ཞོགས་པ་གཞན་ཞིག

 

འོལ་བ།

 

ཕྱི་རོལ་དུ་དྲག་ཆར་བབས་བྱུང

ཕ་ཡུལ་གྱི་སྲང་ལམ་གློ་བུར་དུ་སྟོང་ཞིང་འཇགས

ངས་རང་ཁྱིམ་ལ་འདག་ཞལ་བྱས་རྗེས

ཁུ་སིམ་པོར་སྒེའུ་ཁུང་ལས

ཕྱི་རོལ་གྱི་མཛེས་སྡུག་མཚོན་པའི་ཡིག་འབྲུ་ཞིག་བརྐོས

ཡིག་འབྲུ་དེ་གཉིས

རང་སེམས་ཀྱི་ཆེས་ཟབ་སའི་རེ་བའི་རྨི་ལམ་དུ་དཔར་རྗེས

ང་ལ་ཉི་འོད་ལྟ་བུའི་ཕ་ཡུལ་གྱི་ནམ་མཁའ་ཞིག་ཡོད

ང་ལ་ས་གཞིའི་མེ་ཏོག་གི་ངད་མ་ཡལ་བའི་གནམ་གཤིས་ཤིག་ཡོད

ཕ་ཡུལ་གྱི་ནམ་མཁའ་དེའང

ང་ཡི་མིག་ཟུང་གི་མཐའ་ལ་འཁོར་བའི་སྐར་ཚོགས་བཞིན

སེམས་ཀྱི་ཟབ་སར་སྲ་བརྟན་གྱི་གངས་རི་ཞིག

མཛེས་སྡུག་གི་དྲོད་སྣང་གཞན་ཞིག་

མཛེས་སྡུག་གི་ཞོགས་པ་གཞན་ཞིག

མི་ཚོགས་སྔར་བཞིན་ཁྲོམ་སྲང་དུ་འཚང་གིན

མི་ཚོགས་ཀྱི་ནང་དུ་རླུང་བུ་བཞིན་འགྲོས་མྱུར་བའི

གཞུང་ལམ་ཐོག་གི་རླངས་འཁོར་དང

འཕྲུལ་རྟའང་འཚང་གིན་འདུག

ངས་སྔར་བཞིན་རང་ཁྱིམ་དྲོད་མོར་གད་དར་བྱས་རྗེས

ཕྱི་རོལ་གྱི་སྟོང་ཞིང་འཇགས་པའི་ས་གཞི་ལ

མཛེས་སྡུག་གི་དྲོད་སྣང་གཞན་ཞིག་འཚོལ

མཛེས་སྡུག་གི་ཞོགས་པ་གཞན་ཞིག་བཙལ

 

འཁོར་བའི་ངལ་དུབ།

 

ང་ཡིས་སྒེའུ་ཁུང་ལས

ཉིན་རྒྱུན  འགྲོ་འོང་བྱེད་པའི་མི་རྣམས་ཀྱིས

འཚོ་བའི་བྲེལ་འཚུབ་དང་བྲེལ་འཚུབ་རྗེས་ཀྱི་ངལ་དུབ་ཁྲིད་དེ

འཚོ་བའི་ཆེད་དུ་ཨ་ཐང་ཆད་འདུག་པ་མཐོང

ང་ཡིས་སྒེའུ་ཁུང་ལས

ཉིན་རྒྱུན  རླུང་བུ་བཞིན་འགྲོས་མྱུར་བའི་རླངས་འཁོར་རྣམས་ཀྱིས

འུར་ཟིང་དང་འཁྲུག་ཆོམ་ཁོ་ན་འདེད་དེ

ལྟ་དབང་མི་སྟེར་བར་ཅི་ཞིག་མི་ཐེམ་པའི་ཚུལ་གྱིས་འགྲོ་བཞིན་པ་མཐོང

ང་ཡིས་སྒེའུ་ཁུང་ལས

ཉིན་རྒྱུན  ཕྱི་རོལ་གྱི་འུར་ཟིང་ལ་འབྱར་བའི་མི་ཚོགས་ནི

གྲོག་ཚང་བརྡོལ་བ་བཞིན་འཚང་ཁ་ཤིག་ཤིག

དམིགས་གཏད་མེད་པར་གང་སར་འདུར་གྱིན་པ་མཐོང

ང་ཡིས་སྒེའུ་ཁུང་ལས་མཐོང་བའི་ཕྱི་ལོགས

འབར་གས་བྱུང་རྗེས་ཀྱི་ནགས་ཚལ་ཁེར་ཧྲེང་ཞིག་དང་འདྲ་བར

འདུ་འཛི་ལང་ལོང་འཁྲུགས་པའི་སྲང་བར་དེ་དག་ལས

རླུང་བུས  མེ་ཏོག་གི་ས་རྡུལ་ཤུགས་ཀྱིས་སྤྲུགས

 

 མཚན་མོ་དེ།

 

ཆར་བའི་ཤག་སྒྲས

ང་རང་མཚན་གང་བོར་གཉིད་དུ་མི་འཇུག

ཆར་བའི་སྒྲ་རེ་རེ  དུས་ཚོད་ཀྱི་འཁོར་སྐྱོད་དང་འདྲ

མཚན་མོ་དེར  ང་རང་ནང་སེམས་ཀྱི་རྟ་ཕོར་བཅིབས་ཏེ

དུས་ཚོད་ཀྱིས་ཁྲུན་ཐག་ཆོད་པ་ཞིག་གོ

དཔེ་སྒྲོམ་གྱི་ཁ་གཏད་དུ  ཡུད་ཙམ་ལ

ཁ་རོག་གེར་བསྡད་མ་ཐག  ཆར་བའི་སྒྲའང

རོལ་དབྱངས་སྙན་མོ་ཞིག་གི་འགྱུར་ཁུགས་དང་བསྡེབས་ནས་སར་ལྷུང་བ་འདྲ

མཚན་མོ་དེ  བརྩེ་འདང་གིས་བསྐྲུན་པའི

ཆར་རྗེས་ཀྱི་འཇའ་ཚོན་བཞིན

ཡིད་དུ་འོང  སྙིང་དུ་སྡུག

མཚན་མོ་དེར  དམིགས་ཡུལ་གྱིས་བཞེངས་བཏུབ་པ་ཞིག་མིན་ཀྱང

མི་ཚེའི་ནང་ཆེས་ཤུགས་རྐྱེན་ཟབ་ཤོས

ང་རང་གཏིང་ཟབ་པའི་དགའ་སའི་ཕྱི་གླིང་བའི་གླུ་མ་ཞིག་ལ

ཁ་རོག་གེར  སྙན་ངག་འབྲི་བཞིན་ཡོད

 

 ངོ་གདོང་།

 

ལོ་མང་སྒམ་དུ་བཅུག་པའི་འདྲ་པར་ཞིག་ལ་ཡུན་རིང་ཅེར་རྗེས

བརྩེ་ཞེན་གྱིས་རྙེད་པའི་ལོ་ཟླ་ཞིག་གི་འབབ་ཚིགས་སུ

མཛེས་སྡུག་ཡིད་འོང་གི་ངོ་གདོང་ཞིག་མཐོང

དེ་ནས་ངོ་གདོང་གཞན་ཞིག་མཐོང

དེ་ནས་ཡང་བསྐྱར་ངོ་གདོང་གཞན་ཞིག་མཐོང

དེ་ནས་བྱིས་པ་ཞིག་གི་ཡིད་དུ་འོང་བའི་ངོ་གདོང་མཐོང

དེ་ནས་ཡང་བསྐྱར་བུད་མེད་ཅིག་གི་ཡིད་དུ་འོང་བའི་ངོ་གདོང་མཐོང

མིག་བཙུམ་ཐེངས་ཤིག་གིས

དྲན་སླ་བའི་དུས་ཚོད་དེའི་འཆར་ཡན་གྱི་གྲོང་ཚོར་ཕེབས་ཏེ

བརྩེ་དུང་གིས་བསྐྲུན་པའི་འདས་སོང་ལ་བྱིལ་བྱིལ་གནང་དུས

སེམས་ཀྱི་སྡུག་བསྔལ་དང འཁོར་བའི་སྐྱོ་གདུང

ཁེར་རྐྱང་ཁྲོད་ཀྱི་ངལ་དུབ་བཅས

ཆེས་མཛེས་པ་དང་ཆེས་སྡུག་པ

ཆེས་སྙིང་ཉེ་བའི་བྱིས་པ་ཚོའི་མཐིང་མདོག་གི་མིག་ཟུང

མཚོན་བྱེད་དུ་ཕུལ་རྗེས

ང་ནི་སྒྲེན་པོར་ལུས་པའི་སྐམ་ཐག་ཐག་གི་སྡོང་རྒན་ཞི

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1071