སེམས་གཏམ་དངོས་མ་གློད་སྟངས།

  མགར་རྐང་།  རྫ་ཆུ་ཁ།
ཉེ་སར་གཅར་མ་ཡོང་།
ང་ལ་རྒྱུ་མེད།
འཇོན་ནུས་མེད།
ལྷག་ཏུ་གསོན་ཉམས་ལྡན་པའི་ལང་ཚོ་མེད།
ཉེ་སར་གཅར་མ་ཡོང་།
ང་ཆགས་སྲིད་ཀྱི་ཕུང་བོ་ཡིན།
ཉེས་ཅན་གྱི་བཙོན་པ་ཡིན།
ལྷག་ཏུ་སྡིག་ལྡན་གྱི་ནད་ནད་པ་ཡིན།
ཉེ་སར་གཅར་མ་ཡོང་།
ང་ལ་ཐོབ་ཐང་མེད།
རྒྱབ་ལྗོངས་མེད།
ལྷག་ཏུ་འབྱོར་ཕྱུག་མེད།
ཉེ་སར་གཅར་མ་ཡོང་།
ང་ཚེར་མ་ཡིན།
རྫུན་རྐྱལ་ཡིན།
ལྷག་ཏུ་སླུ་བྲིད་གཏོང་མཁན་ཞིག་ཡིན།
ཉེ་སར་གཅར་མ་ཡོང་།
ང་རྒྱུགས་ཁྱི་མིན།
ལོངས་སྤྱོད་མིན།
བདེ་སྐྱིད་མིན།
ལྷག་ཏུ་དཀོན་མཆོག་མིན།
ཉེ་སར་གཅར་མ་ཡོང་།
ང་མིག་ཆུ་ཡིན།
སྡུག་བསྔལ་ཡིན།
ལྷག་ཏུ་གད་སྙིགས་ཡིན།
ཉེ་སར་གཅར་མ་ཡོང་།
ང་ལ་གཞན་མི་དགོས།
གཞན་ལ་ང་མི་དགོས།
ང་འཁོར་བ་ལ་སུན་ཀི
ཝེ།   འཇིག་རྟེན་པ་ལགས།

ཞུ་འཕྲིན།

སྐད་འཕྲིན་ལས།
བུད་མེད་དག་གིས་ང་ལ་འཁྲབ་གཞུང་བརྩམས་པས།
ངས་བུད་མེད་དག་ལ་འཁྲབ་སྟོན་བྱེད་མྱངས་ཡོད།
དུས་རྒྱུན་དུ།
སྤྱིར་ན།
ངས་བུད་མེད་དག་ལ་འཁྲབ་སྟོན་མ་བགྱིས་ན་ཆོག་མོད།
བུད་མེད་དག་གིས་འཁྲབ་གཞུང་བརྩམས་པ་ལ།
ངས་བརྩི་བཀུར་མ་བྱས་ན་གཏན་ནས་མི་ཆོག
སྙིང་ཉེ་ལགས།
འདི་ལྟ་བུའི་བྱ་བ་སྒྲུབ་པ་ལ།
ཁྱོད་གཏན་ནས་ཁྱོད་ང་ལ་སུན་མི་ཉན།

    ཚོར་བ་དམར་མཆོད་བྱེད་སྟངས།

འཚོ་བ་ལ་ཀུ་རེ་བསླངས་སྐབས།
དྲན་པ་རླུང་བས་སྒུལ།
སྙིང་ཀ་རྡོ་བས་གས།
ཁྱོད་དང་འཕྲད་པའི་སྐལ་བ་ཧ་ཅང་དབེན་ནའང་།
སྙིང་ཉེ།
ངས་ད་དུང་ཚེ་སྲོག་གི་དབིགས་རྒྱུ་མ་འགག་བར་དུ།
ཟུང་ཁྲག་དམར་པོ་འཁྱུད་པས་རུས་པ་དཀར་པོའི་དུར་བྱང་།
ཁྱེད་ཀྱིས་འགྲམ་ནས་བསླངས་ན་འདོད།
མེད་མུག་གི་མྱ་ངམ་ཐང་ལ་བརྩེ་དུང་གི་ས་བོན།
རྡོ་རྗེ་བྲག་ཡིན་པས།
འུ་གཉིས་ལའང་།
སྐྱེ་བ་གཅིག་གིས་བརྩེ་དུང་གི་སྐལ་བ་ལོས་མཆིས།

འབྲོག་པ་ཚོའི་ཉིན་ཐོ།

དབྱར་གཞུང་སྐབས།
འབྲོག་པ་ཚོའི་ཉིན་གཅིག་གི་བྱ་བ་རོབ་ཙམ་གླེང་།
སྦྲ་ནང་ནས་འོ་མ་དཀྲུགས།
སྦྲ་མཐའ་ནས་རྩིད་པ་འཁེལ།
བྱིས་པ་ཚོས་བེའུ་འཚོས།
འཁོར་བ་ལ་སྙིང་བོ་མེད་པ་གླེང་ཞོར།
མ་ཎི་རེ་ཟླས་ནས།
མཚན་མོར་སྒོ་ཁྱིའི་ངར་ཟུག་དང་ལྷན་དུ།
རྨི་ལམ་གྱི་ཞིང་ཁམས་སུ་བུད་འགྲོ།
འབྲོག་པ་ཚོའི་ཉིན་གཅིག་གི་བྱ་བ་འདི་ལས་མ་འདས།

བུད་མེད་ངེད་གཉིས་བར་གྱི་མདོ།

ཧ་ཧ།
ངས་འདི་ནས་གནའ་རྐྱལ་བཞག་ནའང་།
བུད་མེད་ཞིག་ལ་འཁྲེལ་མེད་ཀྱི་བྱ་བ་གཅིག་ཀྱང་སྒྲུབ་མ་མྱོང་།
འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་།
རང་ཉིད་ཕོ་ལོ་ཉི་ཤུའི་སྒོ་ཐེམ་ལ་བརྒལ་མ་ཉེ་མོད།
བུད་མེད་ཞིག་ལ་འཁྲེལ་མེད་ཀྱི་བྱ་བ་གཅིག་ཀྱང་སྒྲུབ་མ་མྱོང་བ།
རང་ཉིད་ལ་མཚོན་ན་གཟི་བརྗེད་རེད་སྙམ་ཀྱེན་ཡོད།
སྙིང་གྲོགས།
ངས་བུད་མེད་དག་ལ་འཁྲེལ་མེད་ཀྱི་བྱ་བ་སྒྲུབ་ས་མ་ཆད་པ་མིན།
འོན་ཏེ།
ངས་བུད་མེད་དག་ལ་འཁྲེལ་མེད་ཀྱི་བྱ་བ་མ་སྒྲུབ་པ་ནི།
ངས་བུད་མེད་ལ་བརྩི་བཀུར་བྱེད་སྟངས་ཤིག་གམ།
མཐོང་ཆེན་བྱེད་སྟངས་ཡིན།
ངས་བུད་མེད་དག་ལ།
སྐྱེས་བ་འདིར།
འཁྲེལ་མེད་བྱེད་རྩིས་མེད།
འཁྲེལ་མེད་བྱེད་མི་དགོས་པའི་གསོལ་འདེབས་ཀྱང་བྱེད་ཀི་ཡོད།