ཀརྨ་སྒར་བྲིས་ཀྱི་ལོ་རྒྱུས་གསལ་བར་བྱེད་པ་ལུང་རིགས་ཉིན་བྱེད་སྣང་བ་ཞེས་བྱ་བ།

(རྩོམ་པ་པོའི་ཆོག་མཆན་འོག་དྲ་བར་བཀོད་པ་ཡིན། )

 

 

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

 

རང་བཞིན་གཤིས་ལ་བཞུགས་པ་བདེན་པའི་ཁམས། །

དྲང་ཞིང་བྱམས་པའི་ལམ་ནས་འདོམས་མཛད་པ། །

ཆོས་ཀྱི་རྒྱལ་པོ་ཐུབ་ཆེན་དེ་བཞིན་གཤེགས། །

སྨྲ་བ་ཡོངས་ཀྱི་དབུས་ན་རྣམ་པར་རྒྱལ། །

སྔོན་བྱོན་ཡིག་ཚང་རིན་བྲལ་ནོར་བུའི་མཛོད། །

ཚུལ་གསུམ་རྟགས་ཀྱིས་བྱི་དོར་བྱས་པའི་དཔྱིད། །

རྣམ་དཔྱོད་རྒྱལ་མཚན་མཐོན་པོའི་རྩེར་བསྒྲེངས་པས། །

གཟུར་གནས་དགྱེས་པའི་དགོས་འདོད་ཆར་དུ་སྙིལ། །

སྒྲུབ་བརྒྱུད་མཁས་མང་བྱེ་བ་རོལ་པའི་མཚོ། །

ལྔ་རིག་ནོར་བུ་ཐང་མར་བརྡལ་བའི་གྲོང་། །

ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གཅིག་ཅེས། །

གང་དེའི་གྲགས་པ་སྲིད་པའི་མཐར་ཡང་ལྡིར། །

ཁ་ཆེའི་སྒྱུ་རྩལ་ཡིད་འཕྲོག་མཛའ་ན་མོར། །

རྒྱ་བལ་བོད་ཀྱི་རིག་པའི་རྒྱན་གྱིས་སྒེག །

ཉམས་འགྱུར་མདངས་དང་རི་མོའི་ངོ་མཚར་འཕྲུལ། །

གཅིག་ཏུ་བསྡུས་དེར་ཀརྨ་སྒར་བྲིས་གྲགས། །

ནམ་མཁའ་བཀྲ་ཤིས་རྒྱལ་མཆོག་འཇིག་རྟེན་མགོན། །

སྤྲུལ་པའི་བཟོ་རྒྱལ་རྗེ་སྟོད་ཆོས་བཀྲ་དང་། །

འཇམ་མགོན་བླ་མ་ཀརྨ་བཀྲ་ཤིས་སོགས། །

བརྒྱུད་པའི་བྱུང་རབས་ལུང་ལས་འབྱུང་ལྟར་འགོད། །

   དེ་ཡང་གངས་ཅན་གྱི་ཡུལ་ཆེན་པོ་འདིར་བཅུ་ཕྲག་རིག་པའི་གནས་སོ་སོའི་དར་ནུབ་ཀྱི་བྱུང་བ་བཤད་པའི་ཚུལ་མང་དུ་འབྱུང་བ་རྣམས་ནི་སོ་སོའི་ལོ་རྒྱུས་དང་བྱུང་རབས་རྣམས་ལས་ཤེས་པར་བྱ་ཞིང་།  འདིར་སྐབས་སུ་བབས་པ་བཟོ་རིག་གི་བྱེ་བྲག་ཀརྨ་སྒར་བྲིས་ཀྱི་བྱུང་བ་ཉུང་ངུའི་ངག་གིས་གསལ་བར་བྱ་བ་ལ། དེ་ཡང་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་སྲོལ་གཏོད། རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། རྗེ་སྟོད་ཆོས་བཀྲ་ཤིས། སི་ཏུ་བསྟན་པའི་ཉིན་བྱེད་དམ་ཆོས་ཀྱི་འབྱུང་གནས། ཀར་ཤོད་ཀརྨ་བཀྲ་ཤིས་སོགས་ཀྱིས་དར་ཞིང་རྒྱས་པར་མཛད་པས་དེ་དག་གི་ཚུལ་རིམ་པ་བཞིན་དུ་བརྗོད་ན།

ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས།

སྒར་བྲིས་འདི་ཉིད་ཀྱི་ཐོག་མའི་སྲོལ་འབྱེད་པ་པོ་ཡར་སྟོད་པ་ནམ་མཁའ་བཀྲ་ཤིས་ནི།   སྤྱི་ལོ་དུས་རབས་16པའི་ནང་ཡར་སྟོད་དུ་སྐུ་འཁྲུངས།  སྐུ་ན་ཆུང་དུས་ནས་རྒྱལ་དབང་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་1507-1554ཞལ་མཇལ་ཞིང་། རྗེ་ཉིད་ཀྱི་སྤྲུལ་པར་ཞལ་གྱིས་བཞེས། སྐུ་གཟུགས་ཀྱི་ཕྲིན་ལས་བྱེད་པོར་ལུང་བསྟན། ཕྱིས་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་1525-1583དང་།  རྒྱལ་ཚབ་གྲགས་པ་དོན་འགྲུབ་རྣམ་གཉིས་ཀྱི་ཞལ་བཀོད་མཐུན་སྦྱོར་ལྟར་སྨན་ལུགས་ཀྱི་མཁས་དབང་ཨེ་པ་དཀོན་མཆོག་ཕན་བདེའི་དྲུང་ནས་ལྷ་རིས་ཀྱི་གཞུང་མན་ངག་ལག་ལེན་དང་བཅས་པ་ལ་སྦྱང་བ་མཐར་ཕྱིན་པ་ཐོན་པར་མཛདཅིང་།  དེ་ཡང་ལྷ་རིས་ལ་དབང་ཐོབ་པའི་རྗེ་ཞྭ་དམར་ལྔ་པ་རིན་པོ་ཆེས་ཞལ་བཀོད་གནང་ནས་ཐང་ཀ་མང་པོ་བྲིས་གནང་བས། འབྲི་སྲོལ་རྙིང་བའི་རྨང་གཞི་ལ་གསར་བཏོད་ཀྱི་མཛེས་པས་ཕྱུག་པའི་འབྲི་སྲོལ་གསར་བ་ཞིག་བྱུང་ཞིང་དར་བར་གྱུར་ཅིང་།   འབྲི་སྲོལ་གསར་བ་དེ་ཉིད་ཀརྨའི་སྒར་ཆེན་དང་འབྲེལ་ནས་རིམ་པར་དར་བས་ཀརྨ་སྒར་བྲིས་སུ་གྲགས། ཁོང་གིས་སྒར་བྲིས་ཀྱི་སྲོལ་བཏོད་རྗེས་རབ་བྱུང་བཅུ་པའི་ཆུ་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ་1582ལོར་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེའི་1556-1603བཀའ་ལྟར་མཚུར་ཕུའི་མཆོད་ཁང་གོང་གི་ཁྱམས་སུ་གནས་བརྟན་བཅུ་དྲུག་གི་ལོག་རིས་འབྲི་བཞེངས་མཛད།   རབ་བྱུང་བཅུ་པའི་ཆུ་མོ་ལུག་གི་ལོ་སྟེ་སྤྱི་ལོ་1583ལོར་རྗེ་དགུ་པའི་བཀའ་ལྟར་ཞྭ་དམར་ལྔ་པའི་སྐུ་གདུང་མཆོད་རྟེན་བཞེངས་པའི་བཀོད་པའི་ཁུར་བཞེས་ལེགས་པར་མཛད། བལ་པོ་བདུན་སོགས་ཀྱིས་བཞེངས། རབ་བྱུང་བཅུ་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་1591ལོར་རྗེ་དགུ་པ་ནས་དགེ་འདུན་འོག་མིན་གླིང་གསར་འདེབས་ཀྱི་བཀོད་ཁྱབ་དོན་དམ་པ་དང་།   ཞར་ལ་ཐུགས་དམ་རྟེན་ཟུང་འཇུག་བརྒྱུད་པའི་མུ་འབྲེལ་ཞལ་ཐང་བཞེངས་རྒྱུའི་བཀའ་བཀོད་གནང་བ་ལྟར་འགན་བཞེས་ཤིང་།   ཞལ་ཐང་དེ་ཉིད་ལོ་ངོ་བརྒྱད་རིང་ཞིབ་འབྲི་གནང་ཞིང་ལེགས་པར་གྲུབ་རྗེས་ས་མོ་ཕག་གི་ལོ་སྟེ་སྤྱི་ལོ་1599ལོར་རྗེ་དགུ་པའི་ཕྱག་ཏུ་ཕུལ། དེ་ལྟར་བོད་ཀྱི་སྔར་ཡོད་ལྷ་བྲིས་ལམ་ལུགས་ལ་སྒྱུ་རྩལ་གྱི་རྣམ་པ་གསར་པས་བརྒྱན་པའི་ཚུལ་ནི་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱིས། ཤེས་བྱ་ཀུན་ཁྱབ་ལས།  རུས་ཚུགས་རྒྱ་གར་ལི་མ་དང་སྨན་ཐང་ལུགས་གཞིར་བཞག་པ་ལ་ཏཱ་མིང་དུས་ཀྱི་སི་ཐང་བཞིན་ཡུལ་ལྗོངས་བཀོད་པ་སོགས་དང་ཚོན་མདངས་མཛད་པ་ལ་སྒར་བྲིས་སུ་གྲགས་པའི་བྲི་རྒྱུན་འདི་བྱུང་། ཞེས་ཡར་སྟོད་པས་གསར་གཏོད་གནང་བའི་ལྷ་རིས་ཀྱི་ཁྱད་ཆོས་གསུངས་པ་ལྟར་དང་། རྒྱལ་མཆོག་བཅུ་གསུམ་པ་བདུད་འདུལ་རྡོ་རྗེས།

དེ་བས་ཚོན་སྲབ་ཡུལ་ལྗོངས་རྒྱ་རིས་ལུགས། །

ནམ་བཀྲས་ཕྱག་བྲིས་སྒར་རིས་ཞེས་སུ་གྲགས། །

ཞེས་གོང་གི་ཁྱད་ཆོས་དེ་དག་གི་སྟེང་དུ་མཚོན་མདངས་སྲབ་པའི་ཁྱད་ཆོས་ཡང་ཡོད་པར་གསུངས།

ཡར་སྟོད་ནམ་མཁའ་བཀྲ་ཤིས་ཀྱི་འཁྲུངས་འདས་ལོ་ཚིགས་གསལ་བོ་མ་མཐོང་ཡང་རགས་པའི་དུས་ཙམ་ནི་རྗེ་བརྒྱད་པ་མི་བསྐྱོད་པའི་སྐུ་ཚེའི་སྨད་ནས་འཁྲུངས་ཤིང་། རབ་བྱུང་བཅུ་པའི་ས་ཕག་1599ལོར་གོང་གསལ་ཟུང་འཇུག་བརྒྱུད་པའི་ཞལ་ཐང་བྲིས་ནས་ལོ་འཁོར་བཞི་ཕྱིན་པ་རབ་བྱུང་བཅུ་པའི་ཆུ་ཡོས་1603ལོར་དགུ་པ་དབང་ཕྱུག་རྡོ་རྗེ་སྐུ་གཤེགས་པའི་སྐབས་སུ་གསེར་གདུང་བཞེངས་པའི་བཟོ་བཀོད་པའི་གྲལ་དུ་མི་བཞུགས་པས་དེ་ཚོད་ཙམ་ལ་སྐུ་གཤེགས་པར་དཔོགས་ནུས་པས་རྗེ་དགུ་པའི་སྐུ་ཚེའི་རིང་ལ་བཞུགས་པ་ཡིན།

འགའ་ཞིག་གིས་ཆོས་བཀྲ་ཤིས་དང་ཀརྨ་བཀྲ་ཤིས་གཉིས་ཀྱང་རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་སྐུ་དུས་སུ་བྱུང་བར་འདོད་པ་ལྟར་ན་བཀྲ་ཤིས་རྣམ་གསུམ་དུས་མཉམ་དགོས་པར་འགྱུར་བས་རང་ཉིད་ཀྱིས་ཁུངས་ཀྱི་གཙོ་བོར་འདོད་པའི་ཤེས་བྱ་ཀུན་ཁྱབ་ཏུ་དེ་གསུམ་རིམ་བཞིན་བྱུང་བར་གསུངས་པའི་ལུང་དང་ཁ་གཏད་དུ་གྱུར་པ་ཡིན་ནོ། །

རྒྱ་ཆེན་ལུང་གི་གཞུང་ལ་མ་གོམས་པར། །

ཉི་ཚེའི་བློ་གྲོས་བོང་བུའི་འདུར་འགྲོས་ཀྱིས། །

རིག་གཞུང་བྱང་ཐང་གཞལ་བའི་སྟོང་བསམ་ལ། །

ནང་འགལ་རྩིད་པའི་རྐང་སྒྲོག་སྐྱེས་སུ་འབུལ། །

ཞེས་བྱ་བ་ཡང་དངོས་པོའི་གཤིས་ལུགས་སྟོན་པའི་ཚིགས་སུ་བཅད་པའོ། །

གོང་གསལ་ལྟར་ཞྭ་དམར་སྐུ་ཕྲེང་ལྔ་པ་པ་དཀོན་མཆོག་ཡན་ལག་1525-1583ནི་ལྷ་རིས་སྒྱུ་རྩལ་ལ་མངའ་བརྙེས་པ་མ་ཟད།  ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་1556-1603ཕྱག་བྲིས་ལྡེབ་བྲིས་ལ་ལྷ་བཟོས་བྲིས་པ་དང་མི་འདྲ་བའི་ངོ་མཚར་ཡོད་པར་རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེས་གསུངས་པས་ཡབ་སྲས་ན་རིམ་འདི་དག་ལ་ལྷ་རིས་སྒྱུ་རྩལ་གྱི་བཀའ་བབས་པ་ལྟར་དུ་གཅིག་ལས་གཅིག་ངོ་མཚར་བ་ཤ་སྟག་བྱོན་པའི་ཕྱག་རྒྱུན་རིམ་པ་བརྒྱུད་པ་ལ་ཀརྨ་སྒར་བྲིས་ཞེས་གྲགས་པ་ཡིན་ནོ། །

ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ།

བཟོ་དང་སྙན་པར་སྨྲ་བའི་སྒྱུ་རྩལ་གྱི་ཆེད་དུ་བསམ་བཞིན་སྐྱེ་བ་བཞེས་པ་རྗེ་ཆོས་དབྱིངས་རྡོ་རྗེ་ནི་རབ་བྱུང་བཅུ་པའི་ཤིང་འབྲུག་1604ལོར་འགོ་ལོག་ཏུ་སྐུ་འཁྲུངས།   ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག །དཔའ་བོ་གཙུག་ལག་རྒྱ་མཚོ་སོགས་ཡོངས་འཛིན་དུ་བསྟེན། མདོ་སྔགས་རྒྱ་མཚོ་ལྟ་བུ་གསན་སྦྱངས་མཛད། རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་1644ལོར་སྒར་ཆེན་སོག་དམག་གིས་བཅོམ། ལོ་དེར་མཁན་པ་ལྗོན་དུ་བཞུགས། དེ་ནས་ཙཱ་རིར་ལོ་གཅིག །སྤུ་བོར་ལོ་གཅིག །བཅས་བཞུགས་ནས་རབ་བྱུང་བཅུ་གཅིག་པའི་མེ་ཕག་1647ལོར་ཐ་མལ་བའི་ཆ་ལུགས་ཀྱིས་མདོ་ཁམས་བརྒྱུད་འཇང་ལ་ཕེབས། འཇང་དུ་འགྲོ་དོན་དང་སྒྲུབ་པ་ཉམས་བཞེས་ཡུན་རིང་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་གླང་1673ལོར་མཚུར་ཕུར་ཕྱག་ཕེབས། དགུང་གྲངས་དོན་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཤིང་སྟག་1674ལོའི་ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཐོ་རེངས་སྐུ་གཤེགས། ལྷ་བྲིས་ཀྱི་སྐོར་ནི་དགུང་གྲངས་བཅུ་གསུམ་ལ་ཕེབས་པ་མེ་འབྲུག་1616ལོར་ལྷོ་པ་ཆུ་ཁྱེར་གྱི་སྤྲུལ་སྐུ་བ་ཚེ་རིང་ལས་སྨན་རྙིང་གི་རི་མོ་སྦྱངས།  སྐུ་ཚེའི་སྟོད་ནས་ཐང་སྐུ་འདྲ་ལེན་དང་གསར་འབྲི་མང་དུ་མཛད། དགུངས་གྲངས་ཉི་ཤུའི་སྟོད་ནས་བཟུང་སི་ཐང་དང་ཁ་ཆེའི་བཟོ་རྒྱུན་བཞིན་མཛད། རབ་བྱུང་བཅུ་གཅིག་པའི་མེ་གླང་1736ལོར་རྩེ་ལྷ་སྒང་དུ་འཕགས་པའི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་ཡུལ་ཉམས་ཁྱད་པར་ཅན་ཡོད་པ་ཕྱག་བྲིས་གནང་བ་ནས་བྲིས་འབུར་གཉིས་དང་སི་ཐང་ཕྱག་དྲུབ་བཅས་པར་སུས་ཀྱང་འགྲན་ཟླ་བྲལ་བར་བཞུགས་པས་བཟོའི་རིག་བྱེད་འཛིན་པ་ལ་བསམ་བཞིན་སྐྱེ་བ་བཞེས་པར་རང་ཉིད་ཀྱིས་ཀྱང་ཞལ་གྱིེས་བཞེས། གནས་བཅུ། གནས་བརྟན་བཅུ་དྲུག་ཚར་གྲངས་དུ་མ་དང་། ཕྱག་ཆེན་བརྒྱུད་པ་སོགས་བྲིས་འབུར་གྱི་སྐུ་མཐའ་ཡས་པ་བཞེངས་པར་མཛད་པ་རྣམ་ཐར་དུ་གསལ།

རྒྱལ་མཆོག་བཅུ་པའི་ཕྱག་བཞེས་ནི་སྒར་བྲིས་སྔ་མའི་སྒྱུ་རྩལ་གྱི་རྨངས་གཞིའི་སྟེང་དུ་རྩ་བའི་བྲིས་རྒྱུན་རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཕྱག་སྲོལ་ལྟ་བུ་ལ་གཞི་བྱས་པར་སི་ཏུ་པཎ་ཆེན་དང་རྒྱལ་མཆོག་བཅུ་གསུམ་བདུད་འདུལ་རྡོ་རྗེ་སོགས་ཀྱིས་བཞེད། །

བོད་འཇང་ཀུན་ཏུ་རང་ཉིད་ཀྱི་ཚོགས་བསགས་དང་གཞན་གྱི་དགེ་རྩ་དང་གནང་སྦྱིན་བཅས་པར་བྲིས་འབུར་གྱི་སྐུ་སྣ་ཚོགས་བཞེངས་པ་ཧ་ཅང་མང་བས་བསམ་བཞིན་བཟོ་རིག་འཛིན་པར་ཕེབས་པར་ཞལ་གྱི་བཞེས་པ་དོན་དང་ལྡན་པར་མཛད་པ་ཡིན་ནོ། །

རྒྱལ་མཆོག་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་འདི་ཉིད་ཀྱི་རྗེས་སུ་བྱུང་བའི་སྒར་བྲིས་པ་ཆེས་ཁྱད་པར་དུ་འཕགས་པ་ནི་རྗེ་ཆོས་ཀྱི་འབྱུང་གནས་ཡིན་ཞིང་། རྗེ་ཆོས་འབྱུང་གིས་ཀྱང་རྒྱལ་མཆོག་བཅུ་པ་འདི་ཉིད་ཀྱི་ཕྱག་རྒྱུན་ལ་དཔེར་མཛད་པ་ཡིན་པ་ནི་རྗེ་ཆོས་ཀྱི་འབྱུང་གནས་རང་ཉིད་ཀྱིས་ཕྱག་བྲིས་གནང་བའི་སྐྱེས་རབས་དཔག་བསམ་ཁྲི་ཤིང་གི་ཞལ་ཡིག་ལས།

ཀླུ་ཡི་སྤྲུལ་པའི་བཟོ་རྒྱུན་ཅན། །

འཕགས་ཡུལ་ནུབ་ཕྱོགས་ཁ་ཆེ་ཡི། །

བཟོ་སྦྱོང་འཇིག་རྟེན་དབང་ཕྱུག་གི། །

རི་མོའི་སྒྱུ་རྩལ་སྤུན་ཟླ་གྲུབ། །

ཅེས་འཕགས་ཡུལ་ནུབ་ཕྱོགས་ཁ་ཆེའི་བཟོ་རྒྱུན་ལས་བྱུང་བ་རྒྱལ་མཆོག་འཇིག་རྟེན་དབང་ཕྱུག་ཆོས་དབྱིངས་རྡོ་རྗེའི་རི་མོའི་སྒྱུ་རྩལ་དང་འདྲ་བར་གྲུབ་ཅེས་པའི་དོན་ཡིན་པས་འདིས་ཀྱང་ཤེས་སོ། །

བཀྲ་ཤིས་རྣམ་གསུམ་གྱི་ཡ་གྱལ་རྗེ་སྟོད་ལྷ་བཟོ་ཆོས་བཀྲ་ཤིས་ནི།

བཀྲ་ཤིས་རྣམ་གསུམ་གྱི་ཡ་གྱལ་རྗེ་སྟོད་ལྷ་བཟོ་ཆོས་བཀྲ་ཤིས་ནི་རུས་ཉག་རེ་དང་རྫ་བརྒྱུད་དུ་རྗེ་སྟོད་ཚང་ཞེས་པའི་ཁྱིམ་དུ་ཡབ་གྲོང་སྔགས་ཀྱི་རྣམ་པ་འཆང་བའི་མཁས་པ་ཞིག་གི་སྲས་སུ་སྤྱི་ལོ་དུས་རབས་བཅུ་བདུན་པའི་ནང་དུ་སྐུ་འཁྲུངས་པ་ཡིན་ཏེ།   དེ་ཡང་འབེ་ལོའི་རང་རྣམ་དུ་ཉག་རེ་ལྷ་ཆེན་པ་ཆོས་བཀྲ་ཤིས་ཞེས་གསལ་བས་རུས་ཉག་རེ་ཡིན་པ་ཤེས་ཐུབ་པ་དང་། ཡང་འབེ་ལོའི་རང་རྣམ་ལས། ཆུང་ངུ་ནས་ཞང་པོ་ཡབ་སྲས་ཀྱི་སྤྱན་ལྟོས་ཆགས་པའི་གྲོང་སྔགས་པའི་བག་ཆགས་གོང་འཕེལ་དུ་གྱུར། ཞེས་གསུངས་པ་ལ་ལྟས་ན་རྗེ་སྟོད་ལྷ་བཟོ་སྐུ་མཆེད་ཀྱང་གྲོང་སྔགས་ཀྱི་རྣམ་པ་འཆང་བའི་མཁས་པ་ཡིན་པ་གསལ་བས་སོ། །

ཡང་ལ་ལར་རྒྱས་སྟོད་པ་ཞེས་འབྱུང་བ་ཡང་རྗེ་སྟོད་དང་དོན་མཐུན་པ་ཡིན་ཞིམ་རྗེ་སྟོད་ནི་ཁྱིམ་ཚང་གི་མིང་ཡིན་པ་འབེ་ལོའི་རྣམ་ཐར་ལ་གསལ།

འཁྲུངས་ཡུལ་ནི་ཁམས་སྤྲུལ་རྣམ་ཐར་དང་དེའུ་དམར་དགེ་བཤེས་རྣམ་ཐར་རྣམས་སུ་རྫ་སྟོད་ཆོས་བཀྲ་ཤིས་ཞེས་གསུངས་ཤིང། དེ་ཡང་དེང་དུས་རྫ་ཆུ་འབྱུང་ཡུལ་གྱི་རྫོང་ལ་རྫ་སྟོད་ཅེས་འབོད་པ་འདི་མ་ཡིན་པར་རྫ་ཆུའི་འབབ་བརྒྱུད་སྤྱིའི་སྟོད་བརྒྱུད་ཡིན་པས་རྫ་སྟོད་པ་གསུང་པ་སྟེ་ གདན་ས་ཆེན་པོ་ཀརྨ་དང་ཐག་མི་རིང་བ་འབེ་ལོ་ཙཱ་བའི་འཁྲུངས་ཡུལ་གྱི་ཐད་ཀྱི་རྫ་ཆུའི་ཕ་རི་༼ད་ལྟ་བོད་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཀརྨ་ཤོག་ཁ་ཚ་ལ་གྲོང་རྗེ་སྟོད་གྲོང་དུ་ཡིན་ཞིང་། ཡུལ་མིང་ཅུང་ཟད་ཟུར་ཆག་ནས་རྗེ་གཏུགས་ཞེས་འབོད་བཞིན་ཡོད།༽རྗེ་སྟོད་གྲོང་དུ་འཁྲུངས། འདི་དང་རྗེ་སྟོད་ལྷ་བཟོ་ཚེ་དབང་གྲགས་པ་གཉིས་སྐུ་མཆེད་ཡིན་པ་འབེ་ལོའི་རང་རྣམ་དུ་གསལ། ལྷ་ཆེན་ཆོས་བཀྲ་ཤིས་འདི་ཉིད་ཀྱིས་ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་1680–1728དང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་༼དེའུ་དམར་དགེ་བཤེས་འཁྲུངས་ལོ་རབ་བྱུང་བཅུ་གཅིག་པའི་ཆུ་བྱི་དང་ཆུ་གླང་དུ་བྱས་པ་གཉིས་འདུག་ཀྱང་ཁམས་སྤྲུལ་རང་རྣམ་དང་བསྡུར་ན་དེ་ལས་སྔ་ཙམ་ནས་ཡིན་དགོས་པར་སྣང་།དཔྱད། ༽སོགས་བླ་མར་བསྟེན་ནས་རིག་པའི་གནས་ལ་མཁས་པར་གྱུར། ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་རང་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན་པར་ཞལ་གྱིས་བཞེས། ཁམས་སྤྲུལ་ཡུན་རིང་བསྟེན་པ་འོག་ནས་གསལ་ཞིང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་རྣམ་ཐར་ནང་དུའང་རྫ་སྟོད་ལྷ་ཆེན་ཆོས་བཀྲ་ཤིས་ལ་མདོ་སྔགས་རིག་གནས་མང་དུ་བསྩལ་བར་གསུངས་སོ། །

ཁུངས་མེད་ཚིག་སྣ་སྒྲིག་པའི་འོལ་ཚོད་དང་། །

དོན་དངོས་འཁྱོག་པོར་སྨྲ་བའི་ཧམ་ཆེན་ལ། །

ལོ་རྒྱུས་སྨྲ་བའི་གྲལ་ས་མི་དབང་བས། །

རེ་ཞིག་རང་གི་ཁྱུ་ན་ངལ་གསོས་ཤིག །

དེ་ཡང་ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་དགུང་གྲངས་ཞེ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་1660ལོར་ཉག་གཤིས་ཕུན་ཚོགས་བདེ་ལྡན་གླིང་དུ་ཡང་ཟབ་ཀྱི་སྒྲུབ་ཆེན་འཚོགས་པའི་གྲྭ་སྒྲིག་དང་བཤམ་བཀོད་གནང་བའི་སྐབས་སུ་དེ་དག་གི་བྱེད་པ་པོ་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་དང་ལྷ་ཆེན་ཆོས་བཀྲ་ཤིས་གཉིས་ཀྱིས་གནང་བ་ཁམས་སྤྲུལ་རང་རྣམ་དུ་གསལ་ཏེ། དེ་ལས། ཡོ་བྱད་དེ་དག་སྒྲུབ་བྱེད་བཟོ་རིག་པའང་རྗེ་ཉིད་ཀྱི་ཞལ་བཀོད་དང་མཐུན་པར་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་ཞབས་རིམ་མཛད་ནས། སྤྲུལ་པའི་ལྷ་བཟོ་མཁས་མཆོག་རྫ་སྟོད་པ་ཆོས་བཀྲ་ཤིས་སོགས་ལས་རིགས་འཛིན་པ་དུ་མ། ཞེས་གསལ་བས་སྐབས་འདིར་ལྷ་ཆེན་ཆོས་བཀྲ་ཤིས་མཁས་པ་ཆེན་པོར་བཞུགས་པ་གསལ་ཞིང་། ཚོད་དཔག་བྱས་ན་དགུང་གྲངས་ཡང་མི་ཆུང་བ་ཤེས་ཐུབ། གཞན་ཡང་ཀ་ཐོག་སི་ཏུའི་དབུས་གཙང་ལམ་༼1918ནས་1920བར་དུ་གནས་མཇལ་དུ་ཕེབས་པའི་ལམ་ཡིག།༽ཡིག་ཏུ་ཁམས་པ་དགོན་དུ་ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་ཞལ་བཀོད་གནང་ཞིང་ལྷ་ཆེན་ཆོས་བཀྲ་ཤིས་ཀྱིས་ཕྱག་བྲིས་གནང་བའི་བཀའ་བརྒྱུད་གསེར་ཕྲེང་གིས་གཙོས་པའི་ཐང་ཀ་ཧ་ཅང་མང་པོ་བཞུགས་པ་ཐོ་བཀོད་གནང་ཡོད་དེ། ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་གི་ཁམས་པ་སྒར་མཇལ་བའི་ཟིན་ཐོ་སྐོར་ལས། གསེར་གདུང་ཁང་དུ་རྗེ་ཀུན་དགའ་བསྟན་འཛིན་ཞལ་བཀོད་ཀྱི་རྒྱས་སྟོད་ལྷ་བཟོ་ཆོས་བཀྲས་བྲིས་པའི་བཀའ་བརྒྱུད་གསེར་ཕྲེང་ཁྱད་འཕགས་ཞལ་ཐང་༤༨གནས་བཅུའི་ཞལ་ཐང་གྲྭ་ཚར་༢༥།  ཞེས་སོགས་དང་། ཆོས་བཀྲས་བྲིས་པའི་ཀུན་དགའ་བསྟན་འཛིན་སྐྱེས་རབས་ཞལ་ཐང་༢༠།  ཞེས་བཀོད་འདུག་པས་རྗེ་སྟོད་ལྷ་ཆེན་ཆོས་བཀྲ་ཤིས་ཀྱིས་ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་ཡུན་རིང་བསྟེན་པ་ཧ་ཅང་གསལ་བས། ཁམས་སྤྲུལ་སློབ་ཆེན་དུ་བགྲངས་པ་ཡང་དོན་ལ་གནས་སོ། །

འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་1718ལ་ལྷ་ཆེན་ཆོས་བཀྲ་ཤིས་དང་ལྷ་ཆེན་ཚེ་དབང་གྲགས་པ་སྐུ་མཆེད་གཉིས་ཀྱི་སྲིང་མོ་ལ་འཁྲུངས་ཤིང་། འབེ་ལོ་ཙཱ་བས་རྗེ་སྟོད་ལྷ་ཆེན་ཚེ་དབང་གྲགས་པའི་མདུན་ནས་སློབ་གཉེར་གནང་བ་ལས་ལྷ་ཆེན་ཆོས་བཀྲ་ཤིས་མཇལ་བའི་ལོ་རྒྱུས་མི་འདུག་པས་འབེ་ལོ་ཙཱ་བ་སྐུ་ན་ཆུང་ངུའི་དུས་ནས་ལྷ་ཆེན་ཆོས་བཀྲ་ཤིས་བཞུགས་མེད་པ་རྟོགས་ཐུབ། དེ་བཞིན་དུ་རྗེ་སྟོད་པ་ཚེ་དབང་གྲགས་པས་སི་ཏུ་པཎ་ཆེན་བླ་མར་བསྟེན་པ་དང་དཔལ་སྤུངས་ན་སི་ཏུ་པཎ་ཆེན་གྱི་ཞལ་བཀོད་ལྟར་རྒྱུད་སྡེའི་ཐང་ཀ་བཞེངས་པ་སོགས་གསལ་ཞིང་། རྗེ་སྟོད་པ་ཆོས་བཀྲ་ཤིས་ཀྱིས་སི་ཏུ་པཎ་ཆེན་བླ་མར་བསྟེན་པ་དང་ཐང་ཀ་བྲིས་པའི་ལོ་རྒྱུས་མེད། དེ་བས་ན་སྒར་བྲིས་མཁས་ཆེན་རྗེ་སྟོད་ལྷ་ཆེན་ཆོས་བཀྲ་ཤིས་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དུ་བྱུང་ཞིང་། དུས་རབས་བཅོ་བརྒྱད་པའི་མགོ་སྟོད་ནས་འདས་ཟིན་པ་ཡིན་ནོ། །

ཚད་ལྡན་ལུང་ལ་རིགས་པས་ལེགས་དཔྱད་དེ། །

དུས་ཚིགས་སྒྲོམ་ལས་དྲངས་པ་བྱུང་བའི་རབས། །

ཚུལ་བཞིན་འཆད་པ་འདི་ནི་ལོ་རྒྱུས་ཏེ། །

གངས་ཅན་མཁས་མང་མགུ་བའི་ལེགས་བཤད་ཡིན། །

ཞེས་བྱ་བ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་སམ་སི་ཏུ་བསྟན་པའི་ཉིན་བྱེད།

གངས་ཅན་གྱི་ལྗོངས་ཆེན་པོར་ཡོངས་སུ་གྲགས་པའི་པཎ་ཆེན་རིག་པའི་གནས་མཐའ་དག་གཟིགས་པའི་ཆོས་ཀྱི་སྤྱན་དང་ལྡན་པ་འདི་ཉིད་ནི་ས་ཡོས་1699ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བདུན་ལ་ཨ་ལོ་དེང་རིང་སྒང་དུ་སྐུ་འཁྲུངས།  ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་དང་རྒྱལ་དབང་བྱང་ཆུབ་རྡོ་རྗེ་རིག་འཛིན་ཚེ་དབང་ནོར་བུ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཅིང་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་མ་ལུས་པ་ལ་མཁས་པར་མཛད། སྤྱིར་རྗེ་ཆོས་ཀྱི་འབྱུང་གནས་འདི་ཉིད་ལ་སི་ཏུ་པཎ་ཆེན་ཞེས་ཡོངས་སུ་གྲགས་པ་དོན་དང་ལྡན་པའི་མཁས་པ་ཆེན་པོར་བཞུགས་ཤིང་། བོད་གངས་ཅན་གྱི་བཟོ་གསོ་བརྡ་སྤྲོད་སྒྲ་སོགས་ལ་མཛད་རྗེས་ཧ་ཅང་ཆེ་བ་དེང་དུས་ཀྱང་ཡོངས་སུ་གྲགས་པ་ལྟར་ལ། ཁྱད་པར་དུ་ཀརྨའི་སྒར་ཆེན་སོག་དམག་གིས་གཏོར་བ་ནས་བཟུང་ཀར་བསྟན་ཉམས་ཆག་ཆེན་པོ་བྱུང་ཞིང་། རྒྱལ་མཆོག་བཅུ་པ་བོད་དུ་ཕེབས་པ་དང་ཆེར་མ་འགོར་བར་འདས། དེ་རྗེས་ཀརྨ་པ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་1702ཆུ་རྟ་ལོར་དགུང་གྲངས་ཉེར་བདུན་ལ་ཕེབས་པ་གཤེགས། དེ་དུས་སི་ཏུ་པཎ་ཆེན་དགུང་གྲངས་བཞི་ལ་ཕེབས། དེ་ནས་ཀརྨ་པ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དགུང་ལོ་སུམ་བཅུ་པ་ཆུ་ཕོ་བྱི་བ་1732ལོ་ཟླ་བ་བཅུ་པར་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་འགྲུབ་དང་ལྷན་དུ་རྒྱ་ཡུལ་དུ་མྱ་ངན་ལས་འདས་པ་བཅས་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་བསྟན་པ་ཤིན་ཏུ་ཉག་ཕྲ་བར་གནས་པ་ལ་ཕྱོགས་ཀུན་ཏུ་དགོན་སྡེ་གསར་འདེབས་དང་སླར་གསོ། ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེས་གཙོས་མཁས་ཤིང་གྲུབ་པའི་སློབ་ཚོགས་སྐྱོང་བ་བཅས་འགྲོ་དོན་མཐའ་ཀླས་པ་སོགས་བསྟན་པ་ལ་བཀའ་དྲིན་ཆེ་བར་མཛད་པའི་ཚུལ་ནི་རྣམ་ཐར་རྣམས་ལས་རྒྱས་པར་འབྱུང་བ་ལྟར་ལ།

སྐབས་སུ་བབས་པ་ལྷ་བྲིས་ཀྱི་སྐོར་ནི་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་1714ལོར་རྒྱལ་དབང་བྱང་ཆུབ་རྡོ་རྗེའི་བཀའ་ལྟར་ཞྭ་དམར་བརྒྱད་པ་དང་། མགོན་པོ་བེར་སོགས་ཀྱི་ཞལ་ཐང་གསུམ་མཚོན་མདངས་བཅས་ཕྱག་བྲིས་མཛད་ཅིང་། འདིའི་སྐབས་སུ་རི་མོའི་ལུགས་གང་ཡིན་མེད་པ་ཞིག་ཡོད་པར་གསུང་། སྐབས་འདིར་སི་ཏུ་པཎ་ཆེན་དགུང་གྲངས་བཅུ་དྲུག་ཏུ་ཕེབས་པས་སྐུ་ཆུང་ངུའི་དུས་ནས་ལྷ་བྲིས་སྒྱུ་རྩལ་ལ་མཁས་པ་རྟོགས་ཐུབ། དེའི་རྗེས་སུ་རིམ་བཞིན་ལྷ་བྲིས་སྒྱུ་རྩལ་གྱི་ཐད་ནས་ངོ་མཚར་ཅན་གྱི་སློབ་དཔོན་ཆེན་མོར་བཞེངས་པ་སྟེ།  སི་ཏུའི་རང་རྣམ་ལས།

ཆུ་གླང་སྤྱི་ལོ་1733ལོའི་བྱུང་བ་འཆད་པའི་སྐབས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བཀོད་པ།  རྒྱ་ཡི་སི་ཐང་ལྟར་གྱི་རི་མོ་ཚོན་མདངས་བཅད་རྣམས་རྒྱའི་ལུགས་དང་ཁང་བཟང་དང་ཆ་ལུགས་སོགས་རྒྱ་བལ་གྱི་ཡུལ་ཉམས་ཅན་རང་བློས་གསར་དུ་སྤྲོས་པ་སྐྱ་བྲིས་རྣམས་རང་ཉིད་ཀྱི་སུག་ལས་བགྱིས་པའི་ཞལ་ཐང་སུམ་ཅུའི་སྐོར་བཞེངས་པའི་ལས་གྲྭ་ཚུགས། ཞེས་སྤྱིར་གྱི་སྒར་བྲིས་དང་ལྷག་པར་རྗེ་ཆོས་ཀྱི་འབྱུང་གནས་ཀྱི་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་ཅན་གྱི་བརྩམ་ཆོས་དེ་དབུ་འཛུགས་གནང་བ་དང་།

ཡང་། ཤིང་སྟག་1734ལོའི་བྱུང་བ་འཆད་པའི་སྐབས། དཔག་བསམ་འཁྲི་ཤིང་གི་སྐྱ་རིས་འཕྲོ་རྣམས་བསྐྱངས། སྐྱ་རིས་ཟིན་པ་རྣམས་ལ་ཚོན་བཏང་བ་ནས་བཟུང་། མདངས་ཤ་བཅད། གསེར་བྲིས་བཅས་ཀར་ཤོད་ཀྱི་སྤྲུལ་སྐུ་བ་རྣམས་ལ་རིམ་པར་ལེགས་པར་བསླབས་ཀྱིན་བྲི་བཅུག །ཅེས་གསལ་བས་སྐྱེས་རབས་ཞལ་ཐང་དེ་ཡང་གཞན་ལ་ལྷ་བྲིས་བསླབ་པའི་ཞར་ལ་ཕྱག་རོགས་བྱེད་དུ་བཅུག་པའི་སྒོ་ནས་བཞེངས་པར་མཛད་པ་དང། ཡང་དེ་ལས། ངེད་ནས་འདུ་ཁང་སོགས་རྟེན་བཞེངས་འདི་རྣམས་བྱས་པ་ནས་བཟུང་སྟེ་མདོ་ཁམས་ཕྱོགས་འདིའི་བཟོ་རིགས་བྲིས་འབུར་གྱི་སྐོར་ཡང་གསལ་བར་གྱུར། ཞེས་གསུངས་པ་ལྟར་རྗེ་འདི་ཉིད་ཀྱིས་སྐྱེས་རབས་ཀྱིས་མཚོན་པའི་ལྷ་རིས་དང་ལྡེབ་བྲིས་མང་དུ་བཞེངས་པ་དང་སྟབས་བསྟུན་གྱི་སློབ་མ་ལྷ་རིས་སྒྱུ་རྩལ་པ་མང་དུ་གསོ་སྐྱོང་གནང་བས་ཁམས་ཕྱོགས་སུ་སླར་ཡང་སྒྱུ་རྩལ་པའི་ཆུ་འགོ་གསར་པ་ཞིག་ཏུ་གྱུར།

ཡང་། མེ་འབྲུག་1736ལོའི་བྱུང་བ་འཆད་པའི་སྐབས། དཔག་བསམ་འཁྲི་ཤིང་གི་ཐང་སྐུའི་ཞལ་ཡིག་གྲུབ། ཅེས་དང་། མེ་སྦྲུལ་1737ལོའི་བྱུང་བ་འཆད་པའི་སྐབས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་ལ་རབ་གནས་ཀྱི་ཆོ་ག་དང་། ཕྱི་ཉིན་སྟ་གོན། དེའི་ཕྱི་ཉིན་དངོས་གཞི་བཀྲ་ཤིས་བཅས་གྲུབ།  ཅེས་གསལ་བ་ལྟར་སྒྱུ་རྩལ་གྱི་ངོ་མཚར་བླ་ན་མེད་པར་གྲགས་པའི་སྒར་ལུགས་སྐྱེས་རབས་དཔག་བསམ་ཁྲི་ཤིང་གི་ཐང་ཀ་གསར་བཞེངས་གནང་བ་དང་། དེ་དང་སྟབས་གཅིག་ཏུ་ལྷ་བྲིས་པ་མང་པོ་ལ་ཕྱག་རོགས་བྱེད་དུ་བཅུག་པ་ལྷ་རིས་བསླབ་པ་མཉམ་དུ་མཛད་དེ་སློབ་ཚོགས་གསོ་སྐྱོང་གནང་ཞིང་། དེ་ལྟ་བུའི་སྐྱེས་རབས་ཞལ་ཐང་དེ་ཉིད་ཇི་ལྟར་བྲིས་པའི་ཚུལ་ཡང་། ཉིད་ཀྱི་ཞལ་ནས།

ཚོན་དང་རི་མོའི་ཉམས་རྣམ་འགྱུར། །

རྒྱ་ནག་མཁས་པའི་ལུགས་བཟང་གི། །

ཡུལ་དང་ཁང་བཟང་ཆ་ལུགས་སོགས། །

འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །

སངས་རྒྱས་དེ་སྲས་བཅས་སོགས་གཟུགས། །

དུས་འཁོར་སྡོམ་པ་འབྱུང་རྒྱུད་སོགས། །

དཔལ་གྱི་མགུལ་ནས་གསུང་ཇི་བཞིན། །

ཆ་ཚད་རྣམས་ལ་ཡིད་དགར་བགྱིས། །

སྨན་ཐང་གསར་རྙིང་མཁྱེན་ལུགས་པ། །

བྱང་བ་བྱེའུ་སྒར་བྲིས་པའི། །

རྣམ་དཔྱོད་དེ་ཀུན་འདིར་ལྡན་མོད། །

ཉམས་འགྱུར་འབུམ་གྱི་ཁྱད་པར་བྱས། །

ཀླུ་ཡི་སྤྲུལ་པའི་བཟོ་རྒྱུན་ཅན། །

འཕགས་ཡུལ་ནུབ་ཕྱོགས་ཁ་ཆེ་ཡི། །

བཟོ་སྦྱོང་འཇིག་རྟེན་དབང་ཕྱུག་གི། །

རི་མོའི་སྒྱུ་རྩལ་སྤུན་ཟླ་གྲུབ། །

ཞེས་སྔར་ཡོད་སྨན་ཐང་གསར་རྙིང་དང་སྒར་བྲིས་སོགས་ཀྱི་སྒྱུ་རྩལ་གྱི་བཅུད་ཀུན་ཕྱུང་། རང་ཉིད་ཀྱི་རྣམ་དཔྱོད་དང་སྒྱུ་རྩལ་གྱི་ཁྱད་ཆོས་བཏོན་ནས་སྔར་མེད་ཀྱི་རི་མོའི་སྒྱུ་རྩལ་ཁྱད་པར་དུ་འཕགས་པའི་མཚོན་བྱེད་རང་བཞིན་གྱི་བརྩམ་ཆོས་དེ་མཛད་པས་དེང་གི་དུས་སུ་འདི་ལ་སྒར་བྲིས་གསར་མའི་ཐ་སྙད་སྦྱར་བའོ། །དེ་ལྟ་བུའི་རི་མོའི་སྲོལ་དེ་ཉིད་ཀྱི་རྒྱུན་འཛིན་པར་མཛད་པའི་སློབ་མའི་གཙོ་བོ་ནི་ཀར་ཤོད་པ་ཀརྨ་བཀྲ་ཤིས་ཏེ། རྒྱལ་དབང་ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེས1733-1797།

ཀུན་མཁྱེན་མཆོག་གི་ཕྱག་བྲིས་རྒྱུན་བཟང་པོ། །

མདོ་སྨད་ཕྱོགས་ནས་ཕྱིས་དུས་ཀར་བཀྲས་སོགས། །

ཕུན་སུམ་ཚོགས་པའི་རི་མོའི་དཔལ་འཛིན་ཅིང་། །

མི་རེའི་ལག་རྒྱུན་བཟང་ངན་དུ་མ་སྟེ། །

ཞེས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བྲིས་ཀྱི་ངོ་མཚར་བའི་སྒྱུ་རྩལ་གྱི་རྒྱུན་བཟང་པོ་དེ་ཉིད་མདོ་སྨད་༼མདོ་སྨད་ཅེས་པ་མདོ་ཁམས་སྟོད་སྨད་དུ་ཕྱེས་པའི་སྨད་མ་ཡིན་པར་མདོ་ཁམས་གཉིས་ཀ་ལ་མདོ་སྨད་ཅེས་བརྗོད་སྲོལ་འབྱུང་བ་ལྟར་འདིར་ཡང་དེ་ལྟར་གོ་དགོས།༽ཕྱོགས་ནས་ཕྱིས་ཀར་བཀྲས་སྟེ་ཀརྨ་བཀྲ་ཤིས་ཀྱི་བསྡུས་མིང་ཡིན་པས་སོགས་ཁུངས་སུ་དེའི་སློབ་བརྒྱུད་བཅས་པས་ཕུན་སུམ་ཚོགས་པའི་རི་མོའི་དཔལ་འཛིན་ཅིང་། ཞེས་གསུངས་པ་ལྟར་རོ། །

དེ་ལྟར་ཆོས་རིག་གི་འགྲོ་དོན་ནམ་མཁའ་དང་མཉམ་པར་མཛད་དེ་དགུང་གྲངས་དོན་དྲུག་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་1774ཟླ་བ་གཉིས་པའི་ཉེར་བཞི་ལ་གཤེགས།

ཞར་དུ་དོགས་པའི་གནས་གཞན་ཡང་དཔྱད་པར་བྱ་སྟེ། དེང་དུས་འགའ་ཞིག་གིས་གོང་གསལ་གྱི་སྐྱེས་རབས་ཐང་སྐུ་དེ་ཉིད་ཀར་ཤོད་པ་ཀརྨ་བཀྲ་ཤིས་ཀྱིས་བྲིས་པར་བཞེད་ནི་མི་འཐད་དེ། སྐྱེས་རབ་དཔག་བསམ་ཁྲི་ཤིང་གི་ཐང་ཀ་ལ་རབ་གནས་དང་བཅས་པ་གྲུབ་ནས་ལོ་གཉིས་ལོན་པའི་དུས་སུ་ཀརྨ་བཀྲ་ཤིས་འཁྲུངས་པ་ལྕུག་ཕྲན་དང་སི་ཏུ་རང་རྣམ་གཉིས་གོང་བསྡུར་བ་ལས་གསལ་བའི་ཕྱིར་རོ། །སྐྱེས་རབས་འདབས་ཐང་གི་ངོས་སུ་ཐང་སྐུ་འབྲི་མཁན་ཞིག་འཁོད་པ་ཀརྨ་བཀྲ་ཤིས་ཡིན་པའི་བཤད་སྲོལ་ཡོད་འདུག་ཅིང་། རང་གིས་ཀྱང་སྔར་དགག་ཡིག་གི་ནང་དུ་ཡིན་ཤག་གིས་བཀོད་པ་ཡིན་ཀྱང་། རང་གཞན་སུ་ཞིག་ནོར་བ་ཡིན་ཀྱང་དེ་ཉིད་དོན་དང་མི་མཐུན་པ་མཐོང་ཚེ་ཚུལ་བཞིན་བཅོས་ནས་ལེགས་པར་འཆད་པ་གལ་ཆེ་བས་འདིར་སླར་ཡང་དཔྱད་པར་བྱས་ཏེ་སྐྱེས་རབས་འདབས་ཐང་དུ་འཁོད་པའི་ལྷ་བྲིས་པ་ནི་ཀར་ཤོད་ཀརྨ་བཀྲ་ཤིས་མིན་པའི་ལུགས་སུ་བྱས་ན་འཐད་སྙམ། དེ་ཡང་ཡིན་ཏེ། ཅི་སྟེ་གོང་གསལ་སི་ཏུ་པཎ་ཆེན་རང་ཉིད་ཀྱིས་ཕྱག་བྲིས་མཛད་པའི་སྐྱེས་རབས་དེའི་འདབས་ཐང་ཡིན་ན་ནི་འབྲི་བ་པོ་དེ་ཀརྨ་བཀྲ་ཤིས་མ་ཡིན་པར་ངེས། སྤྱིར་སི་ཏུའི་རང་རྣམ་ནང་མེ་གླང་1757ལོའི་བྱུང་བ་འཆད་སྐབས། བླ་མ་ཤཱཀྱའི་ཡི་གེ་ཤེལ་བུམ་དང་དཔག་བསམ་ཁྲི་ཤིང་གི་ཐང་སྐུ་ཉེར་གསུམ་ཕུལ། ཞེས་འབྱུང་བས་སྐྱེས་རབས་ཀྱི་ཐང་སྐུ་མང་པོ་བཞེངས་པ་དང་། དེ་དག་ལ་རྒྱས་བསྡུས་དང་ཁ་བསྐོངས་བྱས་པ་སོགས་ཀྱང་ཡོད་པ་འདྲ་བས་དཔྱད་པའི་གཞི་བྱ་བ་ལས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བར་སྣང་། འགའ་ཞིག་གིས་ནི་ལྕུག་ཕྲན་གྱི་འདབས་ཐང་གི་འགྲེལ་བའི་ནང་དུ། གཡོན་རྫོགས་པར། ཞལ་ཐང་འགོད་པའི་བཟོ་སྐྱོང་ཆོས་ཀྱི་འབྱུང་གནས་སྦྱིན་བདག་བཅས་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་སྦྱར་བའི་བྱེད་པོ་ཡོངས་སུ་གསལ་བའི་དཔལ་ཉིད་དོ། །ཞེས་གསུང་པ་འདི་ལ་བརྟེན་ནས་སྒྲུབ་པར་བྱེད་པ་འདུག་ཀྱང་། ཞལ་ཐང་འགོད་པའི་བཟོ་སྐྱོང་ཆོས་ཀྱི་འབྱུང་གནས། །ཞེས་པས་ནི་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཉིད་ཞལ་ཐང་འགོད་པའི་བཟོ་སྐྱོང་ཡིན་པ་དངོས་སུ་བསྟན་པ་དང་། སྦྱིན་བདག་བཅས་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་སྦྱར་བའི་བྱེད་པོ་ཡོངས་སུ་གསལ་བའི་དཔལ་ཉིད་དོ། །ཞེས་པས་ནི་ཞལ་ཐང་འགོད་པའི་ཡོན་བདག་དང་རྒྱུ་རྐྱེན་སྦྱར་བའི་བྱེད་པ་པོ་རྣམས་ཡིན་ཞེས་པའི་དོན་ཡིན་པས། ལུང་འདིས་འོག་གི་ཐང་ཀ་འབྲི་བ་པོ་ཀརྨ་བཀྲ་ཤིས་ཡིན་པ་སྒྲུབ་མི་ནུས་སྙམ་མོ། །

གངས་ཅན་རིག་གཞུང་གཡས་འཁྱིལ་འོ་མའི་མཚོ། །

རྣམ་དཔྱོད་བསྐལ་པའི་རླུང་གིས་བསྐྱོད་པའི་རླབས། །

ཆ་ཙམ་རེག་པས་མཁྱོག་སྨྲ་ཤོག་བུའི་གྲུ། །

དུམ་བུར་རལ་འདི་རང་བྱུང་གཤིས་སུ་གྲུབ། །

ཞེས་བྱ་ཡང་ཀློག་པ་པོ་དག་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ཉམས་མཚར་དུ་སྨྲས་སོ། །

བཀྲ་ཤིས་རྣམ་གསུམ་གྱི་ཡ་གྱལ་ཀར་ཤོད་པ་ཀརྨ་བཀྲ་ཤིས་ནི།

ཀུན་མཁྱེན་བླ་མ་ཆོས་ཀྱི་འབྱུང་གནས་སམ་སི་ཏུ་པཎ་ཆེན་གྱི་ལྷ་བྲིས་སྒྱུ་རྩལ་གྱིི་བརྒྱུད་འཛིན་པ་ཀརྨ་བཀྲ་ཤིས་ནི་སི་ཏུ་པཎ་ཆེན་གྱི་རང་རྣམ་དུ་ཡང་དང་ཡང་དུ་ཀརྨ་བཀྲ་ཤིས་ཞེས་འབྱུང་བ་དང་། དཔག་བསམ་ལྕུག་ཕྲན་དུ་ཡང་ཀརྨ་སྭོ་སྟི་ཞེས་འབྱུང་བས་སྭོ་སྟི་ནི་ལེགས་སྦྱར་གྱི་སྐད་དེ་བོད་སྐད་དུ་བཀྲ་ཤིས་ཡིན་པས་ཀརྨ་བཀྲ་ཤིས་ཞེས་པ་ནི་དངོས་མིང་དང་ཤེས་བྱ་ཀུན་ཁྱབ་ཏུ་ཀར་ཤོད་ཀརྨ་བཀྲ་ཤིས་ཞེས་འབྱུང་བ་ནི་ཡུལ་གྱི་མིང་བཏགས་པ་སྟེ་རྫ་སྟོད་ཆོས་བཀྲ་ཤིས་ཞེས་པ་ལྟར་དུ་ཤེས་པར་བྱ། འཁྲུངས་པའི་དུས་ནི་དཔག་བསམ་ལྕུག་ཕྲན་ལས། རང་ལོ་མཁའ་མེར་སླེབས་པ་ཀུན་འཛིན་ལོའི། ཞེས་གསལ་བས་ཀུན་འཛིན་ནི་ལོ་རྒན་དྲུག་ཅུའི་ནང་གི་ས་བྱི་ལོ་ལ་གོ་བ་ཡིན། ས་བྱི་ལོར་རང་ལོ་མཁའ་མེ་སྟེ་སུམ་ཅུར་ཕེབས་པ་གསལ་ཞིང་། སི་ཏུ་པཎ་ཆེན་རབ་བྱུང་བཅུ་གཉིས་པའི་ས་ཡོས་1699ལ་འཁྲུངས་ཤིང་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་1774ལ་སྐུ་གཤེགས་པའི་བར་ལ་ས་བྱི་གཉིས་བྱུང་བ་ལས་སྔ་མའི་སྐབས་སུ་སི་ཏུ་པཎ་ཆེན་ཡང་དགུང་གྲངས་དགུ་ལས་མ་ཕེབས་པས་ཕྱི་མ་ཡིན་པ་ཐག་ཆོད་ཅིང་དེ་ཡང་རབ་བྱུང་བཅུ་གསུམ་པའི་ས་བྱི་1768ལ་ཁེལ། དེ་ནས་ལོ་ངོ་སུམ་ཅུ་ཕྱིར་ལྡོག་བྱས་པས་རབ་བྱུང་བཅུ་གཉིས་པའི་ས་ལུག་1739ལ་ཁེལ་བས་དེ་དུས་ཀར་ཤོད་ལྷ་བྲིས་པ་མཁས་ཆེན་ཀརྨ་བཀྲ་ཤིས་སྐུ་འཁྲུངས།  སྐབས་དེར་སི་ཏུ་པཎ་ཆེན་དགུང་གྲངས་བཞི་བཅུ་ལ་ཕེབས། དཔག་བསམ་ལྕུག་ཕྲན་ལས། ཕྲན་ཀརྨའི་བཙུན་པ་ཐ་ཤལ་ལས་ཀྱང་ཆེས་ཐ་ཤལ་བ། ཞེས་གསལ་བས་འདི་ཉིད་གདན་ས་ཀརྨ་དགོན་དུ་རབ་ཏུ་བྱུང་། ཆུ་གླང་1733ལོར་སི་ཏུ་པཎ་ཆེན་གྱིས་རང་ཉིད་ཀྱིས་སྐྱ་རིས་གནང་བའི་སྐྱེས་རབས་དཔག་བསམ་ཁྲི་ཤིང་ཐང་ཀ་སུམ་ཅུ་སྐོར་འབྲི་བའི་དབུ་ཚུགས། མེ་སྦྲུལ་1737ལོ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གྲུབ། དེ་ནས་ལོ་གཉིས་སོང་བའི་ས་ལུག་1739ལ་ཀརྨ་བཀྲ་ཤིས་འཁྲུངས།  སྐུ་ན་ཆུང་ངུའི་དུས་ནས་སི་ཏུ་པཎ་ཆེན་གཙོ་བོར་གྱུར་པའི་སློབ་དཔོན་བསྟེན་ནས་མཁས་པར་གྱུར་པ་སྟེ། དེ་ཡང་དཔག་བསམ་ལྕུག་ཕྲན་གྱི་མཆོད་བརྗོད་ལས།

མཁའ་ལམ་བྱ་ཁྱུང་སྔོན་མོས་མ་དྲངས་ཀྱང་། །

རྒྱལ་བསྟན་པད་ཚལ་བཞད་པའི་ཉིན་བྱེད་ནི། །

བསིལ་ལྡན་མཁས་དབང་ཡོངས་ཀྱི་མིག་གཅིག་པུ། །

ཆོས་ཀྱི་འབྱུང་གནས་བཀའ་དྲིན་འདིར་ཡང་དྲན། །

ཞེས་གསུངས་པ་ལས་ཀྱང་གསལ་ལ། དེ་བཞིན་དུ་འབེ་ལོ་ཙཱ་བས་མཛད་པའི་སི་ཏུ་པཎ་ཆེན་གྱི་རྣམ་ཐར་དུ་སློབ་ཆེན་དུ་བགྲངས་པས་ཀྱང་ཤེས་སོ། །

དགུང་གྲངས་སུམ་ཅུ་ལ་ཕེབས་པའི་སྐབས་སི་ཏུ་པཎ་ཆེན་གྱི་གསུང་བསྐུལ་ལྟར་སྐྱེས་རབས་ཞལ་ཐང་གི་བསྡུས་འགྲེལ་དཔག་བསམ་ལྕུག་ཕྲན་བརྩམས་པ་ཡིན་ཏེ། དཔག་བསམ་ལྕུག་ཕྲན་ལས།

དེ་ཡང་གང་གི་གསུང་ངོར་དང་། །

གཞན་དུ་བསོད་ནམས་འདུད་སླད་དུ། །

རྟོག་བརྗོད་དཔག་བསམ་ཁྲི་ཤིང་གི། །

བསྡུས་འགྲེལ་གོ་སླ་འདི་ན་འབྲི། །

ཞེས་གསུངས་པ་ལས་ཤེས་ཐུབ་པ་དང་། ལོ་དེའི་ཧོར་ཟླ་བཅུ་པའི་ནང་སི་ཏུ་པཎ་ཆེན་གྱིས་སློབ་དཔོན་དང་སྒྲོལ་དཀར་གྱི་ཉིན་ཐང་འབྲི་བཅུག་པར་གསལ་བས་སྐབས་འདིར་ཀརྨ་བཀྲ་ཤིས་ནི་མཁས་པ་ཆེན་པོར་བཞུགས་པ་གསལ་བོར་རྟོགས་ཐུབ།  ལྕགས་སྟག་1770ལོའི་བྱུང་བ་འཆད་སྐབས། ཀརྨ་བཀྲ་ཤིས་ཀྱིས་མར་པའི་ཐང་ཀ་གྲུབ་པ་མཇལ། སྦ་དར་བྱིན། ཞེས་དང་། ཀརྨ་བཀྲ་ཤིས་ཀྱི་ཉིན་ཐང་སྒྲོལ་དཀར་དང་ཨོ་རྒྱན་ཐང་སྐུ་ཕུལ།  ཞེས་གསལ་བས་སྐབས་འདི་ཤེད་ནས་ཀརྨ་བཀྲ་ཤིས་ཀྱིས་ཐང་སྐུ་མང་པོ་བཞེངས་པར་མཛད་པ་ཡིན་འདུག །ཆུ་སྦྲུལ་1773ལོའི་བྱུང་བ་འཆད་པའི་སྐབས་སུ། ཚེས་བཅུའི་ཉིན་པདྨ་ཀ་རཱ་དང་སྒྲོལ་དཀར་ཐང་སྐུའི་སྐྱ་རིས་ཕྱག་བྲིས་གྲུབ་ནས་ཀརྨ་བཀྲ་ཤིས་ཀྱིས་ཚོན་སོགས་བཏང་། ཞེས་གསལ་བས་འདི་ཙམ་ནས་ཀརྨ་བཀྲ་ཤིས་པ་ལ་རྗེ་ཆོས་ཀྱི་འབྱུང་གནས་ནས་མཐོང་ཆེན་གནང་སྟེ་རང་ཉིད་ཀྱིས་ཐང་སྐུ་བཞེངས་པ་རྣམས་ཀརྨ་བཀྲ་ཤིས་ལ་མཚོན་གཏོང་བ་དང་། མཇུག་སྐྱོང་བ་སོགས་བྱེད་དུ་བཅུག་ཡོད།  དེ་ལྟ་བུའི་སྒྱུ་རྩལ་ལ་དབང་ཐོབ་པའི་སྐྱེས་ཆེན་འདི་ཉིད་ཀྱི་མཛད་རྗེས་དང་བུ་སློབ་སོགས་ནི་གོང་གི་དཔྱད་གཞི་དེ་དག་ལས་ཕྱོགས་ཙམ་དཔོགས་པར་བྱེད་པ་ལས་ཞིབ་ཆའི་ཁུངས་གཞན་དུ་བཙལ་བར་བྱ་ལ། སྐུ་ཚེ་ཇི་ཙམ་བཞུགས་པའི་ཁུངས་ཡང་མིག་སྔར་མི་གསལ་བས་ཕྱིས་སུ་ཞིབ་ཏུ་དཔྱད་ཅིང་བཙལ་བར་བྱའོ། །

སྤྱིར་སི་ཏུ་པཎ་ཆེན་གྱི་སློབ་མར་གྱུར་པའི་ལྔ་རིག་སྨྲ་བ་མང་དུ་ཡོད་ཅིང་། ཁྱད་པར་དུ་བཟོ་རིག་ཀྱི་ཐད་ལ་མཁས་པ་རྗེ་སྟོད་ལྷ་བཟོ་ཚེ་དབང་གྲགས་པ། སྤྲུལ་སྐུ་བ་འཕྲིན་ལས་རབ་འཕེལ། གཤིས་པ་ཚེ་བརྟན་སོགས་མང་དུ་བཞུགས་ཀྱང་ཀརྨ་བཀྲ་ཤིས་འདི་ཉིད་པཎ་ཆེན་རང་གི་ཐུན་མོང་མིན་པའི་སྒྱུ་རྩལ་གྱི་བརྒྱུད་འཛིན་པ་ལྟ་བུར་གྱུར་ཡོད་པ་ནི་རྣམ་ཐར་ལས་ཀྱང་ཤེས་ཐུབ་ཅིང་། རྒྱལ་དབང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེས།

ཀུན་མཁྱེན་མཆོག་གི་ཕྱག་བྲིས་རྒྱུན་བཟང་པོ། །

མདོ་སྨད་ཕྱོགས་ནས་ཕྱིས་དུས་ཀར་བཀྲས་སོགས། །

ཕུན་སུམ་ཚོགས་པའི་རི་མོའི་དཔལ་འཛིན་ཅིང་། །

ཞེས་བསྔགས་པར་མཛད་པ་ལས་ཀྱང་གསལ་བར་མཐོང་ཐུབ། དེས་ན་ཀར་ཤོད་པ་ཀརྨ་བཀྲ་ཤིས་ཀྱི་ཕྱག་རྒྱུན་ནི་ཀུན་མཁྱེན་བླ་མ་ཆོས་ཀྱི་འབྱུང་གནས་ཀྱི་སྒྱུ་རྩལ་གྱི་རྒྱུན་དེ་ཉིད་ཡིན་པས་ཕྱིས་སུ་ཕྱག་རྒྱུན་འདི་ཉིད་ལ་སྒར་བྲིས་གསར་མ་དང་། ཀར་ཤོད་པ་ཀརྨ་བཀྲ་ཤིས་ཡང་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་དང་། ལྷ་ཆེན་ཆོས་བཀྲ་ཤིས་གཉིས་ལྟར་ལྷ་བྲིས་སྒྱུ་རྩལ་གྱི་ཐད་ནས་འབུར་དུ་ཐོན་པའི་མཛད་རྗེས་བྱུང་བར་བཀྲ་ཤིས་རྣམ་གསུམ་ཞེས་བརྩི་བའི་སྲོལ་བྱུང་བར་ངེས། སྤྱིར་ལོ་རྒྱུས་ཀྱི་ཐ་སྙད་གང་ཡིན་ཀྱང་དེ་ཉིད་བྱུང་བའི་དུས་རིམ་གསལ་བོར་གཏན་ལ་འབེབས་ཐུབ་པ་ཧ་ཅང་གལ་ཆེ་ནའང་སྒར་བྲིས་མཁས་པ་བཀྲ་ཤིས་རྣམ་གསུམ་ཞེས་པའི་ཐ་སྙད་འདི་དུས་ཚོད་ནམ་ཙམ་ནས་བྱུང་བ་གསལ་བོར་འཆད་མ་ཐུབ་པས་ཕྱི་རབས་པའི་བགོ་སྐལ་དུ་བཞག་ལ། འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་ཀུན་ཁྱབ་ཀྱི་ནང་དུ་འདི་གསུམ་ཀའི་མིང་འབྱུང་ཡང་བཀྲ་ཤིས་རྣམ་གསུམ་ཞེས་པའི་ཐ་སྙད་མ་གསུངས་ཤིང་། ཕྱིས་ཀྱི་གསར་རྩོམ་རྣམས་ཀྱི་ནང་དུ་བཀྲ་ཤིས་རྣམ་གསུམ་ཞེས་པའི་ཐ་སྙད་འབྱུང་བ་དེ་དག་གི་ཁུངས་གང་ལ་བརྟེན་པ་ནི་མ་མཐོང་ངོ་། །

ལོ་རྒྱུས་རིག་གཞུང་རྒྱ་ཆེན་ནམ་མཁའི་མཐོངས། །

ལུང་རིགས་གཤོགས་པའི་ཤུགས་ཀྱིས་བཅད་པ་ལས། །

འཁྲུལ་མེད་དོན་གྱི་བདེན་པ་འདི་འོ་ཞེས། །

སྨྲ་བའི་སྤོབས་པ་གངས་ཅན་དབུས་ན་དགེ། །

ཞེས་བྱ་བ་ཡང་སྤྲོ་བ་བསྐྱེད་པའི་ཚིགས་སུ་བཅད་པའོ། །

དེ་ལྟར་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲིས་ཀྱིས་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གྱི་ནང་ནས་གསར་གཏོད་གནང་བའི་ལྷ་བྲིས་སྒྱུ་རྩལ་དེ་ཉིད་རྗེ་ཆོས་དབྱིངས་རྡོ་རྗེའི་བར་དུ་རྒྱུན་མ་ཆད་པར་བརྒྱུད་འཛིན་དང་འཕེལ་རྒྱས་བྱུང་བ་དང་། རྗེ་ཆོས་དབྱིངས་རྡོ་རྗེས་སྔར་ལས་ལྷག་པའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་རི་མོའི་འགྲོས་སོགས་གནང་བ་དང་། དེ་རྗེས་རྗེ་སྟོད་ལྷ་ཆེན་ཆོས་བཀྲ་ཤིས་ཞེས་སྤྲུལ་པའི་ལྷ་བཟོར་གྲགས་པའི་སྐྱེས་ཆེན་དེ་ཉིད་བྱོན་པ་དང་། སླར་ཡང་གནས་ལྔ་རིག་པའི་པཎ་ཆེན་འཇམ་མགོན་བླ་མ་ཆོས་ཀྱི་འབྱུང་གནས་བྱོན་ཏེ་སྔ་མ་རྣམས་ཀྱི་སྒྱུ་རྩལ་གྱི་བཅུད་བསྡུས། ཉམས་འགྱུར་སྔ་མ་ལས་ཁྱད་པར་དུ་འཕགས་པ་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་ཕྱག་བྲིས་ལྟར་མཛད་ནས་ངོ་མཚར་བའི་བྲིས་རྒྱུན་ཀར་ཤོད་པ་ཀརྨ་བཀྲ་ཤིས་ཀྱིས་བརྒྱུད་འཛིན་མཛད་དེ་བྱུང་བ་ལ་ཀརྨའི་སྒར་བྲིས་ཞེས་ཡོངས་སུ་གྲགས་པ་དེང་གི་དུས་སུ་ཡང་བྱིན་ཆགས་ཤིང་ཡིད་འཕྲོག་པ། དྭངས་བ་འདྲེན་ཞིང་ངོ་མཚར་སྐྱེ་བའི་སྒྱུ་རྩལ་གངས་ཅན་གྱི་རྒྱན་དུ་གྱུར་པ་འདི་ཉིད་དོ། །

སྣ་ཚོགས་ཚིག་ཕྲེང་ཧྲུལ་པོའི་ལྭ་བ་ཡིས། །

དོན་གྱི་ལང་ཚོ་སྒྲིབ་པར་མ་བྱས་པའི། །

ཡུལ་དུས་བྱུང་བ་གསལ་བའི་ལེགས་བཤད་ཆབ། །

དོན་གཉེར་ཡི་ག་གསོ་བའི་བདུད་རྩིར་གྲུབ། །

ཞེས་བྱ་ཡང་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

སྤྱིར་ཀུན་མཁྱེན་བླ་མ་ཆོས་ཀྱི་འབྱུང་གནས་ཀྱི་བུ་ཆེན་ཀརྨ་དགོན་པའི་གྲྭ་ཀརྨ་བཀྲ་ཤིས་འདི་ལ་ཀར་ཤོད་ཀརྨ་བཀྲ་ཤིས་ཞེས་པའི་མཚན་ཤེས་བྱ་ཀུན་ཁྱབ་ཏུ་བྱུང་ཞིང་། སི་ཏུའི་རང་རྣམ་དང་དཔག་བསམ་ལྕུག་ཕྲན། དེ་བཞིན་དུ་རྗེ་བདུད་འདུལ་རྡོ་རྗེའི་གསུང་བཅས་པར་མི་སྣང་ཀྱང་འདི་ལས་གཞན་པའི་ཀརྨ་བཀྲ་ཤིས་ཞུ་བའི་ལྷ་བྲིས་མཁས་པ་ཆེན་པོ་བྱུང་བའི་ལོ་རྒྱུས་མི་གསལ་བ་དང་། ལྷག་པར་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ཀྱང་ཆོས་བཀྲ་ཤིས་ཀྱི་རྗེས་སུ་བྱུང་བར་གསུངས་པས། རྗེ་སྟོད་པ་ཆོས་བཀྲ་ཤིས་ནི་ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་སློབ་མ་ཡིན་པས་དེའི་རྗེས་སུ་བྱུང་ཚེ་སི་ཏུ་པཎ་ཆེན་གྱི་དུས་སུ་བྱུང་དགོས་པ་ལས་དེའི་སྔོན་དུ་བྱུང་ཚུལ་མེད་དེ། ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་1728ལ་གཤེགས་ཤིང་སི་ཏུ་པཎ་ཆེན་1699ལོར་སྐུ་འཁྲུངས་པས་སོ། །དེ་བས་ན་ཆོས་བཀྲ་ཤིས་ཀྱི་རྗེས་སུ་བྱུང་བའི་ལྷ་བྲིས་མཁས་པ་ཆེན་པོ་ཀརྨ་བཀྲ་ཤིས་ཞེས་པ་འདི་ལས་གཞན་ལ་ནོར་ས་མེད་པ་དང་། ཀར་ཤོད་ནི་གདན་ས་ཀརྨ་དགོན་གྱི་ཉེ་ཟུར་གྱི་ཡུལ་མིང་ཡིན་པ་ད་ལྟའང་ཡོངས་གྲགས་ལ། ཀརྨ་བཀྲ་ཤིས་འདི་ཉིད་གདན་ས་ཀརྨ་དགོན་པའི་གྲྭ་པ་ཡིན་པར་དཔག་བསམ་ལྕུག་ཕྲན་དུ་གསལ་བར་འབྱུང་བས་ཀར་ཤོད་ཀརྨ་བཀྲ་ཤིས་ནི་དོགས་པའི་གནས་ཙམ་ཡང་མེད་པར་རྗེ་ཆོས་ཀྱི་འབྱུང་གནས་ཀྱི་དངོས་སློབ་ལྷ་བྲིས་པ་གྲགས་ཆེན་ཀརྨ་བཀྲ་ཤིས་འདི་ཉིད་ཡིན་པར་གྲུབ་པ་ཡིན་ནོ། །

སླར་སྨྲས་པ།

མེས་པོའི་བྱུང་རབས་ཡིག་ཚང་རིན་ཆེན་མཛོད། །

ཚུལ་བཞིན་སྤྱོད་ལ་ཐོས་བརྩོན་བང་བུལ་བའི། །

དེང་རབས་གཞོན་སྐྱེས་གྲོང་མཐའི་སློང་མོ་བར། །

ལེགས་བཤད་ནོར་བུ་སྦྱིན་ནོ་དགའ་བར་གྱིས། །

 

དབེན་པའི་རི་ལ་ཚུལ་མཐུན་འཚོ་བའི་ཁྱུ། །

རིག་བཅུ་གཏེར་སྒོ་འབྱེད་པའི་ཚོགས་གྲལ་ན། །

ལུང་རིགས་བདུད་རྩིས་གསོས་པའི་སྐལ་བཟང་ཅན། །

གང་དེ་ལེགས་བཤད་ལེགས་པར་འཆད་ལ་དབང་། །

 

ཡ་རབས་མཛངས་སྤྱོད་ཉི་ཟླའི་འོད་ནུབ་ཅིང་། །

ལྷ་ཆོས་སྒྲོན་མེའི་ཟེར་གྱིས་མ་ཟིན་པའི། །

དུས་ཀྱི་སྐྱེ་བོ་ངན་སྤྱོད་མུན་པའི་ཀློང་། །

ཡང་ཡང་འགྲེ་ལྡོག་བྱེད་པ་ཡི་རེ་མུག །

 

རབ་འབྱམས་རྒྱལ་བའི་ཕྲིན་ལས་རྟག་པའི་ཁམས། །

དམར་སེར་མདངས་ཀྱིས་མཛེས་པ་དགེ་བའི་བཤེས། །

མཐོན་མཐིང་ཅོད་པན་འཛིན་པ་ཀརྨ་པའི། །

ཕྲིན་ལས་ཆ་ཡི་ཆ་ཙམ་སུ་ཡིས་གཞལ། །

 

སྣ་ཚོགས་རིག་པའི་གནས་ལ་འདྲིས་པ་དང་། །

ལེགས་བྱས་དགེ་བ་གོམས་པའི་རྟེན་འབྲེལ་དུ། །

ཆ་ཙམ་བརྗོད་ལས་ཐོབ་པའི་རྣམ་དཀར་ཆབ། །

གང་མཆིས་རྒྱལ་བསྟན་དར་བའི་དཔྱིད་དུ་ཤོག །

 

ཅེས་ཀརྨ་སྒར་བྲིས་ཞེས་ཡོངས་སུ་གྲགས་པའི་སྒྱུ་རྩལ་གྱི་རྒྱུན་འདི་ཉིད་ཇི་ལྟར་བྱུང་བའི་རབས་ཅུང་ཟད་གླེང་བ་འདི་ནི་སྒར་བྲིས་ལོ་རྒྱུས་ལ་མ་རྟོག་པ་དང་ལོག་པར་རྟོག་པའི་ཉེས་བཤད་མང་དུ་མཐོང་བས་རྐྱེན་བྱས། དེང་གི་དུས་སུ་སྒར་བྲིས་པ་ཧ་ཅང་མང་ནའང་སྒར་བྲིས་ཀྱི་ལོ་རྒྱུས་ཤེས་པ་ཉུང་བས་མ་དག་པ་རྒྱུན་འབྱམས་སུ་འགྲོ་བ་བསལ་བར་བྱ་ཕྱིར་ཡུལ་ཤུལ་བ་ཀར་ཚེས་ཡིག་ཚང་ཚད་ལྡན་དག་གུང་བསྒྲིགས་ཏེ་གསལ་བར་བྱས་པ་འདི་ཡང་བསྟན་པ་དང་འཇིག་རྟེན་དར་བའི་རྒྱུར་གྱུར་ཅིག། །།

 

ཀརྨ་དགོན་པའི་ལོགས་བྲིས་རྙིང་པ།

ཁམས་པ་དགོན་པའི་ཐང་ཀ་བྲིས་རྙིང་པ།

ཀརྨ་དགོན་པའི་ལོགས་བྲིས་རྙིང་པ།

ཀརྨ་དགོན་པའི་ལོགས་བྲིས་རྙིང་པ།

 

རྩོམ་ཐུང་འདི་དང་འབྲེལ་ཡོད་ཀྱི་དུས་ཚིགས་རེའུ་མིག །

ཀརྨའི་སྒར་ཆེན་འཛམ་གླིང་རྒྱན། 1644 ལོར་མཇུག་རྫོགས།
རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། 1604 1674
ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན། 1680 1728
ལྷ་ཆེན་ནམ་མཁའ་བཀྲ་ཤིས།། མི་བསྐྱོད་སྐུ་ཚེའི་སྨད། དབང་ཕྱུག་རྡོ་རྗེའི་སྐུ་ཚེའི་རིང་།
སི་ཏུ་པཎ་ཆེན། 1699 1774
ཀར་ཤོད་ཀརྨ་བཀྲ་ཤིས།  1739
དཔག་བསམ་ལྕུག་ཕྲན་བརྩམས་ལོ།  1768

 

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1015