ལོ་རྒྱུས་ཀྱི་མཁའ་དབྱིངས་ནས་མཛད་འཕྲིན་གྱི་འོད་ཟེར་ཕྱོགས་ཀུན་བཀྱེས་པའི་རླངས་བྱང་ཆུབ་རྒྱལ་མཚན།

   གངས་དཀར་པོ་ཤེལ་གྱི་མཆོད་རྟེན་དང་མཚོ་སྔོན་པོ་གཡུ་ཡི་མེ་ལོང་ལྟ་བུས་ཕྲ་རྒྱན་ལེགས་པོར་བཏབ་པའི་འཛམ་གླིང་སའི་དཀྱིལ་དབུས་སུ་གྱུར་བའི་བོད་ཡུལ་གཡང་གི་ར་བ་འདིར། སྔོན་ཆོས་རྒྱལ་དག་གིས་གཙོས་བཙན་པོ་ན་རིམ་གྱི་ཕྲེང་བ་རྒྱུན་མར་བསྲིངས་པའི་ཁྲོད་དུ། ཆོས་སྲིད་གཉི་གའི་ཕྱག་རིས་གཞན་གྱིས་དོ་མེད་པའི་རླབས་ཆེན་གྱི་མེས་པོ་ནམ་མཁའི་སྐར་ཚོགས་ལྟ་བུ་ཞིག་བྱོན་ནས། བོད་ཀྱི་ཆབ་སྲིད་ནི་བས་མཐའི་ཞིང་དུ་བསྲིངས་ཤིང་། སྙན་པ་ནི་འཇིག་རྟེན་ཁོར་མོར་ཁྱབ་ནས་བརྒྱ་ལོ་དགུ་བའི་དུས་དཀྱིལ་དུ་སླེབས་ཙ་ན།ནང་ཁབ་ཏུ་དཀར་ནག་གི་འཐབ་མོ་བཤམས་ཤིང་། ཕྱིའི་ཁམས་སུ་སྡང་དགྲས་ཟིལ་གྱིས་སྒུལ་ནས། མཐར་བཀའ་ཁྲིམས་མགོ་ནས་བཤིག་ཅིང་མངའ་རིས་མཐའ་ནས་གྲམས་ཏེ།བོད་ཆེན་པོའི་རྒྱལ་ཁབ་དེ་ཉིད་ཆོམ་སེ་ཉིལ་ནས་བཙན་པོ་མེས་པོ་དབོན་དག་ཀྱང་མི་མངོན་དབྱིངས་སུ་ཡལ་སོང་།
    དེ་ནས་ལོ་ངོ་བརྒྱ་ཕྲག་འགར་བོད་ཡུལ་གང་སར་ཡུལ་གྲུ་རེ་ན་རྗེ་དཔོན་རེ་བཞུགས་པའི་ཚུལ་གྱིས་ཡུན་རིང་ཞིག་ཕྱིན་པའི་རྗེས་སུ། དཔལ་ལྡན་ས་སྐྱ་བས་ཧོར་སོག་པའི་སྟོབས་ཤུགས་ལ་བརྟེན་ནས་བོད་ཡོངས་ལ་ལོ་ངོ་བརྒྱ་ཕྲག་འགར་དབང་བསྒྱུར་བ་དང་། ཕྱིས་ཕྱི་ནང་གི་རྐྱེན་མང་བོ་ཞིག་གིས་དེ་ཡང་རིང་ཙམ་གནས་མ་བཏུབ།དེ་བཞིན་དུས་རབས་བཅུ་བཞི་བའི་སྟོད་དུ་དཔལ་ཕག་མོ་གྲུ་པས་འཁྲུག་རྩོད་ཀྱི་མདུང་རིང་འཕྱར་འཕྱར་ནས། མཐར་དཔའ་མཛངས་གཉིས་ལྡན་གྱི་རླངས་བྱང་ཆུབ་རྒྱལ་མཚན་བོད་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་ཁྲི་རུ་གངས་ལ་སེང་གེའི་ཚུལ་གྱིས་བཞུགས་སོང་།
      དེ་ལྟར་དཔལ་ཕག་མོ་གྲུ་པའི་སྡེ་སྲིད་དང་པོ་རླངས་བྱང་ཆུབ་རྒྱལ་མཚན་གྱིས་འདས་པའི་ཉམས་མྱོང་དང་སྐབས་དེའི་གནས་བབ་དག་ཟུང་དུ་འབྲེལ་ཏེ། སྤྱི་ཚོགས་ཀྱི་ཕུང་པོ་ཆེན་པོ་དེ་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་བར་ཟུར་ངོས་མང་བོ་ཞིག་ནས་ཤེད་ཤུགས་དང་བཀོད་འདོམས་བྱས་ཡོད་དེ། དང་པོ་ཁོ་རང་ཆུང་ངུའི་དུས་ནས་བཟུང་བོད་ཀྱི་གཙུག་ལག་རིག་པའི་རྒྱ་མཚོ་ལྟ་བུའི་དགོན་སྡེ་རྣམས་སུ་སོང་སྟེ། དགེ་བའི་བཤེས་གཉེན་མང་བོ་བསྟེན་ནས་ཆོས་དང་རིག་གནས་ཀུན་ལ་སློབ་གཉེར་མཐར་ཕྱིན་གནང་སྟེ། སྐབས་དེའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མཁས་པ་ཀུན་པོའི་ཡང་རྩེར་སླེབས་ཤིང་། ཉེར་མཁོའི་སྲིད་ཀྱི་ཡོན་ཏན་ཡང་གྱ་ནོམ་པ་སྦྱོང་བའི་གོ་སྐབས་ཐོབ་པ། གཉིས་པ་རླངས་བྱང་ཆུབ་རྒྱལ་མཚན་གྱི་ལུགས་གཉིས་ལེགས་པར་བསྐྱངས་པའི་བླ་ན་མེད་པའི་ཡོན་ཏན་དེ། གཡའ་བཟང་པ་སོགས་ཁྲི་དཔོན་ཁག་དང་དཔོན་ཆེན་རྣམས་ཀྱིས་ཕྲག་དོག་གི་ཚེར་མདའ་ཡང་ཡང་བཏབ་པ་ལ། ཞི་བའི་ཐབས་དང་དྲག་པོའི་དཔུང་སོགས་གང་ལ་གང་འཚམ་གྱིས་རྒོལ་ལན་སྤྲད་ནས། མཐར་རང་གི་མངའ་ཁོངས་བསྲུངས་པ་ཙམ་དུ་མ་ཟད་ཁྲི་དཔོན་ཁག་དང་ས་སྐྱའི་དཔོན་ཆེན་བཅས་པ་དབང་དུ་བསྡུས་ནས་བོད་སྤྱིའི་སྲིད་ཀྱི་སྲབ་སྐྱོགས་རང་ལག་ཏུ་རེག་ཚེ། ནང་ཁུལ་གྱི་དཔུང་གི་སྒྲིག་གཞི་ལེགས་བཅོས་དང་ཁྲལ་རིགས་ཆག་ཡང་གཏོང་བ།  ཡུལ་ཁྲིམས་གཏན་འབེབས། ཆོས་གཞི་གསར་འཛུགས་སོགས་ཡུལ་དུས་དང་དངོས་ཡོད་གནས་ཚུལ་ལ་འཚམ་པའི་བྱ་བཞག་རླབས་པོ་ཆེ་ནི་གཅིག་རྒྱུན་གཅིག་ཏུ་མཐུད་ནས་བསྒྲུབས་ཏེ།བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས་རིག་གནས་དར་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེར་བྱས། གསུམ་པ་དེ་ནས་རླངས་བྱང་ཆུབ་རྒྱལ་མཚན་གྱིས་དཀའ་སྡུག་དང་འཐབ་འཁྲུག་གི་ལོ་ཟླ་རིམ་པར་བརྒྱུད་དེ་བོད་ཀྱི་སྲིད་དབང་བཟུང་བ་དང་སྦྲགས། དྲུང་ཆེན་ཤེས་རབ་བཀྲ་ཤིས་བྱ་བར་སེང་གེའེ་པགས་པ་སྡེར་མོ་བཞི་བོ་མ་ཉམས་པ་ཞིག་གཙོས་རིན་པོ་ཆེ་མང་པོ་སྐུར་ནས་ཡོན་གོང་མའི་དྲུང་དུ་འཚམས་ཞུར་མངགས།དེ་ལ་ཡོན་གོང་མས་ཀྱང་སྔར་གྱི་ས་སྐྱའི་སྟོབས་ཤུགས་ཉམས་ནས་གསར་སྐྱེད་བྱུང་བའི་ཕག་མོ་གྲུབ་པས་བོད་ས་གནས་ཡོངས་ཀྱི་དབང་ཆ་བཟུང་ཡོད་པའི་གནས་ཚུལ་དངོས་ལ་གཞིགས་ཏེ། རླངས་བྱང་ཆུབ་རྒྱལ་མཚན་ལ་༼  ཏྰ་སི་ཏུ༽་  ཞེས་པའི་མཚན་བསྟོད་ཀྱི་ཆོ་ལོ་དང་བོད་ཡོངས་ཀྱི་སྲིད་དབང་རྩིས་བླངས་ཆོག་པའི་བཀའ་ཤོག་དང་ཐམ་ག་བཅས་གནང་ཞིང་། དེ་ནས་བཟུང་ཕག་གྲུའི་སྲིད་དབང་དངོས་སུ་བྱུང་ཞིང་།ཡུན་རིང་ཞིག་ལ་བོད་ཡུལ་ལུང་བ་གང་སར་ཆོས་སྲིད་གཉིས་ཀྱི་མངའ་ཐང་དགུང་དུ་དར་ཞིང་བོད་འབངས་ལ་བདེ་སྐྱིད་ཀྱི་ཉི་མ་ལྷོད་ཀྱིས་ཤར་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་བརླིང་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས།ཀུན་གྱིས་༼  རྒན་མོ་གསེར་ཁུར་གྱི་དུས་༽ ཞེས་བསྔགས་བརྗོད་ཀྱི་སྒྲ་དབྱངས་ཆོལ་གསུམ་ཞིང་ལ་ཁྱབ་སོང་།
   ལར་ཡུལ་གྱི་ངོས་ནས་འཛམ་གླིང་ཤར་ནས་ནུབ་དང་།དུས་ཀྱི་ཐད་དུ་གནའ་ནས་ད་ལྟའི་བར་དུ།སྲིད་པ་འཛམ་གླིང་གི་སྒང་འདིའི་མི་རིགས་དང་རྒྱལ་ཁབ་མང་བོར་དབང་སྒྱུར་བ་དང་སྲིད་འཛིན་མཁན་གྱི་ཆབ་སྲིད་པ་ནི་གྰང་གའི་ཀླུང་གི་བྱེ་མ་ཇི་སྙེད་ཅིག་བྱོན་ཟིན་པས། ལྟོས་མེད་ཀྱིས་དེ་ནི་མཆོག་གོ་འདི་ནི་ངར་རོ་ལྟ་བུའི་ཐག་གཅོད་ཀྱིས་མཐེ་བོང་སྒྲེང་ས་ཞིག་དང་དཔང་རྟགས་འདོགས་ས་ཞིག་ཡེ་མེད་ཀྱང་། ལྟོས་བཅས་ཀྱིས་བཤད་ན་བྱེ་བྲག་བོད་དང་སྒོས་སུ་བོད་སིལ་འཐོར་གྱི་དུས་ནས་བཟུང་བཅིངས་གྲོལ་ཡར་སྔོན་དུ་བྱོན་པའི་ཁྲི་དཔོན་དང་སྡེ་སྲིད་དག་ལས། རླངས་བྱང་ཆུབ་རྒྱལ་མཚན་ནི་ཀུན་གྱི་ཏོག་དང་གྲལ་གྱི་མགོ་ཡིན་པར་སུས་ཀྱང་ངོས་འཛིན་བྱས་ཆོག་པ་ལགས་སོ།།
        དྭངས་གཙང་གི་ནམ་མཁའ་དང་རི་རབ་ཀྱི་ཕུང་བོས་ནི་ལོ་ངོ་བདུན་བརྒྱ་ལྷག་གི་འགྱུར་ལྡོག་བརྒྱུད་དེ་རྒྱང་ནས་རྒྱང་དུ་འཁྱར་བའི་འདས་དོན་གྱི་རླུང་བུ་སེམས་པའི་གཏིང་རིམ་ནས་ཇི་ལྟར་བརྗེད་ཀྱང་། ང་ཚོས་ནི་བཀའ་དྲིན་ཅན་གྱི་སྔོན་བྱོན་མཁས་པ་དག་གི་ལོ་རྒྱུས་ཀྱི་གླེགས་བམ་ལས།འདས་པའི་མངར་སྐྱུར་གཉིས་ལྡན་གྱི་འཚོ་བ་དང་ལོ་རྒྱུས་ནི་ནམ་ཡང་བརྗེད་པར་མི་དཔེ།མིག་ཆུ་དང་དགོད་སྒྲ་ལྷན་ཅིག་འདུས་པའི་ཁ་སང་གིས་ང་ཚོའི་མ་འོངས་པའི་མདུན་ལམ་ལ་སྐྱ་ཐིག་ཕབ། བདེ་སྐྱིད་དང་སྡུག་བསྔལ་གཅིག་ཏུ་བསྲེས་པའི་ཁ་སང་གིས་ང་ཚོའི་སང་ཉིན་གྱི་འཚོ་གནས་ལ་བསམ་གཞིག་སྟེར།  དེའི་ཕྱིར།འདས་པའི་ལོ་རྒྱུས་ཀྱི་མཁའ་དབྱིངས་ནས་མཛད་འཕྲིན་གྱི་འོད་ཟེར་ཕྱོགས་ཀུན་བཀྱེས་པའི་སྐར་ཆེན་འདིས་ས་སྒང་སྔས་སུ་བྱས་པའི་མི་རིགས་ཤིག་གི་ཕྱི་རབས་པར་མི་རབས་ཤིག་ལ་མི་རབས་ཤིག་གི་འགན་འཁྲི་དང་ལས་ཀ་ཡོད་པར་བདེན་དཔང་དང་གསལ་འདེབས་བྱས་པ་དང་སྦྲགས།  སླར་ཡང་ལོ་རྒྱུས་ཀྱི་གར་སྟེགས་གཞན་ཞིག་ལས་མི་རིགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་དུ་ངོམ་རི་བའི་སྐྱེས་ཆེན་ཞིག་འཁྲུང་པ་ལ་རེ་སྒུག་དང་བཅས་ཕྱི་ལོ་གཅིག་གསུམ་དྲུག་བཞི་ལོར་སྐུ་ཞི་བར་གཤེགས།
   མདོར་ན་རང་ལ་བོད་ཀྱི་ལོ་རྒྱུས་འདིའི་མཐོང་རྒྱ་ཆུང་ཞིང་གོ་བ་ཕྲ་བ་སོགས་སྡུག་བསྔལ་བའི་དཀའ་ཁག་མང་དུ་མཆིས་པས། དམ་པ་ཁོང་གི་འབྲེལ་ཡོད་དཔྱད་གཞི་དག་ལས་གོ་བ་ལོག་པར་བླངས་པ་དང་མ་ཤེས་པ་སོགས་མང་དུ་ཡོད་ལ།ལྷག་ཏུ་ལོ་རྒྱུས་ཞིབ་བརྗོད་ཀྱི་ཐ་སྙད་སྦྱོར་སྟངས་སོགས་ལ་ནོར་འཁྲུལ་གྱི་ཆ་རྫོགས་མེད་ཅིག་འདུག་གཤིས། བརྗེད་ཐོ་འདི་འདྲ་ཞིག་བྲིས་པ་བརྒྱུད་དགེ་རྒན་དང་གྲོགས་ཤེས་ལྡན་དག་གིས་མཛུབ་སྟོན་གྱིས། རང་གི་བསམ་བློ་གཏོང་སྟངས་དང་ལོ་རྒྱུས་སྦྱོང་སྟངས་ལ་དངོས་ཤུགས་གཉིས་ནས་ཡར་རྒྱས་ཤིག་ཨེ་འབྱུང་གི་རེ་བཞག་དང་བཅས་ཕུལ་བའོ།།
    ཕྱི་ཟླ༡༡.ཚེས་༨ཉིན་འབྲུག་ལྗང་ལོས།