—དྲིན་ཆེན་ཨ་མ་ལ་ཕུལ་བ།

 

 

ཨ་མ་ནི་བྱམས་བརྩེའི་བདག་མོ་ཡིན་ལ། ཨ་མ་ནི་སྙིང་རྗེའི་ཡབ་ཆེན་ཡིན། ཨ་མ་ནི་འགྲོ་བའི་མགོན་སྐྱབས་ཡིན་ལ།  ཨ་མ་ནི་ཚེ་མཐའི་ལོག་མལ་ཡིན། དེ་བས་ཨ་མ་ནི་སོ་སོའི་སེམས་ངོགས་སུ་སྤྲོ་དགའ་ཁོ་ན་སྟེར་ངེས་པའི་འོད་དཔག་མེད་ཀྱི་ཞལ་ཐང་དེ་ཡིན།དེ་བས་ཨ་མའི་གཤིན་ས་བཟང་པོ་ལས་ད་གཟོད་ཚེ་སྲོག་གི་ལྗང་མྱུག་འབུས།

ངའི་ཨ་མ་ནི་ལྭ་འདབས་ལྕི་བས་བྲན་ཅིང་ངོ་གདོང་གཉེར་མས་བཀང་ལ་ལག་ཟུང་ཤིང་འཛེར་ནང་བཞིན་རི་ལུང་རྫ་ལུང་ན་ནོར་ནག་གི་སུག་རྗེས་འབྲང་མཁན་གྱི་འབྲོག་མོ་དཀྱུས་མ་ཞིག   ངའི་ཨ་མ་ནི་གདོང་ཞལ་འཁྱག་རླུང་གིས་ནག་པོར་བཏང་ཡང་ནང་སེམས་བྱམས་བརྩེ་ཡིས་ཕྱུག་པའི་འཕགས་མ་དངོས་མ་ཞིག  ཨ་མ་ཞེས་འབོད་དུས་མི་རེ་རེའི་སེམས་ནང་ན་གསུབ་ཏུ་མེད་པའི་སྣང་བརྙན་གྱི་རི་མོ་རེ་རེ་ཡོད་ལ།དྲན་པའི་ཡོལ་ངོགས་སུ་བརྗེད་དུ་མེད་པའི་ཕྱིར་དྲན་གྱི་ཁ་དོག་རེ་རེ་མཆིས།   ཨ་མ་ཞེས་འབོད་དུས་སོ་སོའི་སེམས་པའི་གཙུག་འདབ་ཀྱི་ངོས་སུ་རྟག་བརྟན་གྱི་བཀྲ་ཤིས་རྟགས་བརྒྱད་རེ་མཆིས་ཤིང་།  གཟུང་སྔགས་མ་ཎི་ཡིག་དྲུག་གི་བྱིན་གྱིས་རླབས་པའི་དངུལ་དཀར་གྱི་གའུ་ཆུང་ཆུང་ཞིག

ཨ་མས་རང་གི་བུ་དང་བུ་མོར་བཅངས་པའི་བརྩེ་བ་དང་ལྷག་བསམ་ལ་ཆེ་ཆུང་དང་མཐོ་དམའ་གཏན་ནས་བྲལ།ལོ་གཅིག་ལ་སྡུག་སྡུག་ངང་བཙལ་བཙལ་བའི་རྙེད་པ་རང་གིས་བུ་དང་བུ་མོར་ཕངས་སེམས་མེད་པར་སྦྱིན་ཤུལ་དུ་རང་ལ་ལྟོ་རྒྱབ་ཙམ་ཁེབས་པའི་ལོངས་སྤྱོད་ཙམ་ཡང་མེད་པའི་དབུལ་བོ་ཅང་མེད་ཞིག    མཐའ་ན་མཚན་མོར་གཉིད་ཀྱང་མི་ཁུག་པར་བུ་ཕྲུག་གི་ལྟོ་རྒྱབ་ཀྱི་དོན་དུ་ཉིན་མཚན་གཡེར་མེད་དུ་འབད་པའི་གཞན་ཕན་གྱི་སེམས་པའི་ཕྱུག་པའི་བྱང་ཆུབ་སེམས་མ་ཞིག ནངས་སྔ་མོར་སྐད་འཇམ་འཇམ་ངང་ངའི་བུ་ལོས་ཟ་མ་ཟ་རན་ཐོན་འདུག་ཅེས་དང་པོར་འབོད་མཁན་དེ་ཨ་མ་ཡིན་ལ།དགོང་ཉལ་ཁར་སྙིང་ཉེ་ཉེ་ངང་ངའི་བུ་ཆུང་འཁྱག་འགྲོ་ཟེར་བཞིན་སྟེང་དུ་ཉལ་ཐུལ་དང་ལྭ་བ་གང་མཐུག་འགེབས་མཁན་དེ་ཡང་ཨ་མ་ཡིན།སློབ་གྲྭ་ནས་ཕྱིར་ལོག་དུས་ཐོག་མར་གམ་དུ་མྱུར་མོར་འོངས་ནས་ངའི་གཅེས་ཕྲུག་དཀའ་འམ་ཞེས་ཐུགས་ནན་ནན་ངང་འདྲི་མཁན་དེ་ཨ་མ་ཡིན་ལ། ཕར་རྒྱང་རིང་ལ་འགྲོ་དགོས་བྱུང་ཚེ་ངའི་གཅེས་ཕྲུག་བྱ་བ་ལམ་འགྲོ་འོང་བར་ཤོག་ཅེས་ཡིད་སེམས་རྩེ་གཅིག་པའི་སྨོན་ལམ་གཏོང་མཁན་དེ་ཡང་ཨ་མ་ཡིན།

 

རྒྱལ་ཁའི་དུས་ལ་ཨ་མའི་དགའ་བ་གསོན་པོ་བཀཀ་པས་མི་ཁོགས་ཤིང་། ཕམ་ཁའི་ཚེ་ལ་ཨ་མའི་སེམས་ཁུར་ལྕི་མོ་མནན་པས་མི་ནོན་ལ། སྐྱིད་པའི་ཉིན་མོར་ཨ་མའི་འཛུམ་མདངས་ཡག་པོ་སྦས་པས་མི་སྦོས་པར། དུས་དང་རྣམ་པ་ཀུན་ཏུ་རང་གི་བུ་དང་བུ་མོར་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་།སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་དེ་ཨ་མ་ཡིན་ལ།བྱ་བ་གང་ལའང་ལན་དུ་ཅུང་ཙམ་ཡང་མི་བལྟ་ཞིང་རང་གི་བུ་དང་བུ་མོའི་ཆེད་དུ་ཚེ་སྲོག་ཀྱང་ཅི་མི་སྙམ་པར་འབུལ་བ་ལ་སོམ་ཉི་ཟུར་ཙམ་ཡང་བྲལ་བའི་དཔའ་མོ་ངོ་མ་དེ་ཨ་མ་ཡིན་པས། མ་གྱུར་ཞེས་འཇིག་རྟེན་ཆེན་པོ་འདིའི་བཀའ་དྲིན་གྱི་དཔེ་ལ་ཨ་མ་ཁོ་ན་འཇོག་ཅིང་། ཨ་མ་ཁོ་ན་ད་གཟོད་རང་ལ་ཚུལ་འཆོས་དང་། གཡོ་སྒྱུ། ངན་སེམས། ཕྲག་དོག འགྲན་སེམས།བརླག་སེམས་སོགས་ཀྱི་སེམས་བྱུང་ངན་པའི་དྲི་མས་མ་གོས་པར་དོན་གྱིས་ཤ་ཚ་ཚ་དང་ཐུགས་མཉེས་མཉེས་བྱེད་མཁན་གྱི་གང་ཟག་གཅིག་པུ་དེ་ཡིན་པར་ངེས།

 

ད་ནི་ཨ་མ་རྒས་འདུག དབུ་སྐྲ་ལ་དུང་མདོག་གི་ཁ་བས་གཡོགས་འདུག་ཅིང་། ཞལ་རས་ལ་གཉེར་མ་ཡི་བང་རིམ་བརྩེགས་འདུག  སྐུ་གཟུགས་ལ་སྒུར་འཁྱོག་གི་ཐིག་རྟགས་བབས་འདུག་ལ།སྐད་ངག་ལ་ལྡབ་ལྡིབ་ཀྱི་འདར་སྒྲས་བཟུང་འདུགསྔོན་གྱི་བགྲོད་བདེ་བའི་རྐང་བ་དེ་ད་ལྟར་ཨ་མ་ལ་མེད་ཅིང་།བྱད་མཛེས་པའི་ལང་ཚོ་དེ་དེང་སང་ཨ་མ་ལ་ཉམས་འདུག ལུས་སྡུག་པོ་ལ་ཁའི་དར་ལྕོག་བཞིན་དུ་ཟད་འདུག་ལ། སེམས་སྙི་མོ་ཤོག་བུ་སྣུམ་ཟོས་བཞིན་གྱུར་འདུག་པས། ཨ་མ་ལ་དུས་རྒྱུན་གྱི་འདུག་གྲོགས་མཁོ་ལ། ཨ་མ་ལ་ཁ་བརྡ་ཡི་ཚིག་གསུམ་སྨྲ་རོགས་ཀྱང་དེབ་ས་མཁོའོ།།

 

                        ༢༠༡༩ལོའི་ཟླ༤བའི་ཚེས༢༤—༢༥ལ་སྟོད་རུ་དམ་ཆོས་ཟླ་བ་ནས།