དཀོན་ཅོག་གསུམ་གྱི་དབྱངས།

 

ཚིག །བཤེས་གཉེན་ཆེན་པོ་ཐའེ་ཞུས།
དབྱངས། བཤེས་གཉེན་ཆེན་པོ་ཧུང་དབྱི།

 

ལྷ་མིའི་མུན་རིང་། འཇིག་རྟེན་སྨག་རུམ། སུ་ཡིས་སྣང་བར་བྱེད།
ཁམས་གསུམ་མེ་འོབས། སྡུག་བསྔལ་བརྒྱས་གཟིར། སུ་ཡིས་ཞི་བར་འདྲེན།
བརྩེ་ཆེན་མཁྱེན་ཡངས་མཐུ་སྟོབས་ཆེ། ན་མོ་བུདྡྷ་ཡེ།
ཆོས་ཀུན་མངོན་སྣང་། སྐྱེ་དགུའི་མལ་སྟན། ཡོན་ཏན་བརྗོད་ལས་འདས།
ད་གཟོད་ནི། ཁྱོད་ཉིད་ལ། གཏན་གྱི་སྐྱབས་སུ་ཤེས།
ཚེ་ལུས་ཀུན། འབངས་སུ་འབུལ། དད་པས་བཀའ་བཞིན་བརྩོན།

བདེན་གཉིས་གཞི་བཟུང་། བསླབ་གསུམ་མངོན་འཕགས། ཡངས་ཡངས་ཆོས་ཀྱི་སྐུ།
ཡོན་ཏན་དག་རྫོགས། དྲི་ནད་ཡོངས་སྤངས། ཆེ་ཆེ་ཐར་པའི་གྲོང་།
རྐྱེན་རྣམས་སྟོང་ཉིད་སེམས་ཙམ་སྣང་། ན་མོ་དྷརྨ་ཡེ།
མ་ལུས་དོན་གསལ། མ་གྲོལ་སྒྲིབ་མེད། གང་དེ་འོད་སྟོང་འབར།
ད་གཟོད་ནི། ཁྱོད་ཉིད་ལ། གཏན་གྱི་སྐྱབས་སུ་ཤེས།
ཚེ་ལུས་ཀུན། འབངས་སུ་འབུལ། དད་པས་བཀའ་བཞིན་བརྩོན།

རྣམ་དག་ཁྲིམས་བསྲུང་། མཐུན་ཆོས་དྲུག་ལྡན། སྤུངས་རིའི་དཔལ་ལྟར་གནས།
སྒོམ་པའི་འབྲས་ཐོབ། ཆོས་སྤེལ་འགྲོ་ཕན། བསྟན་པའི་སྒྲོན་མེ་མཆེད།
ཐེག་གསུམ་འཕགས་པ་རབ་རྒྱས་རྒྱས། ན་མོ་སངྒ་ཡེ།
ཚོགས་རྣམས་ཡོངས་སྡུད། ཀུན་ལ་ཆགས་མེད། དམ་ཆོས་གྲོང་ཁྱེར་འཛིན།
ད་གཟོད་ནི། ཁྱོད་ཉིད་ལ། གཏན་གྱི་སྐྱབས་སུ་ཤེས།
ཚེ་ལུས་ཀུན། འབངས་སུ་འབུལ། དད་པས་བཀའ་བཞིན་བརྩོན།

སྤྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༡ ཉིན་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་དྷ་རམ་ཤ་ལར་རྫོགས་པར་བསྒྱུརད་ཏོ།།