ཁྲི་ཤོར་རྒྱལ་མོར་ཕུལ་བའི་སྙན་དབྱངས།
བྲན། རྨ་ལྷོ།
ཕྱོགས་དུས་བདེ་གཤེགས་ཡེ་ཤེས་སྣང་བའི་གཏེར།།
སྨིན་ལེགས་སྒྱུ་འཕྲུལ་དྲ་བའི་ཆོས་དབྱིངས་ཀྱི།།
རོ་གཅིག་དམ་པར་འཁྱུད་པའི་འཇོ་སྒེག་མཁན།།
བདག་མགྲིན་ལྷོ་ཕྱོགས་དུངས་པའི་མཚོ་མོར་རྩེན།།
ཤེས་རབ་རྩིབས་སྟོང་བཀྲ་བའི་ཡུག་གཅིག་ནས།།
ཡེ་ཤེས་ལྷུན་གྲུབ་སྤོབས་པ་རང་བྱུང་རླབས།།
མཁའ་ལ་འཕྱོ་བའི་ལང་ཚོ་དབང་གཞུའི་གུར།།
སེམས་ཀྱི་ཆོས་ཉིད་འཛུམ་པའི་ཁོང་ལས་བརྒལ།།
རང་བྱུང་ཁོར་ཡུག་བཀོད་པ་ཕྱི་སྣོད་གཟུགས།།
ཀུན་རྟོག་སོར་མོ་འཁྱུགས་ལས་བྱེད་པོ་ཡིས།།
བྲིས་སམ་འཕྱང་མོ་ཉུག་གོ་ཕལ་བའི་བློ།།
དབང་མེད་འགུགས་ལ་ཀྱོ་བ་རྣོན་པོ་བཞིན།།
སྣ་ཚོགས་རྟ་ཅན་ཡིད་ཀྱི་གཟུང་འཛིན་རྡུལ།།
གཉིས་སྣང་སྨིག་རྒྱུའི་ལྗོངས་སུ་ལན་འགར་གཡོ།།
ཆུ་ཁུར་སྦྲུམ་མའི་མངལ་སྒོ་ཤོར་བ་འདིས།།
ཁྲི་ཤོར་རླབས་ཀྱི་ཟེགས་མ་འཕྱུར་རམ་སྙམ།།
སྔོན་བྱུང་སྲིད་པ་ཆགས་པའི་བར་བསྐལ་དུ།།
ཡུལ་འདིའི་ས་འཛིན་ངོས་སྙོམས་མེ་ལོང་མར།།
དྭངས་གཙང་ཆུ་རྡུལ་སྲེག་ཟའི་ཞལ་ཟས་སུ།།
གསོལ་བས་སྤྲིན་གྱི་མྱུ་གུ་མ་འཁྲུངས་སྐད།།
རྗེས་སོང་ཨ་དིའི་གཞོན་ནུ་བཙན་པོ་ཡི།།
ཟེར་མ་འཛམ་གླིང་ཕྱོགས་སུ་གཡོ་བ་དེས།།
བཀའ་ལུང་མེ་ཏོག་སྲས་ཀྱི་སྐལ་ལེན་པ།།
གང་དེེས་ཀླུ་སྒོ་འབྱེད་ཅེས་ཁ་ན་འགྱུ།།
ད་དུང་ཟེར་འགྲོས་རླུང་གི་འགྱུ་བ་ནི།།
ངག་རིག་པདྨོ་འདར་བས་གེ་སར་གྱི།།
རོ་ལ་ཞེན་པའི་སེམས་འགྱུ་ར་གཉིས་པས།།
དར་དིར་སྙན་པའི་གླུ་ཆུང་ལེན་པ་བཞིན།།
ཕྲུག་གསུམ་ཟུང་ལྡན་ཞབས་ཀྱི་རི་མོ་ལ།།
སྦྲང་རྩི་བགོས་པའི་བཅུད་ལ་རབ་སྲེད་པ།།
འདི་ཀོ་གཏམ་ལ་བརྒྱུས་པའི་ག་བུར་རྡུལ།།
རང་གི་འདུ་བྱེད་སོར་མོ་གཡོ་བ་ལས།།
གནའ་སྔོན་སྲིད་པའི་རི་ལ་སྨུག་ཞགས་ཀྱིས།།
ཡང་ཡང་འཁྱུད་ཅིང་གཡེར་མོའི་རྩྭ་ཐང་དུ།།
འབྲོག་རུ་ཁྲི་སྟོང་ནམ་མཁའི་སྐར་མའི་ཚོགས།།
འཛིན་མའི་ཁྱོན་ལ་བརྡལ་བའི་གྲོགས་སུ་སྙེམ།།
ཡུལ་ཁམས་བྱང་མཐའ་འབྲོག་རུའི་གཞིས་ཁྱིམ་ན།།
ཡུམ་ཆུང་ལྷ་ཁོ་བེར་སྐྱ་འོད་འབུམ་ཟུང་།།
ངང་བའི་ཁྱོ་ཤུག་ཇི་བཞིན་ཕན་ཚུན་ལ།།
མཛའ་གཅུགས་ལྷག་བསམ་དར་གྱིས་སྦྲེལ་བ་ཡོད།།
དེ་ལྟར་སྲེད་པའི་མཚོ་མོ་སྐྱོམ་པ་ལས།།
གཉིས་སྦྱོར་རྩེད་དགའ་དགྱེས་པའི་བརྡ་ཐབས་སུ།།
ལེགས་འཁྲུངས་བྱིས་པ་དུང་སེམས་མཛའ་ན་མོས།།
བྱམས་དང་བརྩེ་བས་མིང་སྙན་བསྒྲགས་འདིས་ལན།།
དེ་ལྟར་སྲིད་པ་གཡོ་བྱེད་དབྱར་སྐྱེས་རྔ།།
སྟོང་བ་ཀུན་གཞི་སྣང་བའི་དབྱིངས་རུམ་ནས།།
དངོས་འཛིན་ཆར་གྱི་སྤྲིན་ལ་བཞོན་པ་དེས།།
གཡུ་འབྲུག་རྒྱལ་མོའི་སྒྲ་འཛིན་སྟོང་བར་བྱས།།
དེ་བས་མྱུར་བཏང་སྦལ་བ་ཀླུ་སྒྲུབ་ཀྱི།།
འདྲེན་བྱེད་ཆེས་ཆེར་ཕྱེས་པའི་སྟབས་གཅིག་གིས།།
ཡུམ་ཆུང་ལྷ་ཁོ་རིགས་བརྒྱའི་གཙུག་རྒྱན་དུ།།
གྱུར་བའི་མུ་ཅོར་མཆོད་གླུ་རྒྱལ་མོར་ཕུལ།།
དེ་འཕྲལ་ཀླུ་མོའི་ཕུགས་བསམ་འོད་ཀྱི་མདའ།།
ལག་བསྟར་གཞུ་མོ་གང་ལ་དྲངས་རྗེས་སུ།།
ཁོ་མོ་ཀླུ་ཡུལ་ཁམས་ལ་བསུ་ཆེད་དུ།།
མཚོ་མོ་འཕྱུར་བར་བྱས་སོང་སྐད་དོ་ལོ།།
དེ་ཡང་ས་སྟེང་བྱང་མཐའི་རུ་སྡེ་གང་།།
གློ་བུར་མཚོ་མོ་སྐྱོམ་པའི་རླབས་རྒྱུན་གྱིས།།
འཁྱུར་མུད་བཏང་བའི་གཉེན་པོར་རྒྱ་གར་གྱི།།
ས་འཛིན་མ་ཧཱ་དེ་ཝའི་དབུ་ཡང་བྲེག།
དེ་ལྟའི་རིག་བྱེད་རོལ་མོ་འཁྲོལ་བའི་དབྱངས།།
ངག་རིག་སྒྱུ་རྩལ་ཤེས་བྱའི་སྐྱེད་ཚལ་མཐར།།
ཁྱབ་བྱེད་རྡོ་རྗེ་གང་གི་བཀའ་ལུང་བཞིན།།
གཟེངས་སུ་རྣོ་བས་སེམས་ལ་ཡང་ཡང་གཙེས།།
ཨེ་མ་གནམ་སྔོན་བཻཌཱུར་ཞུན་མའི་ཁམས།།
གཡེར་ཐང་འཛིན་མར་འཁྱིལ་བའི་མཛེས་པ་འདིས།།
འོག་མིན་ཞིང་གི་བཀོད་པར་ཅོ་འདྲི་ན།།
དེ་ལས་ཐ་དད་ཆོས་ཀུན་ཕལ་བར་སྣང་།།
གསལ་སྟོང་འཛིན་མེད་རང་རིག་བརྒྱ་བྱིན་གཞུ།།
ལྷུན་གྲུབ་ཀ་དག་སྟོང་བའི་གཞི་དབྱིངས་སུ།།
ཡོད་མེད་མེད་མིན་སུས་ཀྱང་མ་མཐོང་བས།།
ཐ་སྙད་ཀུན་གཞིའི་སྣང་བ་མཚོ་མོར་རྩེན།།
ད་དུང་གསལ་རིག་མཐར་བྱེད་སྤུ་གྲིའི་དཔུང་།།
སྙིང་གི་ཐིག་ལེར་བཅོས་ནས་སྒོམ་རྗེས་སུ།།
ལྷན་སྐྱེས་རྟོགས་པ་འཆར་བས་གྲུབ་ཐོབ་ཀྱིས།།
ཕྱྭ་གཡང་བྱིན་ཆགས་མཚོ་ལ་ལྟེམ་སེར་འཁྱིལ།།
དེ་བས་ཐེངས་གཅིག་བདག་ལ་བྱེད་པོ་མས།།
ངོ་མཚར་རྩེད་དགའི་ལྟད་མོ་ལེགས་བཤམ་པར།།
ཞེན་པའི་མདངས་ལ་རིའི་ཆུའི་གཏམ་རྒྱུད་ཀྱིས།།
མཛེས་པར་སྤུད་དོ་ཞབས་ཟུང་རི་མོ་འགྱུ།།
གླེགས་བམ་མེ་ཏོག་འཛུམ་པའི་གླིང་ཀ་ནས།།
མཚོ་མོའི་རྟོགས་པ་དང་ནི་བསྔགས་པའི་དབྱངས།།
རང་བྱུང་སེམས་པའི་གུར་དུ་བབས་པ་འདིས།།
བསྐྱོད་འདོད་སྤྲོ་དགའི་ཡོ་ལང་འཁྲིགས་པར་བྱས།།
དེ་བས་བགོ་སྐལ་ལས་ཀྱི་ས་མཁན་མའི།།
ཡིད་དག་གཡོ་ལས་གོམ་པའི་འདེགས་འཇོག་ལ།།
རེ་ཁཱའི་རི་མོ་བྲིས་པའི་འཆར་རྟོག་རླབས།།
སྐྱོམ་པའི་ལང་ཚོ་སྙིང་གི་དཔྱིད་དུ་གྲུབ།།
བསུང་ཞིམ་དྲི་ངད་འཐུལ་བའི་སྣོམ་བྱེད་ཀྱི།།
རྐང་བ་དྲུག་པ་དུངས་པའི་གཤོག་ཆུང་ཟུང་།།
རང་གི་མཁའ་ལ་བརྐྱངས་པའི་བདེ་ཚོར་གྱིས།།
སེམས་ནི་རབ་ཏུ་ཚིམས་པར་སུ་ཡིས་བསྙོན།།
རྟོག་དཔྱོད་བློ་གྲོས་དར་མའི་དཔྱད་འཇོག་གིས།།
བཀོད་ལེགས་འཛིན་མའི་ལང་ཚོ་ཕྱོགས་ཡོངས་ནས།།
ངོ་མཚར་ཡུལ་དུ་བརྗོད་ལ་ལུས་མེད་ཀྱི།།
མཆེ་བ་ག་ཙམ་གཙིགས་ཀྱང་ངལ་བ་ཉིད།།།
དབང་ཕྱོགས་འཆར་ཁའི་དམར་བ་ཕུན་ཚོགས་ཀྱིས།།
ཞོགས་མགྲོན་བསུ་བའི་སྤྲོ་དགའི་ཟུར་མིག་ཟུང་།།
གཡོ་ལས་སྟངས་སྟབས་འཕྲུལ་གྱི་ཕྱེ་མ་ལེབ།།
དབྱིངས་ཀྱི་ཉི་ཟེར་འཛུམ་པའི་ཟླ་བོར་འགྲན།།
བྱང་ཕྱོགས་འོམ་ཆུ་འཕྱོ་བའི་འགྲམ་ངོགས་སུ།།
དཔྱད་འཇོག་སྙིང་གི་ཀོ་གྲུ་གསེར་མིག་ཉ།།
འཁྱུགས་པའི་སྒེག་འགྲོས་ཡིད་ཀྱི་མཁའ་གླིང་མས།།
ཕྱོགས་བཞིའི་མགྲོན་པོ་འགུག་པའི་ལྟ་གོན་བྱེད།།
ཞལ་དཀར་ས་འཛིན་འགྱིང་བའི་རྔམས་བརྗིད་ལ།།
ལོ་ཡག་སྙེ་མ་གསེར་གྱི་འོད་ཞགས་ཀྱིས།།
འཁྱུད་ཅིང་དུངས་སེམས་འདྲེན་པའི་གླུ་ལེན་ན།།
ཁྲི་ཤོར་མཚོ་མོ་བཞད་ལ་སུ་ཞིག་ཚོམ།།
བྲག་དཀར་ཐེམ་ཆེན་བརྩེགས་པའི་བར་སྣང་དུ།།
རྒོད་པོའི་སྡེར་ལྕགས་གནམ་གྱི་ཁ་ལོ་བ།།
འདྲེ་མོ་བྲག་སྲིན་འདུལ་བའི་ཁ་མནོན་དུ།།
བྱེད་པོའི་བློ་ཡིས་ཆེད་དུ་བཤམས་པ་འདྲ།།
བསམ་གཞིགས་ཉི་ཟེར་རྡུལ་གྱི་ཟེགས་མའི་རླབས།།
ཡངས་པའི་ས་ཆེན་སེམས་ཀྱི་གུར་ཁང་ལ།།
འཕྲོས་པ་ལས་རྟོགས་བརྩེ་བའི་རྨི་ལམ་དུ།།
འདུ་བྱེད་ལག་པ་གཡོ་བའི་སྤྲིན་དཀར་འགྱུ།།
རབ་ཏུ་བརྟན་ཀྱང་ཡོམ་ཡོམ་གཡོ་སྙམ་གྱི།།
མཚེར་བ་རི་བོའི་འགྲམ་པའི་ངོས་དག་དུ།།
གང་གི་གཉེར་མའི་ལྗགས་ཀྱིས་བལྡགས་པ་ནི།།
མཛའ་མཐུན་བརྩེ་བའི་ཟམ་པ་སྦྲེལ་བས་ཡིན།།
ཁྲི་ཤོར་རླབས་ཀྱི་ཟེགས་མའི་དུངས་སེམས་ལ།།
མེས་པོའི་རྣམ་ཤེས་འགུག་པའི་ནུས་པ་དང་།།
གསོན་པོའི་བླ་སྲོག་སྐྱོབ་པའི་ལྷག་བསམ་ཡོད།།
ལྗོངས་འདིའི་རིན་ཆེན་ནོར་བུ་གཅིག་པུར་ངེས།།
སྲིད་པ་འཇིག་རྟེན་བྱེ་བའི་ཆུ་ཀླུང་འབུམ།།
སྣོད་ལ་གཅིག་ཏུ་འཁྱིལ་ཡང་ཕལ་བ་རུ།།
འགོད་པའི་རྟུགས་ཞུགས་གྲུབ་པའི་རྡོ་རྗེ་ཅན།།
ཁྲི་ཤོར་རྒྱལ་མོ་ལས་གཞན་སུ་ཞིག་ལགས།།
འདི་ལྟར་སྤྲོ་དགའི་མྱོས་པའི་མཐོང་ཐོས་གཏམ།།
ལེགས་དཀྲོལ་ཕང་འགྲོའི་སྒྲ་ལ་ཉེར་དྲངས་དེ།།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་མཐའ་ཡི།།
དགྲ་ལྷ་ཞལ་དཀར་དགྱེས་པའི་འདབས་ཤོད་ནས།།
ལྗོངས་རྒྱུའི་རྨི་ལམ་རི་མོ་སྣ་ཚོགས་ཞིག།
བདེན་པར་ཞེན་པའི་འཛིན་པ་མ་ཁེགས་པར།།
རིང་ནས་སེམས་སུ་ཉལ་བའི་དུངས་སེམས་གླུ།།
མཚན་ལ་ནག་ཆུང་ཡི་གེའི་གཟུགས་སུ་ཕབ།།
2019.7.11རྒོངས་མོར་མཚོ་བྱང་ཁུལ་ནས།
བེ་རུ་དུག་མཚོར་ཕུལ་བའི་སྙན་དབྱངས།
དུས་ཀྱི་མུ་ཁྱུད་ཁོར་ཡུག་རི་བོའི་དཔུང་།།
འདི་དང་གན་ཞེས་སུ་ཡིས་བརྗོད་དཀའ་ཡང་།།
མེས་པོའི་ངག་རྒྱུན་ལྗགས་རྩེ་གཡོ་བ་ལས།།
ཐོས་པའི་གཏམ་རྒྱུད་རྣ་བའི་བཅུད་དུ་རྒོད།།
བདེ་གཤེགས་ཡེ་ཤེས་ཉི་མ་འབར་བའི་གཟི།།
མཁའ་རུ་ག་ཙམ་འཆར་བའི་ངང་ཚུལ་ལས།།
བདེ་སྐྱིད་པད་ཚལ་རྒྱས་པའི་འཇིག་རྟེན་འདི།།
ཕྱོགས་ཀྱི་བུ་མོ་དགྱེས་པའི་སྙན་དུ་ཆེ།།
ཕྱི་ནང་བཀོད་པ་ཕུན་ཚོགས་སྒྱུ་མའི་འཕྲུལ།།
དབང་བོའི་སོར་རྩེ་བསྐྱོད་ལས་འབྲི་ཐབས་དབེན།།
འོན་ཀྱང་རང་ཡིད་དྲི་བཞོན་དར་མའི་སྤུན།།
རྒྱུ་ལས་ཚོར་རྟོགས་དྲན་པ་བསེར་བུས་ཁྱེར།།
སྣ་ཚོགས་རྟ་ཅན་ཡིད་ཀྱི་སྙིང་སྡུག་མས།།
ལྷོ་ཕྱོགས་མཚོ་མོ་རྩེན་པའི་མཛའ་བ་རུམ།།
བཻ་ཊཱུར་གནམ་སྔོན་བཞུས་པའི་མཚར་སྡུག་ལ།།
དུངས་པའི་གཏམ་རྒྱུད་བརྗོད་ན་སུ་མི་མཚར།།
འདི་ནས་ཡུལ་གྱིས་བསྐལ་བའི་ནུབ་མཐའ་ན།།
མཚན་གྱི་སྙན་པ་རྒྱས་པའི་མཚོ་གང་ཞིག།
སྔོ་མེར་འཁྱིལ་བའི་རྩེད་དགའ་མཐོང་བ་འདིས།།
ཡིད་ཀྱི་འཁྲི་ཤིང་གཡོ་བའི་སྟངས་སྟབས་བསྒྱུར།།
མཚོ་དེའི་མཚན་གྱི་སྙན་པ་ཕྱོགས་མཐའ་རུ།།
སྤེལ་མཁས་འཇང་གི་དཔའ་རྟུལ་གང་ཞིག་སྟེ།།
ལྡོང་གི་བེ་རུ་ཉི་མ་རྒྱལ་མཚན་ལ།།
འབྲེལ་ཞེས་སྒྲ་འཛིན་བཅུད་ཀྱི་སྙིང་བོར་ཆགས།།
ཨེ་མ་བཤད་ཚུལ་གནམ་གྱི་ཤེད་མོང་གིས།།
ཉི་ཟླའི་བཀའ་ལུང་མ་སྒྲིབ་སྤྲིན་དཀར་ཕོན།།
མགོ་ནག་མྱི་བུ་མཚར་བའི་སྙན་དྲུང་ལ།།
ཡང་ཡང་ཐོན་པས་འཇིག་རྟེན་དོགས་པར་སྒྲུབ།།
དེ་དང་དེར་བཅས་བདེན་རྫུན་སྒྱུ་མའི་འཕྲུལ།།
སྣང་བ་སྨུག་རྒྱུའི་གྲོང་གི་ཆུ་མཐོང་བར།།
གང་ཞིག་སྣང་བ་ཡན་པའི་སྡུག་གུ་མ།།
ཐ་དད་འགྲོ་བའི་ཡིད་ལ་མཛའ་བར་ངེས།།
མ་ངེས་མདང་གི་རྨི་ལམ་ཆེན་པོ་བཞིན།།
བློ་ཡིས་ཕར་ལ་བཏགས་པའི་ཡིད་གྲོང་ན།།
གཟུང་འཛིན་རྫས་སུ་དམིགས་པའི་སྣང་སྟོང་བས།།
ཕྱོགས་གཉིས་ལྗགས་རྩེ་གཡོ་བས་སྨྲ་བར་སྦོབས།།
དཔའ་སྟོབས་ལང་ཚོ་རྒྱས་རྗེས་འཇིག་རྟེན་ནས།།
ཤུགས་ལྡན་ས་བསྲུང་གཡུལ་ལས་རབ་རྒྱལ་བ།།
གཅིག་པུར་ངེས་ཞེས་སྙན་དངགས་མཁན་པོ་ཡིས།།
བརྗོད་པ་བེ་རུ་ཉི་མ་རྒྱལ་མཚན་བསྔགས།།
འཇང་དམག་དཔོན་པོ་ཉི་མ་རྒྱལ་མཚན་འདིས།།
གླིང་གི་དཔའ་ཆེན་དར་འཕེན་དུག་སྡོང་གི།།
དབུ་ལོ་བཅད་པའི་མཚལ་ཁྲག་འཕྱུར་བ་ལས།།
མཚོ་འདི་གྲུབ་པར་གྲགས་པས་དེ་སྐད་ཐོགས།།
གཞན་ཡང་གང་གི་བླ་མཚོར་ངེས་པ་ལས།།
བེ་རུ་དུག་མཚོ་ཞེས་བྱར་གྲགས་མོད་ཀྱང་།།
ཚད་ཐུབ་ལུང་དང་རིགས་པའི་རྒྱབ་རྟེན་ནི།།
འདམ་གྱི་ཕུར་བུའི་ཟླ་བོར་སྙེམས་སོ་ལོ།།
ད་དུང་མེས་པོའི་ངག་རྒྱུན་མུ་ཁྱུད་ཀྱི།།
གངས་ཀྱི་རི་བོའི་དཔུང་གི་སྤུན་ཟླ་མས།།
བརྩེ་བའི་ཟུར་མིག་འཕངས་པའི་དོ་ཟླ་རུ།།
ཡ་མཚན་ངག་གི་བརྗོད་པ་ཡོད་རབས་གདའ།།
བེ་རུ་དུག་མཚོ་ཞེས་གྲགས་ཡུལ་ལུང་ནས།།
གླིང་རྗེ་གེ་སར་རྒྱལ་བོས་རྐྱང་རྒོད་ལ།།
མཚོ་ཆུ་ལྡུད་ས་ཡིན་པས་ཧོར་དམག་གིས།།
མཚོ་ལ་དུག་ནི་བཏབ་པས་དུག་མཚོར་སྐད།།
ཕྱི་མ་འདི་སྐད་སྨྲ་བའི་ལུགས་ཉིད་ནི།།
འཐད་པར་འདོད་དེ་མིང་གི་རབ་བྱེད་ལ།།
མཐུན་པའི་རིགས་པ་བརྒྱ་ཡིས་སྒྲུབ་དགོས་ཀྱང་།།
སྒྲུབ་པར་འཐད་དོ་ངག་རིགས་སྨྲ་བས་དཔྱོད།།
རྗེས་སོང་ཨ་དིའི་གཞོན་ནུའི་མིག་ཟུར་གྱིས།།
མཚོ་མོའི་རླབས་རིས་ཤུགས་ཤུགས་འགུལ་མཐོང་བས།།
ཡིད་ཀྱི་དྲན་པ་སྐྱ་རེངས་མིག་སེར་མ།།
མལ་ལས་མི་ལྡང་རང་དབང་སུ་ལ་ཡོད།།
ཟེར་འགྲོས་རླུང་གི་འགྱུ་བའི་ཁ་རླངས་ཀྱིས།།
ངག་རིག་མེ་ཏོག་པདྨོ་འདར་བར་བགྱིས།།
ཆབས་གཅིག་བེ་རུ་དུག་མཚོའི་དེབ་ཕྲེང་གི།
ལང་ཚོ་འཁྲུངས་ཞེས་ཐོས་འཛིན་རྒྱན་དུ་རྒོད།།
དེ་ལྟར་སྤྲོ་དགའི་མྱོས་པའི་མཐོང་ཐོས་གཏམ།།
རྒྱུད་མངས་སྒྲ་ལ་དྲངས་དེ་འདི་སྐད་དུ།།
བླངས་ཀྱང་མ་སྙན་པ་དང་ནོངས་མཆིས་ན།།
བཟོད་པར་གསོལ་ཞེས་བྲན་གྱིས་རིག་འབྱུང་ནས།།
28/7/19 མཚན་གུང་ལ་བྲིས།
འཕྱང་མོ་ཉུག་གི་འཇིག་རྟེན།
ལྷོ་ཕྱོགས་འཛིན་མའི་བཞིན་ལ་ཟླ་དཀར་གྱིས།།
འཁྱུད་པའི་རྩེད་དགའ་བདག་ལ་མི་གསལ་མོད།།
དོགས་པོར་སྒྲུབ་པའི་ལས་ཀྱི་འཇིག་རྟེན་ན།།
ཕན་པའི་ས་མཚམས་འདི་ཞེས་སུ་ཡིས་འཇོག།
ལས་ཀྱི་ཤེད་མོང་རྩེན་པའི་ཡུལ་ཁམས་སུ།།
དུས་ཀྱི་མུ་འཁྱུད་ཅང་ཤེས་རྒོད་པོའི་བུ།།
དབྱིངས་ཀྱི་ཐིག་ལེར་འཐམ་པའི་རབ་ཁ་ན།།
ཕན་བདེ་སྩོལ་བའི་མགོན་པོ་སུ་ཞིག་མཆིས།།
བདག་དང་བདག་ལ་ཞེན་པའི་འཁོར་བ་བའི།།
ཡིད་ཀྱི་ཐིག་ལེར་སྨིན་པའི་སྡུག་གུ་མར།།
མཛའ་སེམས་མཚོན་པའི་མེ་ཏོག་ཕུལ་བ་དེས།།
བྱམས་དང་བརྩེ་བ་མཚོན་པར་བྱེད་ནུས་སམ།།
བློ་རིག་གློག་གི་རླབས་ཕྲེང་འཕྱོ་ཙམ་གྱིས།།
ནང་སེམས་སྨག་གི་མདངས་ནི་གསལ་བ་བཞིན།།
གཞན་ཕན་ཨུཏྤལ་མེ་ཏོག་བཞད་འདོད་ཚེ།།
རང་དོན་ཉི་ནུབ་སྲོད་ཀྱི་ཟླ་བར་འཁྲེང་།།
དེ་ལྟར་བསམ་གཞིག་སྙིང་གི་གཞན་གསོས་བུས།།
དཔྱིད་ཀྱི་མཛའ་བ་ཁུར་བའི་ལོ་ཟླའི་མདངས།།
རྨི་ལམ་སྔོན་པོའི་ཁུགས་ཀྱི་འདས་དོན་དག།
དྲན་པར་བྱེད་དེ་རྣམ་རྟོག་རླུང་བུ་རྒོད།།
ཡིད་ཀྱི་འགྱུར་བག་མ་ངེས་མཚོ་མོ་དག།
སྐྱོམ་ལས་ཆུ་ཡི་གད་མོ་བགད་པ་བཞིན།།
བདག་ཡིད་འཇིག་རྟེན་གྲུབ་པའི་དོ་ར་འདི།།
བསམ་ཞིང་བསམ་ན་ཐུན་གཅིག་རྨི་ལམ་འདྲ།།
ལས་ཀྱི་བྱེད་པོས་མ་བསྐྲུན་རང་བྱུང་སེམས།།
གདོན་ནས་དག་ཅིང་ལྷན་གྲུབ་གཉུག་མའི་གཤིས།།
འོད་གསལ་སྒྱུ་མའི་རིགས་གཤིས་ཕྲ་མོ་ནི།།
ཉི་འོད་སྤྲིན་གྱིས་སྒྲིབ་ལྟར་གསལ་ཡོད་ན།།
རིགས་ཀྱི་ས་བོན་སྦྲུམ་པའི་ན་ཚོད་ལ།།
བྱམས་བརྩེའི་འཛུམ་དཀར་གཡོ་བའི་བརྡ་ལན་ཙམ།།
གང་ནས་ཕྱོགས་ཀྱང་མཐོང་བའི་ཆ་ཙམ་ཡང་།།
མངོན་དུ་མེད་པས་རང་ཉིད་ཕལ་བར་གོ།
དེ་བས་དགའ་ཕྱོགས་སྲོད་ཀྱི་སྤྲིན་པ་མའི།།
ཟུར་མིག་ནུབ་རིའི་ཕྲག་ནས་འཕངས་ནའང་།།
བསླབ་དོན་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ཡང་།།
བདེ་བའི་རྒྱན་དུ་འཛུམ་ལ་དུངས་སེམས་ཤོར།།
ཨེ་མ་ཚེ་གཅིག་ལུས་འདི་བསོད་ནམས་ཀྱིས།།
ཁུག་པའི་རྟེན་ལ་ཞེ་འདང་མེད་པ་ཁྱོད།།
རང་སེམས་འཕྱང་མོ་ཉུག་གི་འཇིག་རྟེན་ནས།།
ད་དུང་སྔར་བཞིན་གསོན་ན་དོན་སྙིང་ཅི།།
9/9/2019
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1067
དཔྱད་མཆན་སྤེལ།