་དྲུག་གླིང་བུ་དཀྲོལ།།
ཉི་འོད་ཕྱི་མིག་གསེར་ཆུའི་ཁ་རུ་བརྐྱངས།།
དེ་ཡི་མཐའ་ནས་ངང་སེར་རེ་གཉིས་འཕུར།།
མིག་ལ་ཐོགས་པའི་ཡུལ་གྱར་མགྲོན་རྣམས་ཀྱང་།།
ཞི་འཛུམ་དང་བཅས་རེས་འཁོར་འབབ་ཚུགས་འགྲེང་།།
སྒོར་སྒོར་གནམ་གྱི་མཐའ་ནས་སྤྲིན་དཀར་གཤར།།
ཀུན་གྱིས་ཕ་ཡུལ་ཕྱོགས་སུ་སེམས་འཕྲིན་བཏང་།།
སྲོད་ལ་ཡུལ་འདིའི་ཉིན་སྲིབ་གཉིས་པོ་ནས།།
རྩྭ་སྐྱ་དག་ནི་རླུང་དང་བསྡོངས་ཏེ་འཕུར།།
2019/10/8
མཚན་མོ་འདི་སྐྱོ་འམ།
ང་རང་གཅིག་པུར་མཚན་མོའི་པང་དུ་ལོག།
རྡུལ་དང་མུན་པའི་སྒྲུང་གཏམ་ཡང་ཡང་ཉན།།
རི་དང་གྲོང་པ་འགྱོད་གདུང་ཟོལ་གྱིས་འགྲེང་།།
དེ་ཡི་མཐའ་ནས་ཁྱི་སྐད་རླུང་གིས་ཁུར།།
ཁྱོད་ནི་གཉིད་ལ་འཐིམ་ཞིང་ལྷིང་འཇགས་འཐུང་།།
ཁོ་བོས་གདུང་བའི་རི་མོ་ཞེ་ལ་བྲིས།།
ཚེས་གསུམ་ཟླ་བས་ཁྱོད་ཀྱི་སྔས་འགྲམ་བརྒྱན།།
དྲན་གདུང་རོལ་མོས་ང་ཡི་རྨི་ལམ་བསུབས།།
སྐར་ཚོགས་མགུར་མ་གཙང་པོའི་ཁ་རུ་འཐེན།།
ཆུ་བོའི་གླུ་སྐད་བྲག་མཐིལ་འུག་པས་ཉན།།
ཕྱི་མིག
ཁྱེད་རང་ཆར་ཞོད་ཀློང་ནས་ལམ་དུ་ཆས།།
ཕྱི་མིག་སྒོར་སྒོར་བདག་གི་གམ་དུ་ལྷག།
རབ་རིབ་རྒྱབ་གཟུགས་མིག་གི་མཐའ་རུ་མངོན།།
མིག་ཟུང་ཕྲ་མོས་སྐྱེལ་མ་ཡང་ཡང་ཞུས།།
དོ་ཞག་ཡུལ་འདིའི་གྲང་ངར་མཐོང་བའི་ཚེ།།
ཡིད་ལ་འཆར་བ་ཁྱེད་ཀྱི་གཟུགས་བརྙན་ཙམ།།
བས་མཐའི་ཉི་འོད་སྐྱ་ཞིང་སྤྲིན་པས་བསྒྲིབས།།
སྡེ་མཐའ་གངས་ཀྱིས་བསྐོར་ཅིང་ཙག་རླུང་འཕུར།།
སེམས་སུ་ལྷིང་འཇགས་རོལ་མོ་ཨེ་ཁྲོལ་ལྟོས།།
ད་ནི་མི་ཚོགས་མང་བའི་སྡེ་གསེབ་ཏུ།།
ཅིས་ཀྱང་ཞི་བའི་ཚུལ་གྱིས་གནས་རོགས་ཞུ།།
2020/1/5
ཁེར་གཞས།
ལོ་ཟླ་མུན་པས་འཐུང་བའི་ཞག་སྨད་དུ།།
དྲན་པ་རླུང་གིས་ཁྱེར་ནས་རིང་དུ་བྲོས།།
ང་ཡི་ལྷིང་འཇགས་ནང་དུ་ཁ་བ་བབས།།
ཁ་བས་བདག་གི་དྲན་པ་དུམ་བུར་བཏུབས།།
ཐག་ཉེ་ཀུན་ནས་གཤར་བའི་མི་ཚོགས་དག།
ཅིས་ཀྱང་བདག་གི་མིག་ནས་གྱེས་རོགས་ཞུ།།
རྡུལ་དང་མེ་ཏོག་གྱེས་པའི་ས་མཚམས་སུ།།
ཁོ་བོས་དགུན་གཞུང་བྲིས་ཡོད་སྤྱན་པར་མཛོད།།
རྡུལ་སྐྱ་མཁའ་རུ་འཕྱུར་བའི་རི་ཟོམ་ནས།།
ཕལ་བའི་ངག་ནས་སྲིད་པའི་གནའ་གླུ་དཀྲོལ།།
རྐང་པ་རྡུལ་གྱིས་བརྡར་བའི་དགུན་གཞུང་འདིར།།
དྲན་པའི་གཞུང་དུ་ཁྱེད་ཀྱི་གཟུགས་བརྙན་དྲངས།།
ཉི་ནུབ་མུན་པས་མི་ཚོགས་སྐྲ་ལོ་འཐག།
བྱེ་ཐང་ཙམ་ཞིག་མིག་གི་མཐའ་རུ་མངོན།།
རབ་ཏུ་གཅོང་བའི་སེམས་ཀྱི་ཞལ་རས་ཀྱང་།།
གདུང་བའི་མུན་པས་ཡང་ནས་བསྐྱར་དུ་བསྲེགས།།
ངོ་གདོང་རླུང་གིས་བསེད་པའི་དགུན་གཞུང་འདིར།།
ཡིད་ལ་གཙང་ཆུ་དྲངས་པའི་འཁྱག་སྣང་མོད།།
མཚན་མོ་བྱིས་པའི་ཟོལ་གྱིས་ངུ་བ་དང་།།
བདག་ཀྱང་མཚན་མོའི་ཚུལ་གྱིས་རབ་ཏུ་སྐྱོ།།
2019/11/3\
རྩྭ་ཐང་གི་གཞས་འཁྱག
སྨྲེང་གཞས་ནང་གི་འབྲོག་ཐང་ནས།།
སྲོད་ལ་རྩྭ་རྐང་ཁེར་བུ་སྨྲེང་།།
ཙག་རླུང་ནང་གི་ཁྱི་སྡོམ་དག།
ཙོག་ནས་སྡུག་སྐད་འདོན་དུས་སུ།།
ཐག་རིང་ནམ་མཁའི་སྐར་མ་ལ།།
སེམས་གཏམ་འགའ་རེ་ཨེ་ཤོད་བལྟས།།
འདབ་ཆགས་བོར་བའི་ནམ་མཁའ་རུ།།
ཅེར་ཡང་དགོས་དོན་མི་འདུག་པས།།
རྫོང་ཁག་འདི་ཡི་གཡས་གཡོན་ནས།།
ཚིག་ཇ་ཁང་ཞིག་བཙལ་ན་ཨང་།།
ཞེ་འདྲིས་སེམས་ཀྱི་ཉི་མ་ཁྱེད།།
སང་ཉིན་སེམས་སུ་ཨེ་འཆར་བལྟ།།
2019/10/5
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1122
དཔྱད་མཆན་སྤེལ།