རླབས་ཀྱིས་སྐྱོམ་པའི་ངག
གུ་དཔལ་ཤིས། (སྙན་ཐུང་ཚན་པ་བརྒྱ་དང་བརྒྱད)
1
བརྡ་མི་འཁྲོལ་བའི་ངག
ལྡེ་མིག་བོར་བའི་སྒོ་ཟྭ།
ངེས་བརྟན་མེད་པའི་མགྲོན་པོ།
བརྟན་ཚུགས་མེད་པའི་ངོ་གདོང་།
སྐོམ་གདུང་གིས་མནར་བའི་འཚོ་བ།
བསླུ་བྲིད་ཐེབས་པའི་དྲན་པ།
2
ཡིན་ཡིན་གྱིས་འགྱིང་བའི་གངས་རི།
ནང་ཁོག་བསྔོགས་ཟིན་ནའང་།
རྟག་བརྟན་གྱི་ཚུགས་ཀ་འདི།
ཞེ་བློ་བདེ་བྱེད་ཅིག་ཏུ་རེད་འདུག
3
མགོ་ཐོག་གི་ཚ་གདུག་འདི་ཅི་འདྲའི་གདུག་རྩུབ་ཆེ་ཨང་།
ངལ་དུབ་ཀྱི་དྲན་པ་སངས་དུས་མི་འདུག
4
སྨྲ་སྐྱེ་འགག་པའི་གནམ་འོག་ནས།
སྐོམ་གདུང་གི་མིད་པ་གཤེར་རུང་།
ཁེར་རྐྱང་གི་རྐང་ལམ་འདིའི་ནང་ནས།
ཞེ་ཚིམས་པའི་རྒྱང་གླུ་ངག་ཏུ་སྐྱོར་མ་ཐུབ།
5
འབྲལ་བ་ནི་ཆོས་ཉིད་ཀྱི་སྐོས་ཐང་ཞིག་རེད།
མེ་ལོང་དུའང་འཆར་མི་ཐུབ་པའི་སྐོས་ཐང་ཞིག་རེད།
འཚོ་བའི་ནང་དུ་འཐིབ་པའི་འཚུབ་མ།
སུའི་ཆེད་དུ་ཞི་འཇགས་མི་ཐུབ་པར་ཡིན།
ཡང་ན་སྐད་ཅིག་མའི་ཡུན་གྱི་གྲིབ་མར་ཧད་དེ།
ཞོགས་སྲོད་ཀྱི་རྨི་ལམ་གྲང་བཞིན་འདུག་གམ།
6
དུས་མཐའི་གཙང་བོ་སྐམ་སོང་།
མེ་ལོང་ནང་གི་ངོ་གདོང་འགྱུར་སོང་།
རྨི་ལམ་གྱི་འཁྲུལ་བག་ཞིག་སོང་།
ཚོར་བའི་ངོས་ཀྱི་རྟོག་འགྱུ་ཡལ་སོང་།
འདྲིས་གློད་བར་གྱི་ཁ་བརྡ་ཆད་སོང་།
7
ངོ་ཤེས་པར་དཀའ་བའི་འཇིག་རྟེན་རུ་གྲོང་ནས།
ཆ་ཡོད་ཡོད་འདྲ་བའི་ཁྱོད་རང་གང་དུ་ཡོད།
ང་ནི་གཅོད་སྨན་གྱིས་ཡན་ལག་དང་ཉུང་ལག་སོབ་ནས།
རང་གིས་ཀྱང་ངོ་མི་ཤེས་པའི་ཚད་དུ་ལྷུང་ཡོད།
8
ཡིད་འོང་གི་མེ་ཏོག་སེར་ཆེན་འབུས་སའི་ས་མིག་ཉོས་ཡོད་ཀྱང་།
སྐྱེ་བ་འདིའི་ལྡུམ་རའི་ནང་དུ་ཅི་ཡང་སྐྱེ་ཐུབ་ཀྱིན་མི་འདུག
9
མེ་ལོང་ནང་དུ་འཆར་བའི་མིག་ཟུང་དེ།
ཆ་ཡོད་ཡོད་འདྲ་བའི་འདྲེས་གློད་ཉེ་བའི་གྲིབ་མ།
རྒྱུས་མེད་མེད་འདྲ་བའི་ལྐོག་གྱུར་གྱི་ཞེ་གླུ་རིང་མོ།
10
ཕྱེ་ལེབ་ཀྱི་ཚོམ་འཕུར་སོང་།
ཁེར་རྐྱང་དུ་ལུས་པའི་གླིང་ཕྲན།
ཆོ་མེད་པའི་གྲིབ་གཟུགས་ཤིག་ལས་ཅི་ཞིག་ཡོད།
11
མི་ཚེ་འདི་འབར་ཞུན་རྐང་གཅིག་དང་བསྡུར་ཐབས་མི་འདུག
སྐར་ཆ་འགའི་ཡུན་གྱི་མུན་པ་ཙམ་ཡང་སེལ་ཐུབ་ཀྱིན་མི་འདུག
12
བྱིས་དུས་ཀྱི་གཏམ་རྒྱུད་སྙན་སའི་འབྲོག་ཐང་།
སྐྱེ་བ་འདིའི་རྨི་ལམ་མང་ཙམ་འདི་ནས་འཚར་འོང་།
13
ང་ཡི་མིག་ཟུང་ཆུང་དྲག་པས།
ལྷ་ས་མཐོང་ཐུབ་ཀི་མི་འདུག
ང་ཡི་ལག་པ་འཁོབ་དྲག་པས།
བོད་ཡུལ་འབྲི་ཐུབ་ཀྱིན་མི་འདུག
14
ཤེས་རབ་ཀྱི་རྫོང་སྟུག་པའི་ཁྱོད།
ངར་སྐད་ཀྱི་གདངས་རིང་བས།
ངས་གངས་རི་ཟེར་བའི་ཁྱིམ་ཚང་ཞིག་ཡོད་པར་བརྗེད་མི་ཐུབ།
15
ཉི་འོད་ཀྱི་དྲན་པ་གློད་པའི་ཐག་རིང་།
གྲིབ་རིས་ཀྱི་རྨི་ལམ་སྦོང་བའི་སང་ཉིན།
འུ་གཉིས་ཀྱི་ལྷག་འཕྲོར་ལུས་པའི་སྐད་ཆ་དག་ཡིན་ནམ།
དོ་ནུབ་ཁེར་རྐྱང་གི་ཚུལ་དུ་རྒྱང་རིང་གི་གནམ་མཐར་བལྟས།
སྤྲིན་པ་འཁྱུག་ཚུལ་འདི་ནི་ང་ཡི་སེམས་ཁམས་དམར་རྗེན་དུ་སྟོན་བཞིན་ཡོད་པ་འདྲ།
16
མིག་ནང་དུ་འཁྱག་པ་ཇི་ལྟར་བྱོ་ནའང་།
དེ་ནི་རླུང་བུ་རྒྱུ་སྟངས་ཤིག་ལས་ཅི་ཡང་མ་ཡིན།
17
གྲེ་བར་ལུས་པའི་སྐར་མ་རབ་རིབ་དེ་དག་གིས།
ངའི་ཚེ་ཕྱེད་ཀྱི་དུས་ཚོད་གསལ་མི་ཐུབ་པ་འདྲ།
གྲིབ་མའི་ནང་དུ་ཁ་བ་ནག་པོ་འབབ་དྲག་པས།
མ་འོང་པའི་གཞིས་ཀ་ཞིག་ཚེས་ཐུབ་སོང་བ་འདྲ།
18
སྤྲིན་པའི་ཀློང་གི་ཉི་འོད་ཞུས་སོང་།
སྨག་འཐིབ་པའི་ནམ་མཁའ་འདི་དྭངས་དུས་ཤིག་མི་འདུག
རོལ་མོ་དགའ་བའི་མི་ཚོགས་ཀྱི་རྣ་བ།
སྙན་པར་གྲག་དུས་ཞིག་རེད་མི་འདུག
19
སྨྲ་ལྕེ་འདིས་ཅི་ཡང་འཆད་མི་ཐུབ་ཀྱང་།
འཆར་སྣང་འཇགས་དུས་ཤིག་མི་འདུག
མེ་ལོང་ནང་དུ་ཕོག་པའི་རྟོག་གཟུགས།
འདར་སིག་སིག་གིས་ཅི་ཞིག་སྟོན་བཞིན་ཡོད་དམ།
20
དབྱངས་ཆད་པའི་འཚོ་བ་འདི།
མིག་གི་མཐོང་ན་མི་འདོད་ཀི
21
རྡུལ་བག་ཆགས་པའི་གྲོང་ཁྱེར་གྱི་མཁའ་མཐའ།
དྭངས་ཐབས་མེད་པའི་རྫས་དུག་གིས་ཟིན་པའི་མི་ཚོགས།
སྐྱོ་བའི་མིག་འོད་ཅིག་ལས་མཐོང་ཐབས་མི་འདུག
22
ཞེན་ཆགས་རབ་ཏུ་ལྗིད་པའི་མིང་ཚིག་དེ།
ངས་གསང་མིང་གི་ཚུལ་དུ་བཀོལ་དགོས་བྱུང་སོང་།
23
སེམས་གཞུང་འདི་མཚན་མོར་ཡིན་པར་ཁྱོད་ཀྱིས་ཤེས་ཚོད་མ་རེད།
མུན་པའི་ཞག་སྒྲོན་འདི་རང་གིས་རང་ལ་སྒྲོན་པ་ཡིན།
24
ངས་རང་ཉིད་བོར་སོང་བས།
ཁྱོད་རང་འཚོལ་ཐབས་མ་བྱུང་།
25
ཡུལ་འདིའི་གནམ་ངོ་ཅི་འདྲ་དྭངས་ཨང་།
མཛེས་སྡུག་གི་གཉི་ཟླ་ཞིག་འཆར་ན་ཅི་མ་རུང་།
26
སེམས་པས་བསམ་ཚུལ་ཤོད་མི་ཐུབ་ཀྱང་།
མིག་མདངས་ཀྱིས་ཡོད་ཚད་གློད་བཞིན་འདུག
ཙག་རླུང་མེད་པའི་སྐོམ་གདུང་གི་དབྱར་ཁ།
ཞེ་འཁོན་གྱིས་ཅི་ཡང་འཁོར་སྲིད།
དྲན་གདུང་གིས་ཅི་ཡང་མནར་སྲིད།
27
རྣམ་ཤེས་ཀྱི་འཕར་རྩལ་ནང་དུ་ལུད་ཤོར་བས།
བརྗིད་ཆགས་ཀྱི་ཕོ་བྲང་ཚུགས་ཐུབ་ཀྱིས་འགྲེང་ཐུབ་ཀྱིན་མི་འདུག
འཛུམ་མདངས་བོར་བའི་དུས་ཚོད་ཀྱི་ནམ་ཟླ་དེ་ཚོ།
གཅོང་སྨན་གྱི་འཚོ་བ་ནི་ཆུང་ཆུང་ཞིག་ཡིན་པ་འདྲ།
28
རྣ་བས་ཕ་ཡུལ་བཀླགས་ཐེངས་རེ།
གངས་རི་བཙའ་མདོག་ཟིན་ནས་ལོ་མང་འགོར་ཟིན་པས།
ཁྱོད་ཀྱིས་ཕ་ཡུལ་འཁྱག་གི་མ་ཟེར།
མུན་ནག་གི་འཚོ་བ་དང་བསྡུར་ཐབས་ཡོད་མ་རེད།
29
རང་གི་བདེན་དཔང་རང་ཉིད་སླེབས་ཀྱང་།
ཐོབ་དཔང་ཟེར་བའི་ཤོག་ལྷེའི་དོ་མི་ཡོང་ཁུ།
30
གལ་ཏེ་ང་ཤི་སོང་ཚེ་དུར་རྡོའི་མདུན་དུ་ཁྱོད་འོང་སྲིད་དམ།
ཆོ་མེད་པའི་ཀུ་ཅོ་སྒྲོགས་སྲིད་དམ།
མི་ཚོགས་ཀྱི་མིག་ལམ་ནས་བྲོས་ཏེ་སྡུག་བསྲན་གྱི་མིག་ཆུ་ཡིད་ཚིམས་པ་གཏོང་སྲིད་དམ།
31
ཕྱིར་དྲན་གྱི་མེ་ཏོག་གླིང་ག་འདི་མེད་ཚེ།
ངས་འདྲེས་གློད་ཉེ་བའི་ཕ་ཡུལ་ངོ་ཤེས་ས་མི་འདུག
ཉི་ཤར་ཉི་ནུབ་ཀྱི་དབུགས་ཀྱི་འཕར་རྒྱུན་ནང་དུ།
ཁྱོད་ཁོ་ན་ཡང་དང་བསྐྱར་དུ་ཟློས་དོན་ཅི་ཞིག་རེད།
32
འོད་ཆེམ་ཆེམ་དུ་འཕྲོ་བའི་སློབ་གླིང་།
ལེ་དབར་བརྒྱད་བརྒྱ་བར་ཐག་ཆོད་ཀྱང་།
ཁྱོད་ནི་ཁ་ཁུ་སིམ་པའི་ངང་།
སྣང་བའི་སྒེའུ་ཁུང་འགྲམ་དུ།
ཅི་འདྲའི་མཚར་སྡུག་ལྡན་པ་ལ་ཨང་།
33
ཕ་ཡུལ་ནས་བསྐུར་ཡོང་བའི་འཕྲིན་པ་དེ
སྐྱེ་བ་གཞིག་མ་གཞིག་མ་ཞིག་ཡིན་པ་འདྲ
34
གྲེ་བའི་བར་གསེང་ན་ལུས་པའི་སྐད་ཆ
ཆར་རྗེས་སུ་འཇའ་གུར་ཕུབ་པའི་ཕྱི་དྲོའི་འཆར་སྣང
མག་མོག་ལྟ་བུའི་སྙན་ངག
སྙན་ངག་ལྟ་བུའི་ཀུན་སྤྱོད་རྫོགས་ལྡན
35
རྨི་ལམ་རྨིས་པར་སྐྲག་ཀི
རྒྱུ་མངའ་ཆེ་བའི་རྨི་ལམ་དེ་རྨིས་པར་སྐྲག་ཀི
36
རི་སྤྱང་གི་རྔམ་ཁ་རྒོད་པའི་རུ་གྲོང་དེར
ཁྱོད་ནི་དབྱངས་གསལ་གྱི་ལུག་ཁྱུའི་བདག་པོ་ཡིན
རྫི་གླུ་རིང་མོའི་ཁུགས་པ་ནས་འཕྲད་པའི་བུ་མོ་དེའང
ཁྱོད་ཀྱི་དབྱངས་གསལ་གྱེར་རོགས་ཡིན
37
སྣང་བའི་འདོགས་ཐལ་དྲུད་པའི་རྟ་ཕོ
ཡུལ་གྱི་གཙང་བོ་བརྒལ་ནས་གང་དུ་བུད་སོང
38
རྨི་ལམ་འཁུར་བའི་མེ་ཏོག་ནག་པོ
འཁྲེང་སེམས་ཀྱིས་ཉི་མ་ལྷ་ས་བྲིས
དབྱངས་གསལ་གྱིས་ལྷ་ཚོགས་ཀྱི་འཆར་ཡན་བྲིས
དེ་དུས ཁུ་བྱུག་གིས་ནམ་ཟླ་དཀྲོལ་བའི་དུས་ཚུགས་ཤིག་རེད
འཆར་འགོད་ཀྱི་སྒྲུང་རིང་འབྲི་མགོ་ཚུགས་པའི་དུས་ཤིག་ཀྱང་རེད
39
ང་ཡི་མེ་ལོང་ངོས་སུ
ཁྱོད་ཀྱི་ལུས་ངག་ཡིད་གསུམ་འབྱར་ཟིན་པས
ད་ནི་སུས་ཀྱང་འབྱེད་ཐབས་བྲལ
40
ཀྱེ་ཀྱེ།
སྐྱེ་བ་འདིའི་དབྱར་ཁ་རྫོགས་ཟིན།
41
ཁྱོད་ཡུལ་འདིར་རྒྱུ་བའི་རླུང་བུ་ཡིན་ན།
ང་རླུང་བུ་དེའི་འཇམ་ཤ་ཡིན་ན་ཅི་མ་རུང་།
42
དུས་ཚོད་འདི་ལྟར་འཁྱག་པ།
འུ་གཉིས་ལ་རྒྱུས་མངའ་ཆུང་བས།
དལ་གྱིས་ལོབ་པར་བྱ།
43
མིག་གི་དྭངས་ཟིལ་ན་འཛུམ་བོར་བ་ནས།
ངས་མཛེས་སྡུག་ལྡན་པའི་སྟོན་ཀ་མཐོང་ཐབས་བྲལ།
44
ཕ་ཡུལ་དུ་སྟོན་ཀ་སླེབས་ལ་ཉེ།
གསེར་མདོག་གི་དུས་ཚིགས་དེར།
ངས་དྲན་གདུང་གི་མིད་པ་བརླན་རུང་།
འཚོ་བའི་སྟ་གོན་ཞན་པའི་ཡུལ་ལུང་ནས།
སྨིན་མ་བསྡུས་ནས་འདུག་པ་ལས་ཐབས་བཀོད་ཅི།
45
འཕུར་ལམ་ཡངས་བའི་བྱ་ཁྱུ་ལ།
སྨོན་འདུན་ཞིག་ལས་ཅི་ཡང་འགྲུབ་ས་མ་རེད།
46
ཁ་སང་བྲིས་ཟིན་པའི་ཉིན་ཐོ་དག
དེ་རིང་ཁྱོད་ཀྱིས་མཐོང་སྲིད་དམ།
ཡང་ན་སང་ལོ་དང་ལོ་འགའི་རྗེས་སུ།
ཡང་ན་རྨི་ལམ་མཇུག་གྲིལ་བའི་དུར་བྱང་གི་ངོས་ནས།
47
གཡའ་དག་པའི་སྟོན་ལྗོངས་ཀྱི་ནམ་ཟླ་ཇི་བཞིན།
ཁྱོད་ཀྱང་མཛེས་སྡུག་གིས་བདེ་བར་འཚོར་ཤོག
48
ང་ཚོ་བྲེལ་འཚུབ་ཀྱིས་ཉི་ཤར་དང་ཉི་ནུབ་བརྒྱུད་མཐར།
ཐོབ་ཤོར་དང་ནོངས་འགྱོད་ཅིག་ལས་ཅི་ཞིག་ལག་ཏུ་མ་སོན།
49
ཕྱི་རོལ་ཏུ་སྨུག་པ་འཐིབས་འདུག
སྙན་ངག་ལས་ཁྱོད་རང་མཐོང་ཐུབ་པ་དེའང་།
ངའི་ཚོར་བའི་ལོངས་སྤྱོད་ཆེ་ཤོས་དེ་མ་ཡིན་གྲང་།
50
ང་ཚོས
གོམ་པ་གཅིག་རེ་གཅིག་རེ་བྱས་ནས་མདུན་དུ་སྤོས་ཤིང་།
འདས་ཟིན་པའི་ཡོད་ཚད་གཏམ་རྒྱུད་དུ་བསྡུ་བར་བྱ།
51
མི་ཚེའི་ཆར་རླུང་ཇི་ལྟར་ལྡང་རུང་།
འུ་ཚོ་འཆར་འགོད་ལྟར་དུ་ལམ་དུ་ཞུགས་དགོས།
52
རུས་མཐུན་གྱི་ཁ་བ་ཞུ་མ་སོང་ན།
ཁེར་རྐྱང་གི་གངས་རི་ཉིལ་ཡང་སེམས་ཁྲལ་མེད།
53
མ་གཞི་མདོག་བོར་བའི་ནམ་མཁའ་འདི།
ཉི་ཟླའི་བརྒྱན་ཀྱང་ཅི་ཞིག་གསལ།
སྤྲིན་པ་བསྣན་ཀྱང་ཅི་ཞིག་མཛེས།
54
འཚོ་བའི་ལྗང་ལོའི་འདབ་ལོ་ལ།
ཆར་ཐིགས་ཀྱི་ཟིལ་བ་སྩོལ་མཁན་ཚོར།
ཞེ་བསམ་པའི་གཏིང་ནས་དྲན་འོས་པ་ཞིག་རེད།
དྲན་དགོས་པ་ཞིག་ཀྱང་རེད།
55
ཁྱོད་ཀྱི་མིག་གིས་མཐོང་ཚད་མདོག་ཡལ་ཞིང་།
རྣ་བས་ཐོས་ཐོས་ཆོམ་སྒྲར་གྱུར་ཉིན།
ཁྱོད་ཀྱི་དྲན་པ་བཞིན་པ་དེ་ཡང་ཡང་སྙིང་བོར་ཟིན་པ་འདྲ།
56
ཆ་ཡོད་རྒྱུས་ཡོད་ཀྱི་འུ་གཉིས།
རྒྱུས་མེད་ཆ་མེད་དུ་བྱེད་དགོས་པ་ནི་ཅི་འདྲའི་འཇིགས་སུ་རིང་བ་ཞིག་རེད།
57
མི་ནི་སྐར་མ་དུས་ཚོད་ཉིན་ཞག་ཟླ་བ་ལོ་དག་རེ་རེ་བརྒྱུད་ནས་འགྲོ་དགོས་པས།
སྐར་ཆུང་ནས་སྐར་མ་རེ་རེ་བཞིན་རང་གིས་རེ་བ་ལྟར་འཚོ་ཐུབ་པར་བྱ།
58
ཁེར་རྐྱང་ཀི་རྟ་ཁྱུ་ཞོགས་ནས་ལོ་མང་འགོར།
རྨི་ལམ་གྱི་དྲན་པ་བོར་ནས་ལོ་མང་འགོར།
ངས་རང་ཉིད་ངོ་ཤེས་ཐབས་བྲལ།
ངས་ཕུགས་བསམ་མདོག་ཡལ་བར་མ་ཚོར།
59
ཟླ་དགུ་བ།
ཡོད་ཚད་འགྱུར་བཞིན་པའི་དུས་ཚོད་ཁེར་བཞུད་ཅིག
60
ཚོར་བའི་རླུང་ལྡང་བའི་ཉིན་སྲིབ།
འཆར་ཡན་གྱི་སྒྱུ་འཕྲུལ་ནང་ན།
ཁྱོད་འཆར་བའི་རྟེན་འབྲེལ་ཙམ་ཡོད་པ་དེས་ཆོག
61
སྒོ་བྱང་ངོས་ཀྱི་ཡིག་འབྲུ་དག
ཅི་འདྲ་ལོ་མང་སོང་རུང་། ཅི་ཙམ་རྙིང་རུང་།
ངས་ད་རུང་ངོ་ཤེས་ཀྱི་མི་འདུག
62
ཁ་བ་འབབ་ཆགས་བྱེད་པའི་ལོ་སྐལ་དེར།
ཙག་རླུང་གི་ནམ་མཁའ་རྒྱུས་མེད་དུ་གྱུར་དོན་ག་རེ་ཡིན་ནམ།
63
ཤ་འཁྱག་རུས་འཁྱག་གི་ནམ་ཟླ་འདིའི་ནང་།
ཚོར་བའི་ཁུ་ཡུག་བྲན་པའི་ཁྱོད་རང་།
ངའི་དབྱར་ཟླ་འབྲིང་བོ་ཡིན།
འཚོ་བའི་གངས་རི་ཡིན།
64
ངོ་མདོག་ཤོར་བའི་ནམ་མཁའ་འདིའི་ངོགས་སུ།
དྲོད་ཡལ་བའི་ཉི་མ་ཞིག་དང་། བསིལ་བོར་བའི་ཟླ་བ་མང་རུང་།
ང་ཚོ་ལ་ཅི་ཞིག་གི་དགོས་ནུས་གྲུབ་བམ།
65
མེ་ཏོག་གི་ནམ་ཟླ་བརྗེས་ན་ཡང་།
གསེར་མདོག་གི་དུས་ཚིགས་དང་།
དངུལ་ལས་གྲུབ་པའི་ནམ་ཟླ་ད་རུང་ཡོད་ངེས།
66
ཀྱེ་ཚོར་བའི་ནམ་མཁའ།
ཁྱོད་སྐྱོ་དགོས་དོན་མི་འདུག
འཚོ་བ་ནི་མ་གཞི་ནས།
སྐྱེན་སླ་བའི་དངོས་པོ་ཞིག་རེད།
67
ཕྱི་རོལ་འུར་ཟིང་གིས་ཇི་ལྟར་བྲེལ་རུང་།
ནང་སེམས་དབེན་ཐང་གི་རི་སུལ་གནས་པར་བྱ།
68
ངའི་ལུས་ངག་ཡིད་གསུམ་བོད་ཚེམས་ཀྱིས་བཟོས་པས།
གངས་རི་དང་གཙང་བོ། ཨ་སྔོན་དང་སྤྲིན་དཀར།
སྙིང་རྗེ་དང་ཤེས་རབ། དཀྱེང་ཡངས་དང་བློ་མིག་བསྡུར་ཐབས་མི་འདུག
69
མེས་པོའི་དཔའ་ངར་གྱིས་གྲུབ་པའི་རལ་བ
གངས་རིའི་རང་མདངས་ལས་གྲུབ་པའི་སེམས་གཤིས།
ཁྱོད་ཀྱི་མིང་ལ་ཐུ་བྷོད་ཟེར་རམ་བྷོ་ཊ་ཟེར།
70
དྲན་པའི་གཞུ་རྒྱུན་དུ་ལྷུང་བའི་ཁྱོད་རང་།
ངའི་སྐྱེ་བ་འདིའི་སྟོབས་ཤུགས་ཡོད་དགུ་བསྩལ་ནས་འཕོངས་བའི།
མདའ་མོ་དེ་ཡིན་ནམ།
71
ཁ་སང་གི་གཏམ་རྒྱུད་འཆད་ཤེས་པའི་འུ་ཚོ།
སང་ཉིན་གྱི་རྨི་ལམ་ཅི་འདྲ་ཞིག་རྨིས་ཡོང་བར་ཨེ་སེམས།
མིག་གིས་བྲིས་པའི་འཆར་ཡན་གྱི་རི་མོ་དེ་ལས།
ལྷོད་བག་སུམ་པའི་རྣམ་ཤེས་ཀྱི་དགོད་སྒྲ་ཨེ་ཚོར།
72
དྲན་པའི་མདའ་རྩེར་ལྷུང་བའི་རི་དྭགས།
མིག་གི་གཙང་བོར་འཁོར་བའི་ཉ་མོ།
ཁྲོམ་སྲང་ཉལ་བའི་ཁྱི་རྒན།
ཕ་ས་ཤོར་བའི་རྟ་ཕོ།
71
འཇའ་ཚོན་གྱིས་བྲིས་པའི་ཁྱིམ་ཚང་འདི།
ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་ལ།
གློག་འོད་འཆར་ནུབ་ཀྱི་ཉིན་མཚན་དབར་ནས།
ཁངས་ཆར་འདྲེས་མའི་རོལ་དབྱངས་ལ་དབྱངས་གསལ་འཛུམ།
72
རྡུལ་ཚོན་གྱིས་མ་གོས་པའི་ན་བཟའ་སེར་བོ།
སྐྱེ་མཆེད་ཀྱི་དབང་པོ་འདི་དང་འཕྲད་པ་ཞིག་མ་རེད།
73
དྲན་གདུང་གི་སྨིག་རྒྱུ་འཐིམ་པའི་གྲོང་ཁྱེར།
བསིལ་ངད་ཀྱི་ལྗོན་པ་འཁྲོལ་བའི་སྲང་ལམ་ནས།
ཕ་ཡུལ་ལྟ་བུ་གཞས་སྙན་མོ་དེ།
མགྲིན་པའི་གསེང་ན་ཡོད་པས།
ངས་སྙིགས་མའི་དུས་ཚིགས་ཤིག་རེག་དགོས་མ་བྱུང་།
74
ཚོར་བའི་སྤང་ཐང་ན།
དབྱངས་གསལ་གྱི་ལུག་ཁྱུ་བཀྲམ་ཡོད།
འཆར་གཞི་ལྡན་པའི་སྤྱང་ཀི་དེ་ཚོ།
སྤྱང་གྲུང་འཛོམས་པོའི་ངང་འཇབ་ཀྱིན་འདུག་པས།
ལུག་རྫི་ལགས་སེམས་པ་རྣལ་དུ་གནས་རོགས།
75
དུས་བཞི་འགྱུར་ལྡོག་གི་ངོ་བོ།
མི་རིགས་འདིའི་གཤིས་ཀ་ཡིན་པ་འདྲ།
76
ཨ་ཕ།
ཁྱོད་བཞུད་སྔ་དྲག་པས
ངེད་མིང་སྲིང་ཚོས།
ཁྱོད་ཀྱི་རུས་ཁུངས་ཀྱང་ངོ་འཕྲོད་ཀྱིན་མི་འདུག
77
ཁ་བའི་འཇམ་ཤ་ནས་ཁྱོད་ཀྱི་རེག་བྱ་ཚོར་བྱུང་།
ཁ་བའི་རང་མདངས་ལས་ཁྱོད་ཀྱི་གཤིས་ཀ་མངོན་བྱུང་།
78
སེམས་ཀྱི་མེ་ལོང་དུ་བརྗིད་པའི་གངས་རི།
དྲན་པའི་མཚོ་མོ་རུ་འཁྱིལ་བའི་དྭངས་བསིལ།
ངའི་ཡིད་འོང་གི་ཡོད་ཚད་ཁྱོད་ཡིན།
79
ཁ་བ་འཐོར་ཤུལ་གྱི་སྨྲེང་བ།
དུས་ཀྱིས་བཅད་ནས་མི་རབས་གཅིག་འགོར་ཟིན་ནམ།
སེམས་པས་མྱངས་ནས་སྐྱེ་བ་གཅིག་རྫོགས་ཟིན་ནམ།
80
ངའི་བློ་ཕུགས་ན་བཞུགས་པའི་གངས་རི།
ངའི་ཡ་ཁོག་ནས་བཞུར་བའི་གཙང་བོ།
རྟག་བརྟན་ངང་གནས་དགོས།
དྭངས་བསིལ་ངང་བཞུར་དགོས།
81
དབྱར་དགུན་སྟོན་དཔྱིད་མེད་པར་ཚེས་པའི།
མགོ་ཐོག་གི་ནམ་ཟླ་འདི་ཅི་འདྲའི་འཁྱག་པ་སུས་ཀྱང་ཚོར་གྱིན་མི་འདུག
སྟོན་དཀྱིལ་འདིར་ཚང་མས་ཨ་ཆུ་ཆུ་ཟེར་ནས་ཁོག་འདར་རྒྱག་གིན་འདུག
82
ཉིན་མཚན་དཀར་ནག་གི་དུས་འདས་སོང་བས།
ངས་ད་གཟོད་ཁྱོད་རྒྱུས་ཡོད་པར་གྱུར།
83
ལྡོག་ཐབས་ལས་ཀྱི་ཚ་བས་འུ་གཉིས་མནར་དྲག་པས།
ལོ་འདིའི་དབྱར་ཁ་ནི་དབྱར་ཁ་གཞན་དང་མི་འདྲ་བའི་དབྱར་ཁ་ཞིག་ཡིན།
84
ཁྱོད་དཀར་ནག་གི་འཇིག་རྟེན་འཆད་པར་སྤྲོ་ཡང་།
ཕྱི་ཚུལ་ཙམ་ལས་རྟེན་འབྲེལ་གྱི་ཡང་སྙིང་ཚོར་གྱིན་མི་འདུག
85
བོད་ཀྱི་རྫོང་མཁར་དུ།
རྒྱ་རྒན་གཅིག་ལས་མེད་ཀྱང་།
རྒྱ་སྐད་རེ་ཨེ་འཁྱོང་བལྟ་དོན་ག་རེ་ཡིན་ནམ།
86
ཁྱོད་ཀྱི་ངག་སྒོ་མི་འཁྲོལ་དོན།
ལྡེ་མིག་གཞན་ལག་ན་ཡོད་པའི་ཟྭ་ཞིག་བརྒྱབས་ཡོད་པས་རེད་དམ།
87
ཁྲག་དམར་གྱིས་བྱུགས་པའི་འཚོ་བ་འདི།
དངོས་གནས་ཤ་འདྲེས་པགས་འདྲེས་ཐུབ་ཀྱིན་མི་འདུག
རྒྱུ་མཚན། ལོ་རྒྱུས་ཀྱི་རྨ་ཁ་དྲག་ཏུ་ན་ཟུག་ཁོལ་གྱིན་འདུག
89
དུས་ཚོད་ཉེར་བཞི།
ཡང་དང་བསྐྱར་དུ་འཁོར་ནས་མི་ཚེ།
སྐྱེ་ནས་འཆི་བ་བརྒྱུད་ནས་འཁོར་བ།
དེའང་སྐད་ཅིག་ཙམ་ཡང་སྡོད་དབང་མི་འདུག
90
གྲིབ་མའི་དབྱངས་རྟ་ལས་མཆེད་པའི་སྒྲ་དབྱངས།
མིག་གི་འོད་ཟེར་བསྡུས་པའི་སྣང་བ།
དུས་ཚོད་ཀྱི་འཆར་ཡན་ནང་དུ།
བམ་མཐུག་པོའི་གླེགས་བམ་ནང་གི་མི་ཚེ།
ཅི་འདྲའི་ཡིད་དུ་སྡུག་པ་ཞིག་རེད་ཨང་།
91
རྟ་ཕོའི་རྨིག་རྡུལ་ལས་མཆེད་པའི་གོམ་སྒྲ།
དཔའ་བོའི་རལ་གྲི་ལས་མཆེད་པའི་རྣོ་ངར།
ཀི་བསྭོའི་སྙིང་སྟོབས་ཞེ་རུ་འཆིང་བའི་མི་རབས།
ལྷ་ལས་མཆེད་པའི་འོད་ཀྱི་རྨུ་ཐག
མི་ལས་འགྱུར་བའི་བྱམས་སྙིང་གི་སྒམ་པོ།
92
ལག་དམར་འཐབ་རྩོད་ཀྱི་དུས་རབས་རྫོགས་ཟིན།
རིག་གནས་འཁྲུག་ཆེན་གྱི་རྡུལ་དམར་འཚུབ་བཞིན་འདུག
93
གངས་རིར་ཞེན་ཆགས་མི་འདུག་མི་གསུང་རོགས།
གངས་མདངས་འདི་ང་དང་ཁོ་ཚོའི་ཞེ་འདང་ཡིན།
མི་རབས་འདི་ཁ་ལོ་བོར་བའི་ཤིང་རྟ་ཞིག་ཡིན།
རྟ་ཕོ་ལགས་གོམ་འགྲོས་ལ་ཉམས་འཇོག་རོགས།
94
ས་མཐའ་ནས་ཕ་ཡུལ་གླེང་དོན།
ཕ་ཡུལ་གྱི་གོད་ཆག་མ་བཟོད་པས་ཡིན།
རང་ཡུལ་ནས་ཕ་ཡུལ་མི་གླེང་ཐུབ་དོན།
ཉམ་རྒུད་དང་ཕམ་ཉེས་མ་མཐོང་བར་ག་ལ་ཡིན།
95
ཁྱོད་ཀྱི་གདོང་གི་གངས་རི་བཞུས་སོང་རུང་།
ཡ་ཁོག་གི་གངས་ཆུ་སྙོག་ཐབས་བྲལ།
96
ནམ་ཟླ་འཁྱག་འདུག་ཅེས་འུར་ཟིང་མ་བྱེད།
ཇི་ལྟར་འཁྱགས་རུང་བསྲན་དགོས་པའི་ཚད་ལ་ལྷུང་འདུག
97
ཁྱོད་ཁ་བ་འབབ་པར་དགའ་དོན།
ཁ་བ་དང་ཁྱེད་གཉིས་ཀྱི་དབར་ལ་དུས་ཚོད་ཀྱི་གོ་རིམ་ཡོད་པས།
གཏམ་རྒྱུད་ཀྱི་བྱུང་རིམ་ཡོད་པས།
98
ཕ་ཡུལ་གྱི་སྟོན་ཀ་ཤིང་ལོ་འཐོར་རྒྱུ་མི་འདུག
དེ་ནི་ཕ་ཡུལ་སྡོང་བོ་དགྱེལ་ནས་རབ་བྱུང་གཅིག་ལྷག་འགོར་བས་རེད་འདུག
99
ལོ་འདི་སྟོན་མོ་རོལ་བའི་ལོ་ཞིག་ཁེལ་འདུག
ཡ་མ་ཟུང་གི་ལས་དཀའ་འདི་ཚོ།
མུག་གེའི་སྟེང་གི་ཟླ་ལྷག་ལས་མ་འདས།
100
བྱེ་རླུང་འཚུབ་པའི་ཡུལ་ལྗོངས་འདི།
ནགས་ཚལ་བྲེག་ནས་བུད་ངོས།
གཙང་བོ་བསྙོགས་ནས་བུད་སོང་།
གཏེར་ཁ་བསྔོགས་ནས་བུད་སོང་།
ད་དུང་། ཕ་ཡུལ་མཛེས་པའི་བསྟོད་གླུ་ཞིག་ལོངས་ཟེར།
101
ངག་འཁྱག་པ་འདིའི་ནང་།
ཞེན་ཆགས་ཀྱི་མེ་ཏོག་སྐྱེས་པས།
སྐྱེ་བ་འདིའི་ཚེ་ནོམ་དུ་རློམ་ཡོད།
102
ཁྱོད་ཀྱི་དད་མོས་ནི་འབགས་བཙོག་ཅིག་རེད་ཅེས་འཆོལ་གཏམ་མ་གླེང་།
མ་གཞི་དད་མོས་ནི་སྣང་བའི་འཆར་སྒོ་ཞིག་ཏུ་ངོས་མ་ཟིན་པས་ཡིན།
103
ཨ་མྱེའི་གནའ་གཏམ་ནང་གི་མེས་པོ་དང་དཔའ་མཛངས།
འབྲོང་གི་ཁྲེལ་གཞུང་ཡོད་པའི་རིགས་རྒྱུད་སུས་འདེད་སོང་།
104
ཕྱི་རོལ་ཏུ་ཆར་བ་དྲག་ཏུ་འབབ་བཞིན་འདུག
ངས་ནང་སེམས་ཀྱི་འཕྲིན་པ་ཀློག་ཞོར
འདས་སོང་གཏམ་རྒྱུད་ལ་ཕྱིར་དྲན་བྱས
105
ཆ་མེད་ནས་རྒྱུས་ཡོད་དུ་གྱུར་པ་ལ་སེམས་ཚེགས་ཅི་ཡང་མ་བྱུང་ཡང་།
རྒྱུས་ཡོད་ནས་ཆ་མེད་དུ་བསྒྱུར་བའི་གོ་རིམ་ནི་ཅི་འདྲའི་ངལ་ཞིང་དུབ་པ་ལ།
106
དུས་ཚོད་ཀྱི་མདའ་རྩེ་ནས་བཞུད་པའི།
འཁོར་བའི་ལ་གཞས་གྱེར་བའི་མགྲོན་པོོ་དེ་ཚོས།
ལྐོག་ལྐོག་སུད་སུད་ཀྱི་འཛུམ་ཞིག་བསྟན་ནས་བུད་སོང་།
ང་ཚོས་སྨྲེང་སྐྱོ་འདྲེས་མ་འཚོ་བར་བའི་འཐབ་ར་ནས།
ངུ་མ་དགོད་ཀྱི་འདྲིས་གློད་དག་གི་བར་གསེང་ནས།
ཁྱོད་ཀྱིས་མདངས་ཡོད་པའི་མིག་ཟུང་སྤྱད་དེ་ང་ལ་བལྟས་ནའང་།
མདོག་བོར་བའི་དྲན་ཁམས་འདིས་བརྡ་ལན་སྤྲོད་ཐབས་མ་བྱུང་།
107
ཁྱོད་ཀྱིས་སྙིང་ཐག་པ་ནས་གླུ་བླངས་རུང་།
ཁྱོད་ཀྱིས་ཞེ་ཐག་པ་ནས་བྲོ་འཁྲབས་རུང་།
ལོ་ཟླའི་རྨ་ཁ་སོས་ཐབས་བྲལ།
གངས་རིའི་གློ་སྙིང་འགུལ་ཐབས་བྲལ།
108
སྐྱེ་བ་འདིའི་ཆར་སྨག་ཀློང་ནས།
ཕྱི་ཚུལ་གྱི་མཛེས་པ་ཇི་ལྟར་བསྐྲུན་རུང་།
རྨི་ལམ་ལ་ཁ་བྲལ་བྱུང་བའི་ལོ་རབས་དེ།
ངས་ཡིད་ཡུལ་ནས་འཇགས་ཐབས་མི་འདུག
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1083
དཔྱད་མཆན་སྤེལ།