སེམས་ཀྱི་རླུང་འཕྲིན།

    ཁམས་པ་རབ་དབྱངས། རྫ་སྟོད།

 

ཁྱོད་རང་རླུང་བུ་ཇི་བཞིན། ང་ཡི་རྣམ་རྟོག་གི་བར་གསེང་བརྒྱུད་དེ། ལུས་སེམས་དང་རླུང་དང་ངོ་བོ་གཅིག་ཏུ་གནས་ཏེ། ངས་ཡུན་རིང་བྲལ་བའི་མི་དེ་ལ་བརྩེ་སེམས་མཆོད་ཡོད། སེམས་པའི་གཏིང་རིམ་ནས་ཡོད་པའི། དྲན་གདུང་གི་ཁུར་བའི་བརྩེ་བའི་ཆང་མ། དུས་ཚོད་ཀྱི་ཉི་མ་ཅི་ཙམ་རྫོགས་ཀྱང་། དྲན་པའི་སྟེང་རིམ་ནས་ཉར་བའི་ནང་སེམས་བླ་ཡུ་ཁྱེད་ནི། ཁྱེད་ནི་སྙན་ངག་གི་ཁ་འབུགས་ཁྲོད་ནས་རྙེད་སོང་།

ངས་རང་གི་འདོད་མོས་དང་། ཆེས་དགའ་བའི་མི་ཞིག་ཡུན་རིང་བཙལ་ཏེ། ཡུན་རིང་སྒུག་པའི་མཐར། ཁྱེད་ནི་ཁར་རྩང་ཉི་རྩེ་བཞིན། བདག་གི་སྤྱི་བོར་ནས་འཆར་རྗེས། ངས་མི་ཚེ་ལ་སྔར་བཞིན་འཆར་སོང་། དེ་ནས་བཟུང་སྟེ། སྐྱེ་བ་འདིའི་ཚེ་མཇུག་བར་དུ། འུ་གཉིས་ཆར་ཐིག་གཉིས་དང་མཚུངས་པར། མི་ཚེ་དང་གཅིག་ཏུ་འདྲེས་ཚེ། ཁྱོད་དང་འུ་གཉིས་ཀྱི་ནང་སེམས་དམ་ཚིག་ནི། སེམས་ཀྱི་བྲང་ཁོག་ནས་བཞུར་བའི་རླུང་ཕྲན་ཞིག་ཡིན།

བདག་གི་ནང་སེམས་ལ། རླུང་བུ་ཤུར་ཤུར་ལྡང་རྗེས། ལུས་སེམས་གཉིས་ཀར་ལྡང་བའི་རླུང་ནི་ཁྱེད་ནི། ཁྱེད་ནི་རླུང་བུ་ཇི་བཞིན་ཡུན་རིང་ལྡང་རྗེས། དྲན་གདུང་གི་སྐྱོ་བ་སློག་བྱེད་ཁྱེད་ཉིད་ཡིན།  ཉི་མ་ནུབ་རྗེས། སླར་ཡང་རླུང་བུ་ལྡང་བྱུང་། ང་ཡང་ཁྱེད་འཁྲིས་སུ་མ་ཁུར། རྒྱང་རིང་གི་མཚོ་མཐའ་སྐྱེལ་འགྲོ། སེམས་ཀྱི་རླུང་བུ་གང་དུ་རྒྱུ་སོང་།

དྲན་གདུང་གི་སྨག་འཐིབ་རྗེས། མཚན་མོའི་སྐར་མས་ཁྱེད་རང་སྒུག་བཞིན་འདུག  སྐར་མའི་ཆ་ཤས་ཀྱི་མཛེས་སྡུག་རེ་ལ། མི་སེམས་ཀྱི་ཉམས་སྣང་ཤོར་ས་ཞིག་རེད་ཨང་།  འཁྱག་ཤུར་ཤུར་དུ་བཞུར་བའི་དགུན་ཟླ་དེ་ནས། ཡིད་བརྙན་ངོས་ལ་ཁྱེད་རང་གི་གཅེས་མིང་འབྲི་བཞིན་རེ་སྒུག་གི་མཚན་མོ་ཞིག་བསླེབ་སོང་། ཁྱེད་ཀྱི་ང་ཡི་ཡིད་བརྙན་མཐའ་དག  ཉི་འོད་ཀྱིས་བརྡེགས་སུ་བཅུག་སྟེ། ཐ་སྙད་རེ་རེ་ཐང་མ་བཞིན་དུ།  ཡང་ནས་ཡང་དུ། བསྐྱར་ནས་བསྐྱར་དུ། བསམ་བློ་བཏང་རྗེས། སེམས་བསྐྱེད་ཅི་ཞིག་རྙེད་སོང་།

ཡུན་རིང་རྗེས་ཀྱི་ཕྱི་དྲོ་ཞིག་ནས། ང་རང་དུས་ཚོད་ཀྱི་ཁྲིད་ཏེ། ཁྱེད་ཀྱི་ཉེ་འགྲམ་འཁྲིས་སུ་བཅར་ཡང་། དུས་ཚོད་ཀྱི་དབང་གིས། ཁྱེད་རང་དུས་ཚོད་ཀྱི་བོར་བ་ལྟར།  ཉི་ནུབ་རྗེས་ཀྱི་ཕྱི་འཕྲེད་ལ་སྙིང་པོ་ཅི་ཡང་མ་ཡོད།  སྙིང་པོ་མེད་པའི་ཕྱི་འཕྲེད་དེར། མི་ཚོགས་རྣམས་རང་སར་ནས་བྲེལ་ནས། འཁྱག་ཤུར་ཤུར་དུ་བཞུར་བའི་དུས་ཚོད་ནས་ལུས་སེམས་བཅར་ཚེ། ང་ནི་ཕྱི་སྟོང་ནང་སྟོང་གི་ཁེར་རྐྱང་ཞིག་ཡིན། དགུན་རླུང་དང་མཉམ་དུ་སྤུར་ལ་རན་སོང་།

འཁྱག་གྲང་འཐིམ་པའི་ལུས་ངག་དག དབུགས་འབྱིན་རྔུབ་ཀྱི་བར་ནས་འཁྱག་ལ་གྱུར་སོང་། དགུན་ཁ་འདི་ནས། ངས་ཁ་བ་འབབ་ཚུལ་དང་རླུང་བུ་ལྡང་ཚུལ་ཡང་དུ་བསམ་ན། ཁྱེད་རང་འདིའི་རྒྱུད་ནས་ཁུར་གྱིན་ཡོད་དམ། འབབ་ཀྱིན་ཡོད་དམ་བསམ་པའི་ཚིག་དུམ་འགའ་རྙེད་སོང་།

ལས་ཀྱི་རླུང་བུ་འདི། སེམས་ཀྱི་རླུང་བུ་ཡིན། དམ་ཚིག་གི་རླུང་བུ་ཡིན། ཚེ་གཅིག་གི་ལུས་ངག་གི་འདི་མཇུག་རྫོགས་ན། གལ་ཏེ། སེམས་ཀྱི་རླུང་བུ་འདིའི་ང་ལ་ཅི་ཞིག་གིས་འགྲེལ་བརྗོད་བྱེད། སྐྱེ་འཆི་ཡི་འཇིག་རྟེན་འདིའི་རྒྱུ་བ་ཆད་ན། གལ་ཏེ། ང་ལ་དམ་ཚིག་གི་རླུང་བུ་འདི་ཅི་ལྟར་གཡོ་སྲིད། གལ་ཏེ། ཡོད་ཚད་ཁྱེེད་ལ་བསྡུས་བརྗོད་བྱས་རྗེས། དྲན་པས་གདུང་བའི་མི་དེའི་ཅི་ཞིག་སྨྲ་སྲིད། ལས་ཀྱི་རླུང་བུ།