སྡུག་བསྔལ་ལས་རྣམ་པར་དགྲོལ་བའི་གཟུངས་ཀྱི་མདོ།

 

རྒྱ་སྐད། ཐང་གི་སྡེ་སྣོད་གསུམ་པ་ཞོན་ཙང་།

བོད་སྐད། རྒྱལ་དབང་བཅུ་བདུན་པ།

 

རྒྱ་ནག་སྐད་དུ། པ་ཅི་ཁུའུ་ནན་ཐུའོ་ལུའོ་ཉི་ཅིང༌། བོད་སྐད་དུ། སྡུག་བསྔལ་ལས་རྣམ་པར་དགྲོལ་བའི་གཟུངས་ཀྱི་མདོ། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། ལྷ་དང་མི་དང་ལྷ་མ་ཡིན་སོགས་ཀྱི་འདུས་པ་ཆེན་པོ་ཚད་མེད་པས་ཀྱང་ཡོངས་སུ་བསྐོར་བའོ། །

དེའི་ཚེ་འདུས་པ་དེ་དག་གི་དབུས་ན་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཡོན་ཏན་གྱི་རྒྱན་ཞེས་བྱ་བ་ཞིག་མཆིས་པ་དེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཐལ་མོ་སྦྱར་ཏེ་བཀུར་སྟི་དང་བཅས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེང་འདིར་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཚད་མེད་པ་དག་ཉོན་མོངས་པའི་རྒྱུ་དང་རྐྱེན་གྱི་དབང་གིས་སྡིག་པའི་ལས་སྣ་ཚོགས་པ་མངོན་པར་འདུ་བྱེད་པས། སེམས་ཅན་དམྱལ་བ་དང༌། ཡི་དྭགས་དང༌། བྱོལ་སོང་རྣམས་སུ་ལྟུང་བར་འགྱུར་བའམ། ཡང་ན་ལྷ་དང་མིའི་འགྲོ་བ་དག་ཏུ་སྡུག་བསྔལ་དོས་དྲག་པ་སྣ་ཚོགས་པ་མྱོང་བར་འགྱུར་བ་ལ་ཐུགས་བརྩེ་བས་རྣམ་པར་དགྲོལ་བའི་ཐབས་བསྟན་པར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང༌།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་དེ་ལྟར་གསོལ་བ་བཏབ་པ་ལེགས་སོ། །དོན་དེའི་ཕྱིར་དེང་ཁྱོད་ལ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་དགྲོལ་བའི་ཐབས་བསྡུས་པ་ངས་བཤད་ཀྱིས། ཉོན་ཅིག་ཡང་དག་པར་ཉོན་ཅིག །རིགས་ཀྱི་བུ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་འཚལ་བས་ན། གཟུངས་སྔགས་འདི་གསུངས་ཤིང་འདུས་པ་རྣམས་ལ་བཟླས་བརྗོད་དུ་བགྱིད་པར་གནང་ངོ༌། །སྔགས་སྨྲས་པ།

ཀཾཀནི་ཀཾཀནི། རོཙནི་རོཙནི། ཏྲོཊནི་ཏྲོཊནི། ཏྲཱསནི་ཏྲཱསནི། པྲཏིཧན་པྲཏིཧན། སརྦ་ཀརྨ་པརཾཔརཱཎི་མེ་སྭཱཧཱ།

 

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་གཡོ་དང་སྒྱུ་མ་མཆིས་པར་ཕྱག་བྱས་ཏེ་གཟུངས་འདི་འཆང་བ་དང་འཛིན་པར་བྱས་ན། སྔོན་སྤྱད་པའི་མཚམས་མེད་པའི་ལས་ལྔ་པོ་དག་གམ། རྩ་བ་བཞིའམ། མི་དགེ་བ་བཅུའམ། འཕགས་པའི་ཚོགས་ལ་སྐུར་བ་བཏབ་པའམ། དམ་པའི་ཆོས་ལ་སྐུར་བ་བཏབ་པའི་ཉེས་པ་དང་བཅས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །

འཆི་བའི་དུས་ལ་བབ་པའི་ཚེ་ན། བཅོམ་ལྡན་འདས་མི་འཁྲུགས་པ་དེ་དང་བྱང་ཆུབ་སེམས་དཔའ་རྣམས་གང་གི་མདུན་ན་མངོན་སུམ་དུ་འོངས་ནས། སྙན་པར་བརྗོད་ཅིང་མགུ་བར་བྱས་ཏེ་གང་དེ་རབ་ཏུ་དགའ་བར་བྱེད་དོ། །དེ་ནས་དེང་ཁྱོད་བསུ་བར་བྱེད་ཀྱིས་བདག་གང་དུ་གནས་པའི་སངས་རྒྱས་ཀྱི་ཞིང་དུ་ལྷན་ཅིག་ཏུ་འདོང་བར་རིགས་སོ་ཞེས་གསུངས་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་ངེས་པར་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྐྱེ་བར་འགྱུར་རོ། །

རིགས་ཀྱི་བུ། གཞན་ཡང་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་སྦྱོང་བའི་རྒྱལ་པོ་ཞེས་བྱ་བས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་འཚལ་བས་ན། གཟུངས་སྔགས་འདི་གསུངས་ཤིང་འདུས་པ་རྣམས་ལ་བཟླས་བརྗོད་དུ་བགྱིད་པར་གནང་ངོ༌། །སྔགས་སྨྲས་པ།

ཤོདྷནེ་ཤོདྷནེ་སརྦ་པཱཔཾ་བིཤོདྷནེ་ཤུདྡྷེ་བིཤུདྡྷེ་སརྦ་ཀརྨ་བིཤུདྡྷེ་སྭཱཧཱ།

 

གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་སྦྱོང་བའི་རྒྱལ་པོ་ལ་གཡོ་དང་སྒྱུ་མ་མཆིས་པར་ཕྱག་བྱས་ཏེ་སྔགས་འདི་འཆང་བ་དང་འཛིན་པར་བྱས་ན། བསྐལ་པ་ཁྲི་བཞི་སྟོང་གི་སྔོན་གྱི་ཚེ་རབས་ཀྱང་རྟག་ཏུ་དྲན་པར་འགྱུར་རོ། །གང་དུ་སྐྱེ་བའི་གནས་སུ་སྐྱེས་པའི་ལུས་འཐོབ་པར་འགྱུར་རོ། །དབང་པོ་ཕུན་སུམ་ཚོགས་ཤིང་ལས་འབྲས་ལ་མངོན་པར་ཡིད་ཆེས་པར་འགྱུར་རོ། །

བཟོ་ཡི་རིགས་སྣ་ཚོགས་ལ་མཁས་ཤིང་བསྟན་བཅོས་ཐམས་ཅད་ལེགས་པར་ཤེས་པར་འགྱུར་རོ། །གཏོང་བ་ལ་སྤྲོ་ཞིང་འདོད་པ་ཐམས་ཅད་ལ་ཡིད་འབྱུང་བར་འགྱུར་རོ། །སྡིག་པའི་ལས་མི་བགྱི་ཞིང་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཡང་དག་པའི་འཚོ་བ་དང་ཤེས་རབ་ལྡན་ཞིང་སྐྱེ་དགུ་ཀུན་གྱིས་ཤིན་ཏུ་གཅེས་པར་འགྱུར་རོ། །རྟག་ཏུ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་དམ་པའི་ཆོས་རྒྱུན་མར་ཐོས་པར་འགྱུར་རོ། །

བྱང་ཆུབ་འདོད་པའི་སེམས་ཐང་ཅིག་ཙམ་ཡང་སྤོང་བར་མི་འགྱུར་རོ། །ཡོན་ཏན་ཐམས་ཅད་ཀྱིས་བདག་ཉིད་མཛེས་པར་འགྱུར་རོ། །ཡང་དག་པའི་སྡོམ་པ་དང་ལྡན་ཞིང་སྡིག་པའི་ལས་ཐམས་ཅད་ལ་འཇིགས་པར་འགྱུར་རོ། །གཏན་དུ་ཉོན་མོངས་པ་མེད་ཅིང་མཉེན་ཞིང་རབ་ཏུ་ཞི་བར་འགྱུར་རོ། །ལྷ་དང་མི་དག་གི་ནང་དུ་རྟག་ཏུ་བདེ་བ་མྱོང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །

རྟག་ཏུ་སེམས་ཅན་མ་ལུས་པ་ཕན་བདེ་ལ་འགོད་པར་འདོད་པར་འགྱུར་རོ། །གང་ཉམས་སུ་བླངས་པ་ཐམས་ཅད་བདག་དོན་དུ་གཞོལ་བར་མི་འགྱུར་རོ། །གང་དུ་སྐྱེ་བའི་གནས་སུ་རྟག་ཏུ་སངས་རྒྱས་མཐོང་བ་འཐོབ་པར་འགྱུར་རོ། །དམ་པའི་ཆོས་སྐྱོང་བའི་འཕགས་པའི་ཚོགས་ཀྱི་གྲངས་སུ་བགྲང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་ལྷ་དང་མི་དང་ལྷ་མ་ཡིན་གྱི་ཚོགས་དང་བཅས་པ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །སྡུག་བསྔལ་ལས་རྣམ་པར་དགྲོལ་བའི་གཟུངས་རྫོགས་སོ།། །།

ཆེན་པོ་ཐང་གུར་གྱི་སྡེ་སྣོད་གསུམ་པ་ཞོན་ཙང་ནས་གོང་མའི་བཀའ་ལུང་གིས་རྒྱ་ནག་གི་སྐད་དུ་བསྒྱུར་བ་ལས་སྙིགས་མའི་དུས་སུ་བྱང་ཕྱོགས་གངས་ཅན་གྱི་རྒྱུད་དུ་བྱུང་བ་ཞྭ་མཐོན་མཐིང་ཅན་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཤིང་ཕོ་རྟ་ལོ་སྤྱི་ལོ་ ༢༠༡༤ ལོར་སླར་ཞུས་སོ།། །།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1026